དྲན་གདུང་དང་ཕངས་སེམས།སྟག་འབུམ་རྒྱལ་གྱི་སྒྲུང་གཏམ 《 རྒྱང་དུ་གྱེས་པ།》བཀླགས་པའི་མྱོང་སྣང་ཕྲན་བུ། དྲན་གདུང་དང་ཕངས་སེམས།

བཀྲ་ཤིས་དོན་འགྲུབ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


སྟག་འབུམ་རྒྱལ་ནི་བོད་རྩོམ་གསར་བའི་གར་སྟེགས་སུ་བརྩམས་སྒྲུང་གི་བ་དན་མཐོ་ནས་མཐོ་རུ་བསྒྲེངས་དང་སྒྲེང་བཞིན་པའི་རྩོམ་མཁན་གྲགས་ཅན་ཞིག་དང་།བརྩམས་སྒྲུང་གི་གྲངས་ཚད་དང་སྤུས་ཚད་གང་གི་ཆ་ནས་གླེང་རིན་དང་དཔྱད་རིན་ཡོད་པའི་གྲས་ཤིག་རེད།སྐབས་བབ་ཀྱི་གླེང་བྱ《 རྒྱང་དུ་གྱེས་པ།》 (2011ལོའི《 ཟླ་ཟེར》དེབ3 པའི་སྟེང་དུ་བཀོད་ཡོད།)ཞེས་པའི་བརྩམས་སྒྲུང་འདིར་མཚོན་ན། བསམ་བློའི་ནང་དོན་གྱི་ཆ་ནས་ཁོང་གི་བརྩམས་སྒྲུང 《 མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ།》དང《ནོར་རྫི་བྱིས་པ།》གཉིས་དང་འདྲ་བའི་ཆ་ཡོད་ན་ཡང་།མི་སྣའི་ནང་སེམས་ཀྱི་འགྱུར་བ་ཞིབ་འབྲིའི་ཆ་ནས་སྔ་མ་གཉིས་དང་མི་མཚུངས་པའི་ཁྱད་ཆོས་ལྡན་ཞིང་།ཁོང་གི་བརྩམས་སྒྲུང་ཡོངས་ཁྱབ་ཀྱི་ངོས་ནས་བལྟས་ན་རྩོམ་འདི་ནི་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ལ་འགྱུར་བ་བྱུང་བ་དང་བསྟུན་ནས་མི་སྣའི་བསམ་བློ་འགྱུར་ལྡོག་འབྱུང་མགོ་བརྩམས་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཀྱང་ཡིན་པར་སེམས་ཏེ། 《 མཁའ་དབུགས་རབ་རིབ་ཡིན་པའི་ས་སྲོད་ཅིག་ལ》ཡི་ཁྲོད་ཀྱི་གནའ་བཤད་ཨ་ཁུ་དང་ཁོའི་ཚ་བོ་ཁྲ་རིལ་གཉིས་དང་། 《 ནོར་རྫི་བྱིས་པ》ཡི་ཁྲོད་ཀྱི་ནོར་རྫི་བྱིས་པ་བཅས་ལ་མཚོན་ན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ནི་ལྷིང་འཇགས་ཀྱི་རྩྭ་ཐང་ཡིན་ལ་མི་སྣའི་སེམས་ཁམས་ཀྱང་དེ་བཞིན་སོས་དལ་བག་ཕེབས་དང་བློ་བདེ་གུ་ཡངས་ཤིག་གི་ངང་དུ་ཡོད་མོད།རྩོམ་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཁོའམ་ནོར་བུ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་དང་སེམས་ཁམས་ནི་དེ་ལས་ལྡོག་པ་ཞིག་དང་།ཡང་ཉེ་ཆར《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》སྟེང་མུ་འགོད་བྱས་ཚར་བའི་སྒྲུང་འབྲིང《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།》ཞེས་པའི་ཁྲོད་ཀྱི་ཚེ་སྐྱིད་དང་། 《 མཚོ་སྔོན་བོད་ཡིག་གསར་འགྱུར།》སྟེང་མུ་འགོད་བྱེད་བཞིན་པའི་སྒྲུང་འབྲིང《སྐྱབས་ལོ་དང་ཁོའི་རལ་བ།》ཡི་ཁྲོད་ཀྱི་སྐྱབས་ལོ་གཉིས་ལ་མཚོན་ན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་དང་སེམས་ཁམས་ནི་རྩོམ་འདིའི་མི་སྣ་ཁོའམ་ནོར་བུ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་དང་སེམས་ཁམས་ལས་ཀྱང་ཛ་དྲག་ཅིག་གི་ངང་དུ་ཡོད་པས་ཕན་ཚུན་བསྡུར་བའམ་བལྟོས་པའི་སྒོ་ནས་དཔྱད་ན་རྩོམ་འདིའི་དགེ་བའི་ཆ་དེ་ཅུང་ཟད་རྟོགས་ཐུབ་པར་སྙམ་པས་གཤམ་དུ་སྐབས་བབ་ཀྱི་གླེང་བྱ་དངོས་ལ་འཇུག་པར་བྱ་སྟེ།

གཅིག རྩོམ་གྱི་ངོ་བོ།

རྩོམ་འདིར་མི་སྣ་གཙོ་བོ་ཁོའམ་ནོར་བུའི་དྲན་གདུང་དང་ཕངས་སེམས་ཤིག་ལས་བརྩམས་ཏེ་ཁོ་དང་ཚེ་རིང་སྒྲོལ་མ་གཉིས་བར་གྱི་བརྩེ་དུང་གི་གོད་ཆག་གམ་ཉམས་ཉེས་ཤིག་བྲིས་ཡོད་ལ།དེ་ཡང་གཙོ་བོ་ཐོག་མར་ཇི་ལྟར་ངོ་འཕྲད་ཚུལ་དང་བར་དུ་བརྩེ་དུང་གི་གོད་ཆག་འབྱུང་རྐྱེན་དང་མཐའ་མར་ཇི་ལྟར་ཁ་གྱེས་ཚུལ་བཅས་ལ་བརྟེན་ནས་རྩོམ་གྱི་མི་སྣ་གཙོ་བོ་ཁོའམ་ནོར་བུ་ཡི་སེམས་ཁམས་ཀྱི་འགྱུར་བ་མཚོན་པར་བྱས་ཤིང་།དེ་ལ་ཕྲ་རབ་ཞིབ་འབྲི་དང་མཚོན་དོན་སོགས་ཀྱིས་མཛེས་རྒྱན་སྤྲས་པ་ལ་བརྟེན་ནས་རྩོམ་གྱི་བསམ་བློ་དང་དགོངས་དོན་མཚོན་པར་བྱས་ཡོད།

གཉིས། སྒྱུ་རྩལ་གྱི་ཁྱད་ཆོས།

༡.མི་སྣའི་སེམས་ཁམས་ཀྱི་འགྱུར་བ་བྲིས་པ་གནད་དུ་ཐིངས་པ།

ཇི་སྐད་དུ།བརྩམས་སྒྲུང་ལེགས་ཤོས་ཤིག་ཡིན་ཚེ་ཁོའི་བསམ་བློའི་ནང་དོན་དེ་ཉིད་འཚོ་བའི་མཐིལ་དུ་ཕྱིན་ཡོད་པ་ཞིག་དང་། སྣང་ཚུལ་གྱི་སྨུག་སྤྲིན་བརྟོལ་ནས་རྩ་བའི་རང་བཞིན་ལ་བསྙབས་ཡོད་པ་ཞིག་དང་། མི་སྣའི་རྣམ་ཤེས་ལ་རེག་ཡོད་པ་ཞིག་ཡིན(1)ཞེས་པ་ལྟར།རྩོམ་འདིར་སྒྲ་ཡངས་པར་འཇུག་པའི་དབང་དུ་སོང་ན་མི་སྣའི་རྣམ་ཤེས་སམ་སེམས་ཀྱི་མྱོང་སྣང་བྲིས་པ་ཤིན་ཏུ་ངོ་མཚར་ཆེ་སྟེ།ཐོག་མར་ཇི་ལྟར་ངོ་འཕྲད་ཚུལ་ཏེ།རྩོམ་གྱི་མི་སྣ་ཁོའམ་ནོར་བུ་ཐེངས་དང་པོར་རྒྱ་སྲང་དུ་ལུག་བཙོང་དུ་ཡོང་དུས་ཁོའི་སེམས་ཁམས་དེ་ཤིན་ཏུ་སྐྲག་སྣང་དང་འཚབ་སྣང་ཞིག་གི་ངང་དུ་ཡོད་ལ།ཐ་ན་ཁ་ཆེ་བ་དག་གིས་ཁོའི་ལུག་གཉིས་ལ་ཤེད་མོང་ཨེ་ཡོད་ལྟ་དུས་ཁོའི་སྣང་ངོར་ལུག་ལ་རེག་རྒྱུ་མང་ན་ཤ་ཤེད་ལྷུང་ཨེ་འགྲོ་སྙམ་པའི་སེར་སྣ་ཞིག་ཀྱང་འདུག་པ།དེ་རྗེས་ལུག་ཚོང་རྒྱག་སའི་བཤས་ར་མཐོང་བས་ལྷག་པར་འཇིགས་སྣང་དང་སྙིང་རྗེ་ཞིག་མཉམ་དུ་སྐྱེས་མཐར་ལུག་གཉིས་ཀྱང་བཙོང་ཐག་མ་ཕོད་པར་ཕྱིར་ལྡོག་པའི་ལམ་དུ་ཞུགས་ཤིང་།ཡང་ལུག་གཉིས་མ་བཙོང་ན་ཁྱིམ་དུ་བཟའ་ཕྱེ་མེད་པས་གཅིག་ན་ཨ་ཕའི་མངགས་བཅོལ་དང་གཉིས་སུ་རང་གི་ཡོང་དོན་མ་འགྲུབ་པས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཞིང་།སྒེར་ཚོང་ཁྲོམ་རའི་ཕྱོགས་སུ་རང་སྡེ་གཅིག་པའི་ཡུལ་མི་རེར་སྒོར་མོ་རེ་བསྐྱི་ཐབས་ཨེ་རྙེད་འཚོལ་བའི་སྐབས་སུ་ཁོའི་སྣང་ངོར་སྒོར་མོ་མེད་དུས་སུ་སྒེར་ཚོང་ཁྲོམ་ར་ཡང་རང་དང་འབྲེལ་བ་ཅི་ཡང་མེད་པའི་མཁར་གོག་ཅིག་ལས་མ་འདས་ལ།རང་ཡང་སྒེར་ཚོང་ཁྲོམ་ར་དང་འབྲེལ་བ་ཅི་ཡང་མེད་པའི་མི་ལྷག་མ་ཞིག་ལས་མེད་པའི་སེམས་འཚབ་ཅིག་སྐྱེས་ཤིང་།ཧ་ཅང་འ་ཆད་འུ་ཐུག་དང་ནུས་མེད་ཉམ་ཆུང་ཞིག་གི་ངང་ན་ཡོད་དུས་སྟེས་དབང་གིས་སྐྲ་བཞར་ཁང་གི་སྒོ་ནས་ཉེ་སྔོན་རང་དང་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཚེ་རིང་སྒྲོལ་མ་དང་ཐེངས་དང་པོར་ངོ་འཕྲད་པ་རེད།ཐོག་མར་ཁོ་མོར་ངོ་འཕྲད་དུས་ཀྱི་ཁོའི་སེམས་ཁམས་དེ་དེ་བཞིན་འཇིགས་སྣང་དང་བྲེལ་འཚུབ་ཅིག་གི་ངང་དུ་ཡོད།བར་དུ་བརྩེ་དུང་གི་གོད་ཆག་འབྱུང་རྐྱེན་ཏེ།ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཐེངས་དང་པོར་སྐྲ་བཞར་ཁང་དུ་ཐུག་དུས་ཐོག་མར་ཁོའི་སེམས་ལ་དྲན་པ་ནི“གང་ལྟར་ཁྱོད་ཀྱིས་སྐྲ་བཞར་མཁན་ཞིག་བྱེད་དགོས་མི་འདུག་ཨང”ཞེས་པ་དང“ངོ་མ་བཤད་ན་ཁོའི་སེམས་ན་ཡོད་པའི་བག་ཆགས་ཀྱང་སྔར་བཞིན་དུ་མགར་བྱེད་པ་དང་ལྷམ་བཟོ་བ།སྐྲ་བཞར་བ་བཅས་ནི་ཆེས་ཐབས་སྡུག་གི་ལས་ཀ་ཞིག་རེད་པས་ཁོ་མོ་ལྟ་བུ་མི་ཀུན་གྱིས་ཡིད་སྨོན་བྱེད་ཀྱིན་པའི་བུ་མོ་ཞིག་གིས་གཉེར་མི་འོས་པ་དེ་རེད”ཅེས་པ་དང་།བར་དུ་ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཐེངས་གཉིས་པར་ཐུག་དུས་སྐྲ་བཞར་ཁང་དུ་རྒད་པོ་ཞིག་གིས་བྱིས་པ་ཞིག་ཁྲིད་དེ་སྐྲ་བཞར་དུ་ཡོང་ཡོད་ལ་སྐབས་འདིར་རྒད་པོ་དེ་དང་ཁོ་མོ་གཉིས་ཀྱི་ཁ་བརྡ་བརྒྱུད་དེ་ཁོའི་སེམས་སུ་དྲན་པ་ནི“་་་་་་རང་ཉིད་ལ་མཚོན་ན་ཡང་ད་བར་དུ་མཐོང་བའི་སྐྲ་བཞར་མཁན་དག་ནི་སྨད་ཕྱོགས་ནས་ཡོང་བའི་རྒྱ་མི་ཕོ་མོ་འབྱོར་འཁོས་ཞན་པ་ཤ་སྟག་ཡིན་པ་ལས་རིགས་རྒྱུད་ཀྱི་ཐོབ་ཐང་ཡོད་པའི་མི་ཞིག་གིས་སྐྲ་བཞར་གྱི་ལས་གཉེར་གྱིན་པ་མཐོང་མ་མྱོང་ལ།ལྷག་པར་དུ་བོད་མི་ཞིག་གིས་འདི་ལྟ་བུའི་གདོལ་བའི་ལས་གཉེར་གྱིན་པ་གཏན་ནས་མཐོང་མ་མྱོང་བས་ཁོ་མོར་བཟུང་བའི་ལྟ་ཚུལ་ཡང་རིམ་བཞིན་འགྱུར་སོང་།ཁོ་མོས་སྐྲ་བཞར་བའི་ལས་ཀ་བྱེད་པ་ནི་ཧ་ཅང་འུ་ཐུག་གི་བྱ་སྤྱོད་ཅིག་ཡིན་པར་འདུག་ཅིང་ལས་ཀ་འདི་གཉེར་བའི་ལྟག་རྒྱབ་ཏུ་མི་ལ་སྨྲ་མི་ཕོད་པའི་གཏམ་རྒྱུད་བཙོག་པོ་ཞིག་ཅིས་ཀྱང་ཡོད་ངེས་སུ་འདུག་སྙམ་ནས་མིག་མདུན་གྱི་མི་འདི་ནི་སྔོན་ཆད་སློབ་གྲྭའི་ནང་དུ་ཀུན་གྱི་སྨོན་གཞིར་གྱུར་བའི་ཁོ་མོ་མིན་པའི་ཚོར་སྣང་བྱུང་།ཁོའི་སེམས་ལ་སྔོན་ཆད་ཁོ་མོར་མི་ཀུན་གྱིས་ཡིད་སྨོན་དང་བཅས་མངོན་ལྐོག་གང་རུང་དུ་རེ་འབོད་བྱེད་པའི་དུས་སུ་ཁོ་རང་ལྟ་བུ་ནི་མིག་ནང་དུ་ཡང་མི་འཇོག་ལ་ཐ་ན་མངོན་སུམ་འཛེམ་མེད་སྒོས་མི་མང་གི་ཁྲོད་ནས་དགེ་རྒན་ལ་ཞུ་གཏུགས་བྱས་པ་ཡིན་ཡང་།ད་ལྟ་གནས་བབ་སྡུག་པོ་འདི་འདྲ་ལྷུང་དུས་བསྐྱར་དུ་ཁོ་ལ་ངོ་གཡོག་གིས་འགྲིག་མཐུན་ཨེ་ཡོང་ལ་རེ་བ་བྱེད་ཀྱིན་འདུག་པར་མ་ཟད།ཐ་ན་ཁེ་ཉིན་དོན་མེད་དུ་ཁོ་རང་ལ་སྒོར་མོ་བསྐྱིས་པ་དེར་ཡང་དམིགས་ཡུལ་ངེས་ཅན་ཞིག་ཡོད་རྒྱུ་རེད་སྙམ་ནས་སེམས་ཧ་ཅང་མི་བདེ་བར་གྱུར་སོང”ཞེས་པ་དང་།མཐར་རྒད་པོ་དང་བྱིས་པ་གཉིས་སོང་རྗེས་སུ་ཁོས་བཏོན་པའི“ཁྱོད་རང་སྐྲ་བཞར་མཁན་ཞིག་མ་བྱེད་ན་མི་ཆོག་གམ”ཞེས་པའི་དྲི་བ་དེ་ཡིས“ཁོ་མོའི་ཤ་སྐྱིའི་གཏིང་རིམ་ནས་བརྡོལ་ཡོང་བའི་སྤྲོ་སྣང་གི་འཛུམ་མདངས་ཡོངས་རྫོགས་འཕྲལ་མ་ཉིད་དུ་ཕྱིར་བསྡུ་རུ་བཅུག་བྱུང”ཁོ་མོ་ཡང་ཅི་བྱ་གཏོལ་མེད་ཀྱིས་འུ་ཐུག་པའི་གནས་སུ་སྡོད་སྐབས་གཞར་ཡང་ཁོའི་སེམས་ལ་དྲན་པ་ནི“དོན་ངོ་མར་རང་ཉིད་ཀྱིས་ཀྱང་དེ་ལྟར་སེམས་ཁུར་བྱེད་དོན་ཅི་ཡོད་དམ། སྔོན་ཆད་ཁོ་མོ་ན་ཟླའི་ཁྲོད་ཀྱི་མེ་ཏོག་ལྟ་བུ་ཡིན་ཡང་ད་ལྟ་མི་ཐམས་ཅད་ཀྱི་མིག་ནང་དུ་མེད་ཅིང་དམན་སར་འཕེན་པའི་སྐྲ་བཞར་མཁན་ཞིག་རེད།ཆར་སྡོད་བྱེའུ་ཁ་སྐོམ་ན་ཡང་ས་ལ་བབས་པའི་ཆུ་མི་འཐུང་ཟེར་བ་མིན་ནམ།རང་ཉིད་ཀྱང་སྟག་ཤར་བ་ཞིག་ཡིན་པས་གཞན་ལ་དགོས་དུས་ལྷ་རྫས་དང་མི་མཁོ་དུས་གདོན་རྫས་བྱེད་དུ་གཞུག་དོན་མི་འདུག་སྙམ”ཞེས་པ་ལྟར་གང་ལྟར་ཁོའི་སེམས་ཁམས་དེ་འཁྲུལ་སྣང་ངམ་ཡང་ན་ཐེ་ཚོམ་ཞིག་གི་ངང་དུ་གྱུར་ཡོད་ལ།སྐབས་འདིར་ཁོ་མོར་ཐེངས་གཉིས་པར་ངོ་འཕྲད་དུས་ཀྱི་ཁོའི་སེམས་ཁམས་དེ་དེ་བཞིན་མཚར་སྣང་དང་འཁྲུལ་སྣང་ཞིག་གི་ངང་དུ་ཡོད།མཐའ་མར་ཇི་ལྟར་ཁ་གྱེས་ཚུལ་ཏེ།དེ་ལྟར་ཁོ་རང་ཚེ་རིང་སྒྲོལ་མ་དང་ཐེངས་གཉིས་ལ་འཕྲད་ཅིང་ལུག་གཉིས་ཀྱང་རིན་གོང་མ་འགྲིག་པས་མ་བཙོང་བར་ཕྱིར་སླེབས་ཉིན་ནས་བཟུང“ཁོའི་སེམས་གཏིང་ཞིག་ནས་ཉིད་ཀྱི་དངོས་པོ་ཅི་ཞིག་བོར་བརླག་ཏུ་གྱུར་སོང་བའི་སྣང་བ་ཞིག་དབང་མེད་དུ་སྐྱེས་བྱུང་ཞིང་།ཅི་བྱུང་མེད་པར་སེམས་ཡོངས་བློང་བློང་བོར་གྱུར་ཏེ་ལས་ཅི་ཡང་ལས་འདོད་མེད་ཅིང་ཟས་ཅི་ཡང་ཟ་མི་འདོད་པའི་ཚད་དུ་གྱུར་པ་མ་ཟད།ལྷག་པར་དུ་ཨ་ཕས་མིག་མདངས་དེ་ལྟ་བུས་ཁོ་ལ་གཟབ་ལྟ་བྱེད་པའི་ཚུལ་དེ་མཐོང་འཕྲལ་གང་བྱུང་དུ་ཚིག་པ་ཟ་ཡོང་བར་མ་ཟད་ཁྱིམ་པ་མི་སུ་ལ་ཡང་ཁ་བརྡ་བྱེད་མི་འདོད་པར་གྱུར”ལ།“ཁོ་རང་དགོང་མོ་མལ་སའི་ནང་དུ་ཉལ་ཡང་གཉིད་མི་ཡོང་བར་སེམས་སུ་རང་དབང་མེད་པར་ལུག་འཚོང་དུ་སོང་བའི་ཉིན་དེ་དག་ལ་ཚེ་རིང་སྒྲོལ་མ་དང་ཐུག་འཕྲད་བྱས་ཚུལ་དག་ཁོ་ན་དྲན་ཡོང་ལ།ཁོ་མོས་བཤད་པའི་སྐད་ཆ་དེ་དག་རང་ཉིད་དང་བར་ཐག་དེ་འདྲའི་ཉེ་ཞིང་དེ་འདྲའི་སྙན་པོ་ཡོད་པའི་སྣང་བ་ཞིག་ཤར་ཡོང་བར་མ་ཟད།ལྷག་པར་དུ་ཁོ་མོས་བཤད་པའི་དུས་རྟག་ཏུ་གང་བྱུང་ངང་ཁོ་ལ་ལྟ་དུས་ཀྱི་ཧ་ཅང་ཡིད་སེམས་བསྲེགས་པར་བྱེད་པའི་མིག་འོད་དེ་བདུད་ཀྱི་ཆོ་འཕྲུལ་བཞིན་མིག་ལམ་ནས་མི་ཡལ་བར་མངོན་ཡོང་འདུག”པས།ཁོ་ལ་མཚོན་ན་སྐབས་འདིར་ཨ་ཕའི་མངགས་བཅོལ་དང་ཡང་ན་ལུག་ལ་བཟོད་སྒོམ་དང་སྙིང་རྗེའི་སེམས་བྱུང་ཅི་ཡང་མེད་པར་རང་འགུལ་ངང་ཤ་གཟན་ཡ་རུ་འདྲ་བ་གཉིས་འབྲེང་བས་སྐེ་སྦྲེལ་བྱས་ཏེ་རྫོང་མཁར་དུ་ཁྱེར་ཞིང་།ལུག་གཉིས་བཙོང་དུས་ཀྱང་ཁ་ཆེ་བ་དག་གིས་སྔར་མུས་བཞིན་ལུག་ལ་ཤེད་མོང་ཨེ་ཡོད་ལྟ་དུས་ཁོའི་སྣང་ངོར་ལུག་གཉིས་ལ་ཤ་ཤེད་ལྷུང་འགྲོ་བར་སེམས་ཁུར་ཅི་ཡང་མེད་ལ་ཐ་ན་ལུག་གཉིས་ནི་ཕར་བཙོང་ཐུབ་ཚེ་ལུག་ནི་ཁོ་ཚོའི་ཡིན་པ་ལས་རང་དང་འབྲེལ་བ་ཅི་ཡང་མེད་པའི་ཚོར་བ་ཞིག་སྐྱེས་ཤིང་།ལུག་ཉོ་ཁ་ཆེ་བ་དག་ཀྱང་རང་གི་བསམ་དོན་ཇི་བཞིན་འགྲུབ་པར་བྱེད་པའི་སྐྱབས་མགོན་ལྟ་བུ་ཞིག་ཡིན་པའི་སྣང་བ་ཡང་ཤར།ལུག་གཉིས་བཙོངས་པའི་སྒོར་མོ་འཁྱེར་ནས་ཁོ་མོའི་ཕྱོགས་སུ་བསྐྱོད་དུས་སྒེར་ཚོང་ཁྲོམ་ར་དེ་ཡང་དེ་སྔ་དང་མི་འདྲ་བར་རང་དང་ཐག་ཉེའི་སྣང་བ་ཞིག་སྐྱེས་བྱུང་ལ་རང་ཡང་དེ་སྔ་དང་མི་འདྲ་བར་མི་ལྷག་མ་ལྟ་བུ་ཞིག་མ་ཡིན་པའི་སྣང་བ་ཞིག་སྐྱེས་མོད།ཁོ་མོར་མཚོན་ན་སྐྲ་བཞར་གྱི་ལས་ཀ་དེ་ནི“ཡུལ་མི་དག་གཏན་ནས་འཐད་ཀྱིན་མེད་པར་མ་ཟད་ད་དུང་ང་རང་ས་ཆ་ཆ་མེད་ཅིག་ལ་གནས་ལ་སྟེར་རྩིས་བྱས་བྱུང་།དེ་བས་ང་རང་འུ་ཐུག་སྟེ་མཐར་སྐྲ་བཞར་རྒྱུ་སྦྱངས་པ་ཡིན”ཞེས་པ་ལྟར་མ་གཞི་ནས་གནོན་ཤུགས་ཤིག་ལས་བསྐྱེད་པའི་སྒུལ་ཤུགས་དང་གདམ་ཀ་ཞིག་ཡིན་མོད།གདམ་ཀ་དེ་ནི་སླར་ཡང་གནོན་ཤུགས་གསར་བ་ཞིག་ཏུ་གྱུར་ཏེ་མཐར་ཁོ་དང་རྒྱང་དུ་གྱེས་སོང་ལ།ཁོ་མོ་ཐེངས་གསུམ་པར་ཁོ་དང་རྒྱང་དུ་གྱེས་པའི་ཁོའི་སེམས་ཁམས་དེ་དེ་བཞིན་དྲན་སྣང་ཞིག་གི་ངང་དུ་ཡོད།དེ་བས།ཐོག་མར་ཇི་ལྟར་ངོ་འཕྲད་ཚུལ་དང་བར་དུ་བརྩེ་དུང་གི་གོད་ཆག་འབྱུང་རྐྱེན་དང་མཐའ་མར་ཇི་ལྟར་ཁ་གྱེས་ཚུལ་བཅས་གང་ཡིན་ཁོའི་སེམས་ཁམས་ཀྱི་འགྱུར་བའི་སྟེང་ནས་མངོན་ཡོད་པ་རེད།

༢.ཕྲ་རབ་ཞིབ་འབྲི།

《 སྒྲུང་གཏམ་ལ་འཇུག་པའི་སྒོ།》ལས།བརྩམས་སྒྲུང་གསར་རྩོམ་གྱི་ཡུན་རིང་གི་ལག་ལེན་ཁྲོད། རྩོམ་པ་པོས་མཛེས་སྤྲས་དང་ལྡོག་མཚོན(烘托与反衬)གྱི་འབྲི་ཐབས་སྤྱོད་བཞིན་ཡོད་དེ། དེས་མི་སྣའི་སེམས་རྣམ་དང་སེམས་ཁམས་གྱ་ནོམ་པའི་སྒོ་ནས་ཞིབ་འབྲི་དང་།དོན་དག་ཅིག་གི་འབྱུང་འགྱུར་དང་འགྱུར་ཕྱོགས་ལ་གསོན་ཉམས་ལྡན་པའི་སྒོ་ནས་བཀྲམ་སྟོན་བྱས་ཐུབ་པར་མ་ཟད་ད་དུང་རྩོམ་པ་པོའི་ཡིད་སེམས་ཀྱང་མགུ་བར་བྱེད་པ་ཡིན་ཞེས་དང་།ཡང་དེ་ལས་དུས་རྒྱུན་གྱི་མཛེས་སྤྲས་དང་ལྡོག་མཚོན་གྱི་སྤྱོད་བྱར་གྱུར་པ་ནི་ཁོར་ཡུག་ཡིན(2)ཞེས་པ་ལྟར།རྩོམ་འདིར་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་སྟེ་བཤས་རའི་ནང་གི་འདུ་འགོད་དང་སྒེར་ཚོང་ཁྲོམ་རའི་ཕྱི་ཡི་འདུ་ལོང་། སྐྲ་བཞར་ཁང་གི་ནང་གི་བཀོད་པ། དེ་མིན་ལུག་གཉིས་བཤས་རར་ཚུད་དུས་ཀྱི་རྣམ་པ་བཅས་ཕྲ་རབ་ཞིབ་འབྲིར་བརྟེན་ནས་མི་སྣའི་ནང་སེམས་ཀྱི་འགྱུར་བ་དེ་ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་བརྩེ་དུང་གི་ལྡོག་ཕྱོགས་ནས་མཚོན་པར་བྱས་ཡོད་དེ། ཐོག་མར་ཇི་ལྟར་ངོ་འཕྲད་ཚུལ་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་འཇིགས་སྣང་ཞིག་གི་ངོར་གྲུབ་ཡོད་པ་དེ་བཞིན་བཤས་རའི་ནང་གི་འདུ་འགོད་མཐོང་བའི་སེམས་ཁམས་དང་སྒོར་མོ་མེད་དུས་སྒེར་ཚོང་ཁྲོམ་ར་ཉུལ་བའི་སེམས་ཁམས་དེ་ནི་འཇིགས་སྣང་དང་འཚབ་སྣང་ཞིག་གི་ངང་དུ་ཡོད་ལ།ཡང་བར་དུ་བརྩེ་དུང་གི་གོད་ཆག་འབྱུང་རྐྱེན་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་འཁྲུལ་སྣང་ཞིག་གི་ངོར་སིམ་ཡོད་པ་དེ་བཞིན་སྐྲ་བཞར་ཁང་གི་ནང་གི་བཀོད་པ་མཐོང་བའི་སེམས་ཁམས་དེ་ནི་མཚར་སྣང་དང་འཁྲུལ་སྣང་ཞིག་གི་ངང་དུ་ཡོད། དེ་མིན་ཡང་མཐའ་མར་ཇི་ལྟར་ཁ་གྱེས་ཚུལ་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་དྲན་སྣང་ཞིག་གི་ངོར་འཐིམས་པར་བྱས་ཡོད་པ་དེ་བཞིན་ཁོས་ལུག་གཉིས་བཙོངས་རྗེས་ལུག་གཉིས་བཤས་རར་ཚུད་དུས་ཀྱི་རྣམ་པ་མཐོང་བའི་སེམས་ཁམས་དེ་ནི་འབྲལ་གདུང་དང་དྲན་སྣང་ཞིག་གི་ངང་དུ་ཡོད། གཞན་ཡང་། རྩོམ་ནང་ཐོན་པའི་བཤས་ར་དང་སྒེར་ཚོང་ཁྲོམ་ར།སྐྲ་བཞར་ཁང་བཅས་གང་ཡིན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ཙམ་གྱི་ངོས་ནས་མ་བཞག་པར།རྩོམ་གྱི་མི་སྣ་ཁོ་རང་ཚེ་རིང་སྒྲོལ་མ་དང་ཐེངས་གཉིས་ལ་ཐུག་ཅིང་ཐེངས་གསུམ་པར་ཐུག་འཕྲད་མ་བྱུང་བའི་སེམས་ཁམས་ཀྱི་འགྱུར་བ་མི་འདྲ་བའི་ངོར་ཆུ་ལ་ཆུ་བཞག་པ་ལྟར་འཐིམས་པར་བྱས་ཡོད་པས།བཤས་ར་དང་སྒེར་ཚོང་ཁྲོམ་ར་དང་སྐྲ་བཞར་ཁང་བཅས་གང་ཡིན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ཅིག་ནས་ཡིད་བརྙན་གྱི་ངོ་བོར་འཕོས་པར་བྱས་པ་འདི་ཡང་རྩོམ་གྱི་དགེ་མཚན་ཆེན་པོ་ཞིག་ཡིན་པ་རེད། དེ་བས།“དེ་ཉིད་རྩོམ་གྱི་མཁའ་དབུགས་དང་མི་སྣའི་སེམས་ཁམས་འབུར་དུ་ཐོན་པའི་ཉིང་དགོས་ལ་འབྲེལ་ཏེ་ཡོད་པས་སྐྱོན་དུ་མི་སྣང་བར་དགེ་མཚན་དུ་སྣང་ནས་ཡོད”ཅེས་པ་ལྟར(3)རྩོམ་འདིར་ཕྲ་རབ་ཞིབ་འབྲི་ཡིས་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་དང་རྩོམ་གྱི་དགོངས་དོན་དང་རྩོམ་ཉམས་བཅས་གང་གི་ཆ་ནས་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད་ལ།ཕྲ་རབ་ཞིབ་འབྲི་མང་དུ་བྱས་ཡོད་པ་གང་ཡིན་དེ་དག་དང་འབྲེལ་མེད་དོན་གཞན་ནམ་ཡང་ན་ཡིག་ཚོགས་ཇེ་མང་དུ་གཏོང་བའི་རྒྱུར་མ་སོང་བར།གཙོ་བོ་ཁོ་དང་ཚེ་རིང་སྒྲོལ་མ་གཉིས་ཐེངས་གཉིས་ལ་ཐུག་ཅིང་ཐེངས་གསུམ་པར་ཐུག་འཕྲད་མ་བྱུང་བའི་ཁོའི་སེམས་ཁམས་དེ་ཚུལ་ཇི་ལྟ་བུ་ཞིག་གི་ངོར་ཡོད་པ་མཚོན་བྱེད་ཀྱི་ཡིད་བརྙན་ནམ་ཡང་ན་སྡོངས་གྲོགས་སུ་གྱུར་ཡོད་པ་རེད།

༣.མཚོན་དོན་གྱི་དོན་སྙིང་།

རྩོམ་འདིའི་མགོ་མཇུག་གཉིས་ནི་མཚོན་དོན་གྱི་དོན་སྙིང་ལྡན་པའི་ཚན་པ་གོང་འོག་གཉིས་ཀྱིས་གྲུབ་ཅིང་། ཚན་པ་གོང་མའི་ནང་དོན་འོག་མར་མཐུད་ཅིང་། ཚན་པ་འོག་མའི་ནང་དོན་གྱིས་གོང་མ་དྲངས་པ་ལ་བརྟེན་ནས་རྩོམ་གྱི་མགོ་མཇུག་བར་གསུམ་མམ་སྒྲིག་གཞི་གྲུབ་པར་བྱས་ཡོད་ལ།རྩོམ་གྱི་མགོ་མཇུག་གཉིས་ལ་བལྟས་པས་རྩོམ་གྱི་བར་རམ་ནང་དོན་དངོས་ཇི་ལྟར་གྲུབ་ཡོད་པའང་ཤེས་ཐུབ།དེ་ནི་གོང་དུ་སྨྲས་ཟིན་ལྟར་ལུག་རྫི་གཞོན་ནུ་ཞིག་གི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་ལེ་ཚན་གལ་ཆེན་ཞིག་སྟེ་བརྩེ་དུང་གི་གོད་ཆག་གམ་ཕམ་ཉེས་ཤིག་ཕྱིར་དྲན་གྱི་ཚུལ་དུ་བྲིས་པ་ཞིག་གོ། ཇི་སྐད་དུ། མཚོན་དོན་གྱི་དོན་སྙིང་གིས་བསམ་བློའི་གཏིང་ཚད་མཐོ་རུ་འདེགས་པ་སྟེ།མཚོན་དོན་གྱི་བྲོ་བ་མེད་པའི་བརྩམས་ཆོས་ཤིག་ལ་མཚོན་ན་བརྩམས་ཆོས་རང་སྟེང་ན་ཕྱི་རུ་མངོན་པའི་བརྗོད་དོན་ནི་ཡོད་ཚད་དོ(4)ཞེས་པ་ལྟར། རྩོམ་འདིར་མཚོན་དོན་གྱི་དོན་སྙིང་ལྡན་པའི“ཚགས་པར་རལ་བོ”དང“འཚུབ་མའི་རྒྱུ་ཕྱོགས”གཉིས་ཀྱི་སྟེང་ནས་རྩོམ་པ་པོའི་སེམས་འདུན་མཚོན་པར་བྱས་པ་མ་ཟད། རྩོམ་དངོས་གཞིའི་བརྩེ་དུང་གི་གོད་ཆག་གམ་ཕམ་ཉེས་ཀྱི་བསྟན་དོན་ལ་ད་དུང་བསྟན་དོན་རིམ་པ་ཞིག་སྦས་པར་བྱས་ཡོད།དེ་མིན་བརྩམས་ཆོས་ཧྲིལ་བོར་སྒྱུ་རྩལ་གྱི་རང་མདངས་མངོན་པར་བྱས་ཤིང་ཀློག་པ་པོར་ཡིད་འགུགས་ཀྱི་ནུས་པའང་ཐོན་པར་བྱས་ཡོད། རྩོམ་འདིའི་ཚན་པ་གོང་མ་ལ་མཚོན་ན།“གློ་བུར་བའི་འཚུབ་མ་ཞིག་ལྡང་སྟེ་ཚགས་པར་རལ་བོ་དེ་ས་རྡུལ་ཞིག་དང་ལྷན་དུ་ཁོའི་མདུན་ཐད་དུ་འཕངས་བྱུང” “ཚགས་པར་རལ་བོ་དེ་ཁོའི་མདུན་ཐད་དུ་ཐོན་འཕྲལ་སླར་ཡང་ཁོ་དང་འབྲལ་མི་འདོད་པ་ལྟར་ཕར་གཡོ་ཚུར་གཡོ་འགའ་བྱས་ཏེ་བསྐོར་རྒྱག་བྱེད་ཀྱིན་འདུག”ཅེས་པ་ལྟར་གློ་བུར་བའི་འཚུབ་མའི་ལྡང་ཕྱོགས་དེས་ཚགས་པར་རལ་བོ་དེ་ཁོ་དང་འབྲལ་མི་ཕོད་པའི་འབྲེལ་བ་ཞིག་གྲུབ་པར་བྱས་ཡོད་ལ།ཡང་ཚན་པ་འོག་མ་ལ་མཚོན་ན“བསེར་བུ་སྔར་བཞིན་ལྡང་གིན་འདུག་ཅིང་ཁོའི་མདུན་རོལ་གྱི་ཚགས་པར་རལ་བོ་དེ་ཡང་སྔོན་ལྟར་བསེར་བུས་བསྐྱོན་ཏེ་ཕར་ལ་འགུལ་ཙམ་དང་ཚུར་ལ་འགུལ་ཙམ་བྱས་ནས་གནས་གཅིག་ཏུ་སྡོད་མི་ཚུགས་ལ་ཡང་གནས་གཞན་དུ་འགྲོ་མི་ཕོད་པ་ལྟར་འདུག”ཅེས་པ་ལྟར་གོང་མའི་ནང་དོན་དང་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆ་ཡང་ཡོད་དེ་ཉིན་གཅིག་གི་ཉི་མ་ཕྱི་དྲོ་ཡོལ་མཚམས་སུ་ཁོས་ད་གཟོད་ཚགས་པར་རལ་བོ་དེ་མཐོང་བྱུང་ལ། མཐོང་བ་དེ་ཡང་སྟེས་དབང་ཞིག་དང་འདྲ་ལ་སྟེས་དབང་མ་ཡིན་པ་ཞིག་དང་ཡང་འདྲ།གང་ལྟར་ཚགས་པར་རལ་བོ་དེ་གས་གཉིས་སུ་བྱས་ཏེ་ཕྱི་ས་འདོར་བའི་སྟ་གོན་རྩོམ་སྐབས་ཁོས་ད་གཟོད་ཚགས་པར་རལ་བོའི་ཟུར་ཞིག་ནས་ཚེ་རིང་སྒྲོལ་མའི་མིང་དེ་མཐོང་བྱུང་ལ།ཡང་ཚགས་པར་རལ་བོའི་མར་ཞོལ་གྱི་ཟུར་ཞིག་ཏུ་ཁོ་མོའི་གླུ་གཞས་ཆེད་གཏོང་དགོང་ཚོགས་ཀྱི་གནས་ཚུལ་མང་བོ་ཞིག་ཀྱང“གསར་འགྱུར”བཞིན་མཐོང་བྱུང་བས་སྐབས་དེར་ཁོ་ལ་མཚོན་ན“ཕྱི་ས་དོར་ཁོམ་ཡང་མ་བྱུང་བར་ཧར་གྱིས་ཡར་ལངས་ཏེ་སྔར་མལ་དུ་བརྒྱུགས་ནས་ཚགས་པར་རལ་བོའི་ཕྱེད་ཀ་དེ་ཨེ་མཐོང་ལ་ལྟ་དུས་། དེ་ནི་སྔར་ནས་འཚུབ་མས་ཁུར་ཏེ་རྒྱང་རིང་གི་ས་རུ་སོང་ཚར་འདུག་ཅིང་། རྒྱང་རིང་ཏུ་མིག་གིས་མི་ཚུད་ཙམ་ན་འཚུབ་མའི་རྡུལ་ལོང་ཁྲོད་དཀར་ལྷབ་ལྷབ་ངང་ཡལ་ལ་ཉེ་བ་མཐོང་ངོ”ཞེས་པར་ལྟར་མཐར་ཚགས་པར་རལ་བོ་དེ་འཚུབ་མའི་རྡུལ་ལོང་ཁྲོད་ཁོ་དང་རྒྱང་ཐག་རིང་དུ་གྱེས་པ་རེད།

དེ་ལྟར་ཚན་པ་འོག་མའི་ནང་དོན་གྱིས་ཚན་པ་གོང་མ་དྲངས་ཏེ་ནང་དོན་དངོས་ལ་འཇུག་པར་བྱས་ཡོང་ན་དོན་དུ་ནི་གནས་ལུགས་ཤིག་དང་རེ་བ་ཞིག་བསྟན་ཡོད་དེ།དེ་ནི“ཚགས་པར་རལ་བོ”དེ་ནམ་ཡང“འཚུབ་མའིརྒྱུ་ཕྱོགས”དང་བསྟུན་ནས་མདུན་དུ་བསྐྱོད་ངེས་པ་ནི་ལྡོག་དུ་མེད་པའི་ལོ་རྒྱུས་ཀྱི་འཁོར་ཕྱོགས་ཆེན་པོ་ཞིག་ཡིན་པའི་གནས་ལུགས་ཤིག་དང་།“ཚགས་པར་རལ་བོ”དེ་ཁོ་དང་ནམ་ཡང་ལུས་དང་གྲིབ་མ་བཞིན་འགྲོགས་དགོས་ན་ཁོ་ལའང“ཚགས་པར་རལ་བོ”བཞིན་གཅིག་ན“འཚུབ་མའི་རྒྱུ་ཕྱོགས”དང་བསྟུན་ཤེས་པའི“མིག་དབང་གསར་བ”(新视觉)ཞིག་དང་གཉིས་སུ་འཚུབ་མའི་རྡུལ་ལོང་ཁྲོད་གནས་གང་དུ་འཁྱེར་ཡང“ཉེན་ཁར་མི་འཛེམ་པའི་སྙིང་སྟོབས”(冒险精神)ཤིག་ཅིས་ཀྱང་ལྡན་དགོས་པའི་རེ་བ་ཞིག་གོ།

གསུམ། རྩོམ་གྱི་བསམ་བློ་དང་དགོངས་དོན།

རྩོམ་འདིར་མཚོན་ན་རྩོམ་གྱི་བསམ་བློ་དང་དགོངས་དོན་དེ་གཙོ་བོ་མི་སྣའི་སེམས་ཁམས་ཀྱི་འགྱུར་བའི་སྟེང་ནས་མཚོན་པར་བྱས་ཡོད་དེ།ཐོག་མར་ཇི་ལྟར་ངོ་འཕྲད་ཚུལ་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་འཇིགས་སྣང་ཞིག་གི་ངོར་གྲུབ་ལ།བར་དུ་བརྩེ་དུང་གི་གོད་ཆག་འབྱུང་རྐྱེན་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་འཁྲུལ་སྣང་ཞིག་གི་ངོར་སིམ་ཞིང་།མཐའ་མར་ཇི་ལྟར་ཁ་གྱེས་ཚུལ་གྱི་སྟེང་ནས་ཁོའི་སེམས་ཁམས་དེ་དྲན་སྣང་ཞིག་གི་ངོར་འཐིམས་པར་བྱས་ཡོད་ལ།དེ་ཡང་མཐར་གཏུགས་ན་རྩོམ་གྱི་མི་སྣ་གཙོ་བོ་ཁོ་རང་ཚེ་རིང་སྒྲོལ་མ་དང་ཁ་གྱེས་པའི་དྲན་གདུང་དང་ཕངས་སེམས་ཏེ་བརྩེ་དུང་གི་གོད་ཆག་གམ་ཉམས་ཉེས་འབྱུང་རྐྱེན་ལ་ཐུག་ཡོད།ཡང་བརྩེ་དུང་གི་གོད་ཆག་གམ་ཉམས་ཉེས་འབྱུང་རྐྱེན་དག་མདོར་བསྡུས་ན་ཁོའི་རྗེས་ལུས་ཀྱི་བསམ་བློ་དང་ལྟ་ཚུལ་ཞིག་ལ་ཐུག་ཡོད་ལ།ཁོའི་རྗེས་ལུས་ཀྱི་བསམ་བློ་དང་ལྟ་ཚུལ་དེ་ཡང་མཐར་གཏུགས་ན་བོད་མིའི་རྗེས་ལུས་ཀྱི་བསམ་བློ་དང་ལྟ་ཚུལ་ཞིག་ལ་ཐུག་ཡོད།དེ་ནི་ད་གཟོད་རྩོམ་གྱི་བསམ་བློ་དང་དགོངས་གཞིའི་ཐོག་མའི་མགོ་རྩོམ་ས་ཡིན་ལ་མཐའ་མའི་མཇུག་བསྡུ་སའང་ཡིན་པ་རེད།ཡིན་ན་ཡང་རྩོམ་འདིའི་མཛེས་པ་གཙོ་བོ་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་བཀྲམ་སྟོན་ནམ་ཡང་ན“བར་ཆད་མྱོང་མཁན་གྱི་སྐྱོ་གདུང་གི་སེམས་པའི་བཀྲམ་སྟོན”(5)གྱི་སྟེང་ན་ཡོད་པར་སེམས།རྩོམ་གྱི་མི་སྣ་གཙོ་བོ་ཁོའམ་ནོར་བུ་ཡང་བོད་མིའི་བསྡུས་གཟུགས་ལྟ་བུ་ཞིག་སྟེ། “འདིའི་སྟེང་ན་ཁྱོད་ཀྱི་གཟུགས་བརྙན་ཡོད་ལ་ངའི་གཟུགས་བརྙན་ཡོད།ཁོའི་གཟུགས་བརྙན་ཀྱང་གསལ་བོར་ཡོད།དེར་མ་ཟད་མི་རིགས་ཤིག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་ངང་ཚུལ་ཐམས་ཅད་མངོན་པར་གསལ”(6)ཅེས་པ་ལྟར།སློབ་གྲྭ་འགྲིམས་མྱོང་ཞིང་ཡི་གེ་ཡང་ཤེས་པའི་ལུག་རྫི་གཞོན་ནུ་ཞིག་གི་གཟུགས་བརྙན་ནི་དོན་གྱིས་དེ་ལས་ལོག་པའི་ལུག་རྫི་རྒན་པ་དང་བྱིས་པ་དག་གི་གཟུགས་བརྙན་ཡང་ཡིན་པ་རེད།དེ་བས།ལུག་རྫི་གཞོན་ནུ་ནོར་བུའི་རྗེས་ལུས་ཀྱི་བསམ་བློ་དང་ལྟ་ཚུལ་ནི་དོན་གྱིས་བོད་མི་ཡོངས་ཀྱི་རྒྱུད་ན་ཡོད་པའི་རྗེས་ལུས་ཀྱི་བསམ་བློ་དང་ལྟ་ཚུལ་ཞིག་ཡིན་ལ།ལུག་རྫི་གཞོན་ནུ་ནོར་བུའི་དྲན་གདུང་དང་ཕངས་སེམས་ལས་ཐོན་པའི་སེམས་ཁམས་ཀྱི་འགྱུར་ཕྱོགས་དེ་ཡང་དོན་དུ་བོད་མིས་དངོས་ཡོད་འཚོ་བ་དང་ཡང་ན་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་བྱ་དངོས་གསར་བར་གདོང་གཏོད་སྐབས་ཀྱི་སེམས་ཁམས་ཀྱི་འགྱུར་ཕྱོགས་ཤིག་ཀྱང་ཡིན་པ་རེད།

རྩོམ་འདིར་སྟག་འབུམ་རྒྱལ་ཁོ་རང་གི་བརྩམས་སྒྲུང་ཡོངས་ཁྱབ་ཀྱི་ངོས་ནས་བལྟས་ན་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་དང་མི་སྣའི་སེམས་ཁམས་འགྱུར་ཕྱོགས་ཀྱི་སྟེང་ན་སྔར་རྩོམ《ནོར་རྫི་བྱིས་པ།》སོགས་དང་མི་འདྲ་བའི་དགེ་མཚན་དང་ཐོད་བརྒལ་གྱི་ཆ་ཆེན་པོ་ཡོད་ལ།དེ་མིན་རྩོམ་འདིར་གཏམ་རྒྱུད་ཀྱི་བྱུང་རིམ་ཙམ་དང་ཡང་ན་མི་སྣའི་གཤིས་ཀ་ཙམ་འབྲི་བ་གནད་དུ་མ་བཟུང་བར་གཙོ་བོ་མི་སྣའི་སེམས་ཀྱི་མྱོང་སྣང་འབྲི་བའི་ཆ་ལ་སྨྱུག་ཁ་རྩེ་གཅིག་ཏུ་གཏད་ཡོད་པས།ཕྲ་རབ་ཞིབ་འབྲི་དང་མཚོན་དོན་སོགས་གང་ཡིན་དེ་ཡི་ངོ་བོར་སིམ་ཞིང་དེ་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད་པས།རྩོམ་ཧྲིལ་བོའི་ངོས་ན་མི་སྣའི་སེམས་ཁམས་དེ་བློ་བདེ་གུ་ཡངས་ཤིག་གི་ངང་དུ་མེད་པར་ནམ་ཡང་ནང་སེམས་ཀྱི་འཇིགས་སྣང་དང་འཁྲུལ་སྣང་དང་དྲན་སྣང་སོགས་འགྱུར་བ་ཞིག་གི་ངང་ན་ཡོད་པའི་ཉམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་གྲུབ་པར་བྱས་ཡོད།

གཞན་ཡང་བརྩེ་དུང་གི་ཕམ་ཉེས་འབྱུང་རྐྱེན་ནི《 རྩྭ་ཐང་གི་ཉིན་ཐོ།》བཞིན་ཕ་ཡི་དབང་ཤེད་དང《སྡུག་གི་ལོ་མ་ཆང་གིས་བངས་པ་མིན།》བཞིན་མ་ཡི་དབང་ཤེད《ལམ་གྱི་ཉི་འོད།》བཞིན་འཚོ་སྡོད་ཀྱི་གནད་དོན་སོགས་གང་ཡང་མ་ཡིན་པར་བསམ་བློའི་གནད་དོན་ཞིག་དང་འབྱུང་ཡུལ་ཡང་བོད་ཀྱི་བརྩམས་སྒྲུང་བྱིངས་ཀྱིས་བརྗོད་པའི་བུད་མེད་དག་མ་ཡིན་པར་སྐྱེས་པ་ཕོ་ཡིན་པ་འདི་ཡང་བོད་རྩོམ་ཧྲིལ་བོའི་ངོས་ནས་བལྟས་ན་རྩོམ་མཁན་གྱི་འཇོན་ཐང་དང་རྩོམ་འདིའི་དགེ་མཚན་ཞིག་ཀྱང་ཡིན་པ་རེད།ལར་འཇིག་རྟེན་གྱི་བྱ་དངོས་གང་ཡིན་ངོས་གཅིག་བཟང་ཕྱོགས་སུ་མཐོང་ན་ངོས་གཞན་ཞིག་ཞན་ཕྱོགས་སུ་གྱུར་པ་བྱ་དངོས་གྲུབ་སྟངས་ཀྱི་ཆོས་ཉིད་ཡིན་པ་བཞིན་རྩོམ་འདིར་ཡང་ཞན་ཆ་མེད་པ་མ་ཡིན་མོད།རྩོམ་འདིའི་དགེ་མཚན་གྱི་ཕྱོགས་སམ་ངོ་བོ་ཆེ་དྲགས་པས་ཕྱོགས་གཞན་དེ་མཐོང་དཀའ་ཞིང་།ཡང་རྩོམ་འདིས་སྟག་འབུམ་རྒྱལ་ཁོ་རང་གི་བརྩམས་ཆོས་སྔ་མ་དག་གི་ཞན་ཆའམ་མི་འདང་བའི་ཆ་ལ་འདིར་ཡོ་བསྲང་དང་ཁ་གསབ་བྱས་ཐུབ་ཡོད་པས་དཔྱོད་པ་པོ་ལ་མཚོན་ན་རྩོམ་འདིའི་ཞན་ཆ་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། དེའི་ཚབ་ཏུ་དེ་འབྲེལ་གྱི་ཞན་ཆ་གཞན་ཞིག་གླེང་བར་འདོད་དེ། སྒྲུང་གཏམ་འདི་འགོད་སའི་དུས་དེབ《ཟླ་ཟེར།》ལ་མཚོན་ན་ལར་བོད་ཀྱི་གཞུང་གཉེར་རྩོམ་རིག་དུས་དེབ་དག་ལས་བལྟོས་འཇོག་གིས་ཤོག་གྲངས་དང་རྩོམ་ཁུངས་གང་གི་ཆ་ནས་ཧ་ཅང་ཉག་ཕྲ་བའི་གནས་སུ་ཡོད་ལ་ལྷག་པར་སྒྲུང་གཏམ་གྱི་ཐོན་ཁུངས་ནི་ཤིན་ཏུ་དཀོན་པའི་གྲས་ཤིག་རེད། སྟག་འབུམ་རྒྱལ་ལ་མཚོན་ན《སྦྲང་ཆར》གྱི་རྐང་འཛིན་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་ཁོང་གི་བརྩམས་ཆོས་མང་བོ་ཞིག་ཀྱང་ང་ཚོས་བོད་ཀྱི་རྩོམ་རིག་དུས་དེབ་ཆེ་གྲས《སྦྲང་ཆར།》 བརྒྱུད་དེ་ལྟ་ཀློག་བྱས་པ་ཡིན། ཉེ་ཆར《ཟླ་ཟེར།》སོགས་བོད་ཀྱི་རྩོམ་རིག་དུས་དེབ་གཞན་དག་གི་སྟེང་ནས་ཁོའི་བརྩམས་ཆོས་རེ་གཉིས་མཐོང་དུ་ཡོད་པ་ནི་ཤིན་ཏུ་དགའ་འོས་པའི་ཚོད་རེད།ལྷག་པར་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གསར་བ་རེ་ཨེ་ཐོན་ལ་རེ་བས་སྒུག་པའི་ཀློག་པ་པོ་རྣམ་དག་ཅིག་ལ་མཚོན་ན་དེ་ནི་དངོས་གནས་ལྟོགས་པའི་ཟས་དང་སྐོམ་པའི་ཆུ་ལྟ་བུ་ཡིན་མོད།མ་གཞིར་ཀློག་རིན་དང་དཔྱད་རིན་ཡོད་པའི་བརྩམས་སྒྲུང་འདི《 ཟླ་ཟེར།》བརྒྱུད་དེ་ཀློག་འདོད་དང་དཔྱད་འདོད་མེད་པ་ཞིག་ཏུ་བཏང་ཡོད་པ་ནི་ཇི་ལྟར་བསམ་ཡང་བློ་ཡུལ་དུ་ཤོང་དཀའ་ཞིང་གང་ནས་བལྟས་ཀྱང་བློ་ཕམ་ཆེན་པོ་སྐྱེས་དགོས་པའི་གནས་ཤིག་རེད།དེ་ནི་བརྩམས་སྒྲུང་འདི་ཀློག་མྱོང་བ་ཞིག་ཡིན་ཚེ་ཚང་མས་ཤེས་ཐུབ་པས་མང་དུ་བྲི་བའི་དགོས་པ་མ་མཆིས་ལ་སྐབས་བབ་ཀྱི་གླེང་བྱ་དངོས་ཀྱང་མིན་པས་འཕྲོས་དོན་ཙམ་མོ།།

ཡིན་ཡང་གནད་དོན་འདིའི་ལྟག་རྒྱབ་ན་དུས་དེབ་ཅིག་གི་ངོ་ཚ་དང་རྩོམ་སྒྲིག་པ་ཞིག་གི་ཞན་ཆ། གཞན་ཡང་ཀློག་པ་པོ་དང་ནང་སྒོས་རྩོམ་པ་པོ་དང་བརྩམས་ཆོས་ལ་མཐོང་ཆེན་མ་གནང་བའི་བཙོག་པ་འཁོར་རྒྱུགས་ཀྱི་གནད་དོན་ཆེན་པོ་ཞིག་ལྷང་ལ་འབུད་ཡོད་པས་ང་ཚོས་ཅིས་ཀྱང་གླེང་དགོས་ལ་མི་བཤད་ཀྱང་ཐུ་མེད་དུ་གྱུར་ཡོད་པར་སེམས་སོ།།

མཇུག་ཏུ་རོང་འབྲོག་གཉིས་ཀྱི་འཚོ་བའི་ཉམས་མྱོང་དང་ཤེས་བྱ་ཕུན་སུམ་ཚོགས་ཤིང་རྩོམ་འབྲི་ལ་དབང་འབྱོར་བའི་རྩོམ་མཁན་གྲགས་ཅན་ཁོང་གི་རྒྱུད་ལས་བརྩམས་ཆོས་ལེགས་པོ་འདི་འདྲ་ད་དུང་མུ་ནས་མུར་འཁྲུངས་པའི་རེ་བ་ཡང་ནས་ཡང་དུ་ཞུའོ།།

ཟུར་མཆན།

(1) 《 འཚོལ་རྟོག་སྙིང་སྟོབས》 2004.5 བདུད་ལྷ་རྒྱལ་གྱིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། P.39(3)《 བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》 བདུད་ལྷ་རྒྱལ་གྱིས་བརྩམས། གློག་རྡུལ་པར་གཞི། P.113

(5)《 བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》 བདུད་ལྷ་རྒྱལ་གྱིས་བརྩམས། གློག་རྡུལ་པར་གཞི། P.119

(6) 《 འཚོལ་རྟོག་སྙིང་སྟོབས》 2004.5 བདུད་ལྷ་རྒྱལ་གྱིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། P.52


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1