ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ལ་དཔྱད་པ།

རིན་ཆེན་དཔལ་རྒྱལ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


【 ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིས་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་གྱི་སྒྲུང་གཏམ་ལས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དམིགས་སུ་བཟུང་ནས། དེའི་མཚོན་ཐབས་ཀྱི་ཁྱད་ཆོས་དང་བསམ་བློའི་ནང་དོན་ལ་དཔྱད་པ་བཏང་བའི་ཁར། དེའི་དགེ་སྐྱོན་ལ་དཔྱད་པ་ཅུང་ཙམ་བཏང་ཡོད།

【 བརྡ་ཆད་གཙོ་བོ།】 དངོས་ཡོད། མཚོན་དོན། སྒྱུ་འཕྲུལ

རྩོམ་རིག་ནི་འཛམ་གླིང་གི་མི་རིགས་སོ་སོ་དང་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་ཟམ་ཞིག་ཡིན་པའི་ཆ་ནས།དེའི་འཕེལ་རྒྱས་དང་གྲུབ་འབྲས་ཀྱིས་རྒྱལ་ཁབ་དང་མི་རིགས་གང་རུང་ཞིག་གི་ཤེས་རིག་དང་གསར་སྟོབས་ལ་ཚད་འཇལ་བྱེད་ཀྱིན་ཡོད།འཛམ་གླིང་འཁྲུག་ཆེན་གཉིས་པ་བྱུང་བའི་ཚུན་ལ།འཛམ་གླིང་གི་གནས་བབ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ།འཛམ་གླིང་གི་རྒྱལ་ཁབ་གསུམ་པ་ན་གནས་པའི་མི་རིགས་མང་ཤོས་ལ་ཆབ་སྲིད་ཀྱི་རང་དབང་ཐོབ་ནས་རིག་གནས་ཀྱི་ཁྱད་དབང་ཐོབ་པས།ལ་ཏེན་མེ་གླིང་ནས་འཛམ་གླིང་ཡོངས་རྫོགས་བསྐྱོམ་པར་བྱེད་པའི་“རྩོམ་རིག་འབར་གས་”ཀྱི་ལས་འགུལ་བྱུང་བ་དང་།ཆབས་ཅིག་ཏུ།སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་གྲུབ་འཐའ་དེས།མི་རིགས་རང་གི་གཉུག་མར་གནས་པའི་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ།རྩོམ་རིག་གསར་རྩོམ་གྱི་རྣམ་པས་འཛམ་གླིང་རྩོམ་རིག་གི་ཐང་ཡངས་ས་འདིར་གྲུབ་འབྲས་ཆེན་པོ་བླངས།འདི་ནི་ལོ་མང་པོའི་རིང་ལ་ནུབ་ཕྱོགས་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་དབང་སྒྱུར་འོག་གནས་པའི་ལ་ཏེན་མེ་གླིང་གི་མི་རིགས་རྣམས་ལ་མཚོན་ན་གཞན་ལ་ངོམས་རི་བའི་གཟི་བརྗིད་ཅིག་ཡིན་ལ།ནུབ་གླིང་གི་རྒྱལ་ཁབ་གཞན་དག་ལ་མཚོན་ན་ཡང་ཁས་མི་ལེན་ཐབས་མེད་ཀྱི་འབྲས་བུ་ཞིག་ཡིན་འདུག༡༩༦༧ལོ་ནས་༡༩༨༢་ལོའི་བར་གྱི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ལ་ཏེན་མེ་གླིང་དུ་ནའོ་པེར་རྩོམ་རིག་བྱ་དགའ་ཐོབ་མཁན་གསུམ་བྱུང་ལ།སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་འདིས།སྔར་ནས་གོམས་ཡོད་པའི་དངོས་ཡོད་རིང་ལུགས་དང་དེང་རབས་རིང་ལུགས་ཀྱི་གསར་རྩོམ་བྱེད་ཐབས་ལ་དོ་བཟླ་བྱས་པས།འཛམ་གླིང་ཡུལ་གྲུ་ཁག་ན་གནས་པའི་རྩོམ་པ་པོ་མང་པོས་དེ་ལ་ཚོད་ལྟ་བྱས་ཏེ་གསར་རྩོམ་གྱི་ལེགས་འབྲས་བསྐྱངས།


འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་འབྲེལ་འདྲེས་ཇེ་མང་དུ་སོང་བ་དང་བསྟུན་ནས་།རང་རྒྱལ་ལ་མཚོན་ན་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་དང་“རིག་གནས་གསར་བརྗེ་ཆེན་མོ”མཇུག་བསྒྲིལ་ནས།མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པའི་གནས་བབ་འོག་ཏུ།དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་ཅུ་བའི་མགོ་ལ།ཕྱི་ནང་རིག་གནས་ལ་མཁྱེན་རྒྱ་ཟབ་པའི་ན་གཞོན་འགའ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་རེད།དོན་གྲུབ་རྒྱལ་ནི་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་ལྟ་བུ་ཡིན་ལ།《ལང་ཚོའི་རྦབ་ཆུ》 དང《སྤྲུལ་སྐུ》 སོགས་ཀྱིས་མཚོན་པའི་རྩོམ་རིག་གསར་བའི་རླབས་རྒྱུན་དེས།“མི”ཉིད་ལྟེ་བར་བཟུང་ནས་མི་ཡི་དགའ་སྐྱོ་ཆགས་སྡང་དང་ཚོར་བ་བདེ་སྡུག་རྩལ་དུ་སྤྱུགས་པ་ན།བོད་ཀྱི་རྩོམ་རིག་གསར་བ་ཡང་མྱུ་གུ་འབུས་ཤིང་འཚར་ལོངས་བྱུང་བ་རེད།བར་སྐབས་དེར་ལ་ཏེན་མེ་གླིང་ནས་དར་ཡོང་བའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་གྲུབ་འཐའ་དེས་བོད་ཀྱི་རྩོམ་པ་པོ་རྣམས་ལ་སྒོ་གླེགས་གཞན་ཞིག་ཕྱེ་བྱུང་།སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ལས་བརྗོད་པའི་སྒྱུ་འཕྲུལ་གྱི་ས་བོན་དེ་བོད་པའི་རིག་གནས་ཀྱི་རྒྱབ་ལྗོངས་དང་མཐུན་ཆ་མང་དུ་མཆིས་ལ།བོད་ཀྱི་གསང་བ་བློ་འདས་ཀྱི་ལྷ་སྒྲུང་དང་ངག་རྒྱུན།སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་རྣམ་གཞག ད་དུང་ས་ཁམས་ཁོར་ཡུག་སོགས་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་འཕེལ་བའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་ཡོད་པས།དེ་ནི་བོད་ཀྱི་བརྩམས་སྒྲུང་པ་དག་ལ་མཚོན་ན་དབུགས་འབྱུང་ཐེངས་ཤིག་ཡིན་ལ།གསར་རྩོམ་ལ་བསྩལ་པའི་གོ་སྐབས་ཤིག་ཀྱང་རེད། སྟག་འབུམ་རྒྱལ་དང་ཚེ་རིང་དོན་གྲུབ།ཨ་སྨྱོན་སོགས་ནི་བོད་ཀྱི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་གསར་རྩོམ་བྱེད་མཁན་གྱི་ཐོག་མའི་གྲས་ཡིན་ལ།ཁོང་ཅག་གིས་བོད་ཀྱི་གདོད་མའི་བསམ་པའི་འཁྱེར་སོ་དང་གསང་བ་བློ་འདས་ཀྱི་གཏམ་རྒྱུད་དག་བརྗོད་བྱ་བྱས་ནས་བོད་ཀྱི་ཐུན་མིན་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་གཏམ་ལ་དབུ་ཁྱུད་བྲིས་པ་རེད།དེ་བས་བོད་ཀྱི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་དང་རྩོམ་པ་པོ་དང་བརྩམས་ཆོས་བྱེ་བྲག་པ།ཁྱད་པར་དུ་དེའི་འཕེལ་ཕྱོགས་དང་གནས་ཚུལ་ལ་ཞིབ་འཇུག་བྱེད་ཐུབ་ན་དགེ་མཚན་ཆེན་པོ་འདུག་སྙམ།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ནི་༡༩༦༧ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས་ཤིང་།༡༩༨༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ནས་དེ་གར་དགེ་བའི་བཤེས་གཉེན་མང་པའི་ཞབས་ལ་གཏུགས་ནས་བསླབ་བྱ་མང་པོ་སྦྱངས་པའི་དུས་མཚུངས་སུ།རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་བརྩམས་ཆོས་གང་མང་ལ་ལྟ་ཀློག་བྱས་པ་བརྒྱུད། ཚོད་ལྟའི་ཚུལ་དུ་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་འབྲི་བའི་མགོ་བརྩམས། ཁོང་གི་སྒྲུང་གཏམ་ལ་《སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ།》དང་ 《 གངས་ལྗོངས།རྣམ་ཤེས་ཀྱི་འཇིག་རྟེན།》སོགས་ཡོད་ལ། 《 སྤྱང་ཀི ལུག་རྫི་དང་ཁོའི་ཆུང་མ།》ལ་སྐབས་དང་པོའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ།

ལོ་རབས་བརྒྱད་ཅུ་བའི་སྐབས་ལ་བོད་ལ་སྒྲུང་གཏམ་འབྲི་བའི་དབུ་ཚུགས་ནའང་།སྐབས་དེའི་སྒྲུང་གཏམ་མང་ཆེ་ཤོས་ཀྱིས་རིགས་རྟོགས་ཀྱི་ཡུལ་ལས་འདས་བའི་ལྟ་བ་དང་བཤད་རྒྱུན།བསམ་པའི་འཁྱེར་སོ་སོགས་ནི་དགག་བཞག་དང་སུན་འབྱིན་གི་ཡུལ་དུ་བྱས་པ་ལས། དེ་དག་སྤྱི་ཚོགས་མཚོན་བྱེད་ཀྱི་ཐབས་སུ་འགྱུར་ཐུབ་མེད། ༡༩༩༣ལོའི་སྦྲང་ཆར་དེབ་དང་པོའི་སྟེང་དུ། 《 སྤྱང་ཀི། ལུག་རྫི་དང་ཁོའི་ཆུང་མ》སྤེལ་བ་ནས་བཟུང་སྟེ། གསང་བ་བློ་འདས་ཀྱི་ཆོས་ལུགས་ཀྱི་སྣང་ཚུལ་དང་འདུ་ཤེས་སོགས་ལ་དགག་བཞག་དང་སུན་འབྱིན་བྱེད་པའི་གཏམ་སྦྱོར་བསྐྱུར་ཏེ།གསང་བ་ཇི་བཞིན་རྩོམ་དུ་བཀོད་པའམ་གསང་བ་བློ་འདས་ཀྱི་དོན་དེ་དག་མཚོན་ཐབས་སུ་བྱེད་པའི་རྩོམ་རིག་གི་རླབས་རྒྱུན་བྱུང་།མ་གཞིར་དེ་ལ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་སྨོས་མེད་རེད།རྩོམ་རིག་གི་སྐབས་སུ་དད་མོས་དང་སྒྱུ་འཕྲུལ་གྱི་ཆ་འདི་དག་དངོས་ཡོད་དང་བདེན་རྫུན། ཡིན་མིན་གཙོ་བོ་མ་ཡིན་པར།གང་ཞིག་བདེན་པ་དང་དབྱེ་བ་མེད་པར་སྤྲོས་པར་བྱེད་པའི་རྩལ་དང་།དེ་བཀོལ་ནས་རྒྱུན་ལྡན་དངོས་ཡོད་ཀྱིས་བརྗོད་མི་ཐུབ་པ་གང་ཞིག་མཚོན་པ་དང་བརྗོད་ནུས་ན་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བྱེད་ནུས་ཐོན་པ་ཡིན་ལ།ཉིང་དགོས་ཀྱང་དེ་རེད།

སྒྲུང་གཏམ་འདིའི་ནང་དུ་བོད་ཀྱི་ཆོས་ལུགས་ཀྱི་སྣང་ཚུལ་ལས་མཐུ་དང་བཟློག་པ། ལབ་ཙེ་དང་སེར་སྲུང་།གཞི་བདག་དང་སྒོ་སྲུང་བཅས་ཀྱི་གསང་བ་རྩོམ་དུ་བཀོད་ཡོད།སྔགས་འཚང་གྲོ་ལོ་རྒྱལ་མ་ཚན་གྱིས་ལབ་ཙེ་བསྟད་པས་འབྲོག་སྡེ་ཁ་བཏགས་པ་དང་།ཆུང་མ་ཁམས་འཚོས་སྒྱེ་མོ་མཁའ་ལ་འཕྱར་ཏེ་སེར་བ་བཀག་པ།ཆོ་ལོས་སྤྱང་ཀི་ཞིག་བསད་པ་ཡུལ་ལྷ་སྲིན་པོ་རྫ་རྒན་གྱི་སྒོ་ཁྱི་ཡིན་པས་མཚན་དེར་ཁོང་ཚང་གི་ལུག་ཁྱུར་སྤྱང་ཀི་བརྒྱུགས་ཏེ་ཏག་ཏག་ཤ་གཟན་བཅུ་བསད་པ་བཅས་ཀྱི་ངོ་མཚར་བ་ཞིག་རྩོམ་ནང་བཀོད་ཡོད། ཡང་ཁོང་གི་སྒྲུང་གཏམ 《 གངས་ལྗོངས། རྣམ་ཤེས་ཀྱི་འཇིག་རྟེན》 རུ་བོད་མིའི་སྐྱེ་བ་སྔ་ཕྱིའི་བསམ་པའི་འཁྱེར་སོའི་གསང་བ་ཞིག་རྩོམ་ནང་འཁོད་ཡོད། དགེ་བོའི་ཆུང་མ་རི་མོ་ཚེ་ལས་འདས་རྗེས་ཕྱིར་རང་གི་ཆོས་སྒྲོན་བུ་ནོར་བཟང་རུ་སྐྱེས་ནས། རང་ཉིད་རི་མོ་ཡིན་པ་དང་།ཡུལ་ན་དགེ་བོ་དང་བཀྲ་ཁོ་ཡོད་ཅེས་སྨྲ་བའི་བོད་ཡུལ་ན་ས་ཁྱབ་རྡོ་ཁྱབ་ཀྱི་དར་བའི་འཚོ་བའི་སྣང་ཚུལ་ཞིག་རྩོམ་ནང་བྲིས་ཡོད།སྤྱིར་སྣང་ཚུལ་འདི་ལྟ་བུ་ནི་བོད་ཀྱི་ཡུལ་ན་མཚོན་ན་ཆེས་སྤྱིར་བཏང་བ་ཞིག་དང་རྒྱུན་ལྡན་དུ་རློམ་པའི་སྣང་ཚུལ་ཞིག་ཡིན་ཡང་།སྔོན་མ་ཡིན་ན་ཆོས་ལུགས་ཀྱི་ལྟ་བ་འདི་དག་ནི་རྨོངས་དད་ཀྱི་ལས་སུ་བརྩིས་ནས། དེ་དག་ལ་དགག་བཞག་དང་སུན་འབྱིན་གྱི་བགྱི་བ་ལྷུར་བླངས་ཡོད། འོན་ཀྱང་།ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྲུང་གཏམ་འདི་གཉིས་ཀྱི་ནང་དུ་བོད་རང་ས་རང་ཡུལ་གྱི་རིག་གནས་དང་འཚོ་བའི་སྣང་ཚུལ་དག་ལ་བདེན་རྫུན་གྱིས་དབྱེ་འབྱེད་མ་བྱས་པར།ཡ་མཚར་བའི་འཚོ་བའི་སྣང་ཚུལ་ཇི་བཞིན་རྩོམ་དུ་བཀོད་པ་ནི་རྩོམ་རིག་སྤྱིའི་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན་ཐོད་བརྒལ་ཞིག་ཡིན་འདུག

“རྩོམ་རིག་བརྩམས་ཆོས་ནི་རྩོམ་པ་པོའི་གསར་རྩོམ་གྱི་འབྲས་བུ་ཡིན་པས། དེ་ལས་ཕྱིར་མངོན་པའི་སྒྱུ་རྩལ་གྱི་མཛེས་བ་ནི་དངོས་ཡོད་རང་སྟེང་ལས་ཀྱང་སྣ་འཛོམས་ལྡན”ཟེར་བ་ལྟར།ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་བཞེངས་པའི་སྒྲུང་གཏམ་གྱི་འཇིག་རྟེན་གྱིས་བོད་པའི་འཚོ་བའི་ཁྲོད་ཀྱི་གསང་བ་བློ་འདས་ཀྱི་སྣང་ཚུལ་ཞིག་ང་ཚོར་གསལ་སྟོན་བྱས་ཡོད།འོན་ཏེ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ནི་དངོས་ཡོད་རིང་ལུགས་ཀྱི་རྨང་གཞིའི་སྟེང་བྱུང་བ་དང་།མཚོན་ཐབས་ཐད་དངོས་ཡོད་རིང་ལིགས་དང་མི་འདྲ་བར་ནུབ་གླིང་གི་དེང་རབས་རིང་ལུགས་ཀྱི་མཚོན་ཐབས་དང་ངོ་མཚར་བའི་ངག་རྒྱུན། ལྷ་སྒྲུང་སོགས་སྒྲུང་གཏམ་དུ་བཀོད་པ་ཡིན་ཡང་། ཁོང་གི་རྩ་དོན་ཉག་གཅིག་ནི་“དངོས་ཡོད་སྒྱུ་འཕྲུལ་དུ་བསྒྱུར་ཡང་དངོས་ཡོད་ཀྱི་རང་མདངས་མི་ཡལ་བ་དེ་རེད།” སྒྲུང་གཏམ་འདི་གཉིས་ནང་བཀོད་པའི་མཐུ་དང་བཟློག་པ་དང་བཅས་པའི་གདོད་མའི་བོན་ཆོས་དང་ཡང་ན་ཐུན་མིན་གྱི་སྐྱེ་མ་སྔ་ཕྱིའི་གསང་བ་བློ་འདས་ཀྱི་ཆ་འདི་དག་ནི་ལ་ཏེན་མེ་གླིང་ནས་དར་བའི་རིག་གནས་དང་རྣམ་རྟོག་གི་ཁྱད་ཆོས་དང་མཚུངས་ཀྱང་།སྒྲུང་གཏམ་འདི་གཉིས་ལ་ཧྲིལ་གྱིས་བལྟས་ན།རྩོམ་པ་པོས་དམིགས་གཏད་ས་ནི་གསང་བའི་འཚོ་བ་མཚོན་པ་དེ་ཡིན་པ་ལས།དེ་དག་ལ་འདའ་འགོངས་བྱས་ནས་ཕ་རོལ་གྱི་དོན་སྙིང་སྟོན་ཐུབ་མེད་སྙམ།རྒྱའི་རྩོམ་པ་པོ་ཧན་ཧྲའོ་ཀོང་གིས་“རྩོམ་རིག་ལ་རྩ་བ་ཡོད།རྩོམ་རིག་གི་རྩ་བ་ནི་སྲོལ་རྒྱུན་རིག་གནས་ཀྱི་རྐང་ལ་ཟུག་ཡོད་པ་ཡིན།རྨང་བརྟན་པོ་མིན་ན་ཡལ་འདབ་རྒྱས་དཀའ་བ་ཡིན”ཟེར་བ་ལྟར།བོད་ཀྱི་རྩོམ་པ་པོ་དག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཟིལ་མངར་བླངས་ནས། མི་རིགས་གཞན་གྱི་རྩོམ་རིག་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་གོ་རིམ་ཁྲོད་དུ།སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་དང་རྩ་དོན་ལྟར།བོད་ཀྱི་རིག་གནས་ཀྱི་ངོ་བོ་དང་སྤྱི་ཚོགས་ཀྱི་དངོས་ཡོད་རྣམ་པ་སྔར་ལས་གསལ་བའི་གསར་རྩོམ་བྱེད་ཐུབ་ན་ལྷག་ཏུ་བཟང་སྙམ། རྩོམ་པ་པོས་དངོས་ཡོད་ལ་གདོང་གཏད་ནས་དངོས་ཡོད་ཀྱི་དགོངས་དོན་མཐར་འཁྱོལ་མཛད་ཐུབ་ན་སྒྲུང་གཏམ་ཧྲིལ་བོར་སྔར་ལས་ལྷག་པའི་མཛེས་བ་སྐྲུན་ཐུབ་ངེས།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ་གྱི་སྒྲུང་གཏམ་ཁྲོད་ཀྱི་བྱུང་རིམ་དང་དུས་ཚོད།འུད་བརྗོད་དང་སྤྲོས་བརྗོད་སོགས་ལ་ད་དུང་སྲོལ་རྒྱུན་དངོས་ཡོད་རིང་ལུགས་ཀྱི་ཆ་ལྡན་མོད།སྒྲུང་གཏམ་ཁྲོད་ཀྱི་བོད་ཀྱི་རིག་གནས་ནང་ཡོད་པའི་གསང་བ་བློ་འདས་ཀྱི་ལྟ་ཚུལ་དང་།བོད་མིའི་འདུ་ཤེས་སོགས་ལས་བྱུང་བའི་ལྟ་བ།བོད་མའི་རིན་ཐང་ལྟ་ཚུལ།ངོ་མཚར་བའི་ཆོས་ལུགས་སྣང་ཚུལ་སོགས་མང་བས།ཁོའི་སྒྲུང་གཏམ་གྱིས་བོད་མིའི་སྲོལ་རྒྱུན་འདུ་ཤེས་ཀྱི་སྒོ་ནས་རྩོམ་རིག་གི་འཇིག་རྟེན་གསར་བ་ཞིག་བཞེངས་སྐྲུན་བྱས་ཡོད་པར་མ་ཟད། བོད་མི་བྱིངས་ཀྱི་བསམ་བློའི་འཁྱེར་སོ་དང་རིག་གནས་འདུ་ཤེས་ཤིག་ཀྱང་མཚོན་ཡོད་དོ།

དཔྱད་གཞིའི་ཡིག་རིགས།

༢ 《 བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ། 》 བདུད་ལྷ་རྒྱལ། གློག་རྡུལ་པར་དེབ།

༢ 《 སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ》 བན་དེ་མཁར་གྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༤པ།

༣ 《 འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས།》 ལྷག་པ་ཆོས་འཕེལ། བྱམས་པ་ཚུལ་ཁྲིམས། རྒྱལ་པོ་ཆུང་བདག དོན་གྲུབ་ཚེ་རིང་། ལྷ་བྱམས་བཅས་ཀྱིས་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༥པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1