༄༅།། ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་སྐོར་གྱི་དཔྱད་གླེང་།
དགྲ་འདུལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 02-27
དགྲ་འདུལ།
མིག་སྔར་ཨོ་སི་ཌོའི་རྒྱལ་ས་ཝིན་ན་ནས་བོད་གངས་ཅན་དུ་ཉི་མ་ལྟར་གྲགས་པའི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་དཔེ་སྡུར་མ་ཞིག་པར་སྐྲུན་གནང་ཡོད་ཅིང་། དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཨོ་སི་ཊོའི་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤ་ཡའི་རིག་གནས་དང་མཚན་ཉིད་ཞིབ་འཇུག་ཁང་གི་མཉམ་ལས་ཀྱི་ཞིབ་འཇུག་རྣམ་གྲངས་ཞིག་རེད།(1)
འཇིག་རྟེན་མིག་གཅིག་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(སྤྱི་ལོ་1059-1109ལོ)ནི་བོད་ཀྱི་རིག་གནས་གོང་འཕེལ་ཀྱི་ལོ་རྒྱུས་ནང་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་རེད། ཁོང་གིས་ནང་བསྟན་གྱི་བསྟན་བཅོས་པོད་70 ལྷག་ཙམ་བོད་ཡིག་ཏུ་ཕབ་བསྒྱུར་མཛད་པ་དང་།(2) བརྩམས་ཆོས་ཀྱང་པོད་40 ལྷག་ཙམ་འཇོག་གནང་མཛད་པས་(3) གང་དེའི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་ཤིང་། བོད་ཀྱི་ཐུན་མིན་རིག་གནས་དར་སྤེལ་འགྲོ་རྒྱུར་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད། གང་དེས་མཛད་པའི་རྣམ་བཤད་དང་དོན་བསྡུས་ཀྱི་རྩོམ་སྲོལ་གསར་པ་ནི་གཞུང་དོན་གོ་བ་ལེན་པའི་ཐབས་ལམ་གལ་པོ་ཆེར་གྱུར་པས་དེར་ཀུན་གྱི་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་འཐོར། ལོ་ཆེན་གང་དེ་ནི་བོད་ཀྱི་ནང་པའི་མཚན་ཉིད་ཀྱི་མ་ལག་འཛུགས་སྐྲུན་ཁྲོད་ཀྱི་སྐྱེས་ཆེན་འགངས་ཆེའི་གྲས་ཤིག་རེད།”(4) ཁོང་གིས་སྲོལ་རྒྱུན་གྱི་ངོས་འཛིན་རྣམ་བཤད་དང་གཏན་ཚིགས་རིག་པ་སྟེ། བོད་ཀྱི་ཚད་མའི་ཐུན་མོང་མ་ཡིན་པའི་སྲོལ་གསར་དུ་བཏོད་པས་གང་དེ་བོད་ཀྱི་མཚན་ཉིད་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་དྲངས་ཀྱང་ཅི་ལ་འགལ།”(5)
ད་བར་རྔོག་ལོ་ཆེན་པའི་རྣམ་ཐར་ཆ་ཚང་བར་དཔེ་སྐྲུན་བྱས་མེད་མོད། རྣམ་ཐར་འདི་ཕྱིའི་རྒྱལ་ཁབ་ཏུ་ངོ་སྤྲོད་ཐོག་མར་གནང་མཁན་ནི་དགེ་རྒན་ཆེན་མོ་ཏའི་ཝུའེ་ཅག་སེན་(JACKSON1994)མཆོག་ཡིན་ཅིང་། དེ་རྗེས་འཇར་མན་ཧམ་པག་སློབ་ཆེའི་ཞིབ་འཇུག་སློབ་མ་ཀ་ར་མའི་སློབ་ཐོན་དཔྱད་རྩོམ་ནང་དེའི་སྐོར་ཞིབ་འཇུག་གནང་འདུག་ཀྱང་དངོས་སུ་པར་སྐྲུན་བྱས་མེད་(KRAMER 1997)ཀ་ར་མས་རྩོམ་སྒྲིག་དང་དབྱིན་ཡིག་ཏུ་བསྒྱུར་བའི་ཕྱི་མོ་ནི་འཇར་མན་པོན་དུ་བཅའ་བཞུགས་བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་ནས་མཁོ་འདོན་གནང་བའི་པར་མ་ཞིག་ཡིན་ཚོད་འདུག་ལ། པར་མ་དེ་འདྲ་བ་ཀྲུང་གོའི་པེ་ཅིན་མི་རིགས་ཕོ་བྲང་གི་མི་རིགས་དཔེ་མཛོད་དང་། རྒྱ་གར་པ་ཐ་ནའི་པི་ཧར་ཞིབ་འཇུག་ཚོགས་པ།(6) དེ་བཞིན་ཁོ་བོའི་ཁྱིམ་ཚང་བཅས་སུ་ཉར་ཚགས་ཞུས་ཡོད། དེ་མིན་རྔོག་ལོ་ཆེན་པོར་རྣམ་ཐར་གྱི་ལམ་ལས་བསྟོད་པའི་ཚིགས་བཅད་ཉི་ཤུའི་བདག་ཉིད་ཅན་ཞིག་ཀྱང་རྒྱ་གར་པ་ཐ་ནའི་་པི་ཧར་ཞིབ་འཇུག་ཚོགས་པས་ཉར་ཚགས་གནང་ཡོད་ཚོད་འདུག(7)
ཀ་ར་མའི་རྩོམ་སྒྲིག་དང་ཡིག་སྒྱུར་གྱི་མཇུག་ཚང་མེད་པར། མ་ཕྱིའི་ལྡེབ་1b་ནས་14b6དང་། ལྡེབས་21abནས་23a བཅས་ཧ་ལམ་གཞུང་དངོས་ཀྱི་སུམ་ཆ་གཉིས་དང་མཇུག་བྱང་ལེགས་འགྲུབ་བྱུང་ཡོད།(8)
དང་པོ། རྔོག་ལོ་ཆེན་མོའི་རྣམ་ཐར་གྱི་ངོ་སྤྲོད་མདོར་བསྡུས།
ད་བར་རྔོག་ལོའི་རྣམ་ཐར་ཞིབ་རྒྱས་སུ་འཁོད་པའི་བརྩམས་ཆོས་ཤིག་ཡོད་བཟོ་མེད་ཤས་ལ། ཁོ་བོས་དངོས་སུ་མཇལ་བའི་རྔོག་ལོའི་རྣམ་ཐར་ནང་དོན་མཚུངས་ལ་བྲིས་མ་དང་པར་མ་མི་འདྲ་བ་ཁག་གསུམ་ནང་བསྟོད་པའི་ལམ་ནས་ཁོང་གི་རྣམ་ཐར་མཚོན་པར་བྱས་པས་འཁྲུངས་འདས་ལོ་དང་མཛད་རྣམ་ཞིབ་རྒྱས་སུ་འཁོད་མེད། འོན་ཀྱང་རྣམ་ཐར་འདི་ནི་རྔོག་ལོའི་ལོ་རྒྱུས་ཀྱི་དཔྱད་གཞི་ཁུངས་བཙན་ཤོས་ཤིག་དང་། བོད་མིས་བོད་མི་རང་ཉིད་ཀྱི་ལོ་རྒྱུས་བྲིས་པའི་རྣམ་ཐར་སྔ་ཤོས་གྲས་ཤིག་ཀྱང་རེད།
རྣམ་ཐར་ཁག་གསུམ་པོའི་ནང་ནས་དང་པོ་ནི། འབྲུག་རྒྱལ་ཡོངས་དཔེ་མཛོད་ཁང་དུ་ཉར་ཚགས་ཞུས་པའི་དབུ་མེད་བྲིས་མ། ཞལ་བྱང་དུ་《བདག་ཉིད་ཆེན་པོ་རྔོག་ལོ་ཙཱ་བའི་རྣམ་པར་ཐར་པ་བཞུགས་སོ》 (9) (གཤམ་དུ་Bཞེས་འགོད་རྒྱུ་)ཞེས་བྱ་ཞིང་། དེའི་ནང་ལྡེབ་གྲངས་30དང་ངོས་1bདང་8a—80b བར་ངོས་རེར་ཡིག་ཕྲེང་དྲུག་དང་། ངོས་2b—7aབར་དེར་ཡིག་ཕྲེང་བརྒྱད་རེ་ཡོད། ངོས་300པར་སློག་ནང་ཆད། ངོས་306ལ་རྩོམ་པ་པོའི་མཇུག་བྱང་ཡིག་ཕྲེང་གཅིག་བཅས་སོ། །
རྣམ་ཐར་གཉིས་བ་ནི་རང་ཤག་ཏུ་ཉར་ཚགས་ཞུས་པའི་པའི་པོ་ཏ་ལ་བདེ་ཡངས་ཤར་གྱི་པར་མ། ཁ་བྱང་དུ་《འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་བཞུགས་སོ》 (གཤམ་དུ་Dཞེས་འགོད་རྒྱུ་)ཞེས་བྱ་ཞིང་། པེ་ཅིན་མི་རིགས་ཕོ་བྲང་གི་དཔེ་མཛོད་ཁང་དུའང་་་པར་མ་དེ་འདྲ་མཇལ་རྒྱུ་ཡོད། གཞན་ཡང་རྒྱ་གར་པཏྣ་བི་ཧར་ཞིབ་འཇུག་ཚོགས་པའི་དཔེ་མཛོད་ཁང་དུ་ཡང་པར་མ་དེ་རིགས་ཉར་ཚགས་ཞུས་ཡོད་ཅེས་དགེ་རྒན་ཆེན་མོ་Jaksonགྱིས་གསུངས། པར་མ་འདི་ལ་ཁྱོན་བསྡོམས་ལྡེབ་གྲངས་23ཡོད་པ་དང་། ངོས་1bདང་2a ལ་ཡིག་ཕྲེང་ལྔ་རེ། 2b—22aབར་ངོས་རེར་ཡིག་ཕྲེང་དྲུག 23aལ་ཡིག་ཕྲེང་གསུམ་བཅས་སོ། ། ལྡེབ་རྒྱ་ལ་46. 5/47 ྾ 6.5cmཡོད།
རྣམ་ཐར་གསུམ་པ་ནི་རང་ཤག་ཏུ་བཞུགས་པ་དབུ་མེད་བྲིས་རྙིང་ཞིག་ཏེ། ཁ་བྱང་དུ་《ལོ་ཙྰ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་མདོར་བསྡུས་གྲོ་ལུང་པ་ཆེན་པོས་ཚིགས་སུ་བཅད་པའི་རང་འགྲེལ་བཞུགས》 (གཤམ་དུ་R ཞེས་འགོད་རྒྱུ་)བློ་ཕམ་པ་ཞིག་ལ་བྲིས་མ་དེ་ལྡེབ་དང་པོ་ལས་ལྷག་མེད་པས་དེའི་སྤྱིའི་གནས་ཚུལ་ངོ་སྤྲོད་ཞུ་ཐབས་བྲལ། ལྡེབ་དང་པོའི་1aལ་ཞལ་བྱང་དང་། 1b ལ་ཡིག་ཕྲེང་དྲུག་ལྡེབ་རྒྱར་40 ྾ 7cm ཡོད།
རྣམ་ཐར་དང་པོ་འབྲུག་གི་བྲིས་མ་དང་གསུམ་པ་དེ་ཡངས་ཤར་གྱི་པར་མ་གཉིས་པོའི་ཁྱད་ཆོས་ནི་རྩོམ་པ་པོས་ཐོག་མར་ཚིགས་སུ་བཅད་པའི་བསྟོད་པ་དང་། དེ་ནས་དེར་རང་འགྲེལ་གྱི་ཚུལ་གྱིས་རྒྱས་པར་བཤད་པ་དང་། འགྲེལ་པའི་ཁྲོད་དུ་བཀའ་བསྟན་བཅོས་ཀྱི་ལུང་མང་དུ་དྲངས་ནས་རང་འགྲེལ་གྱི་དགོངས་པ་ཁུངས་ལུང་ལྡན་པར་བསྟན་ཡོད། རྣམ་ཐར་སྤྱིར་ཚིགས་བཅད་43(10)དང་དེ་དག་གི་རང་འགྲེལ་དང་། བཀའ་བསྟན་བཅོས་ནས་ལུང་དྲངས་པ་ཁག་22ཙམ་ཡོད།
རྣམ་ཐར་གྱི་རྩོམ་པ་པོ་རྔོག་ལོ་ཆེན་མོའི་དངོས་སློབ་གྲོ་ལུང་པ་བློ་གྲོས་འབྱུང་གནས་(11 )ནི་གཞོན་ནུའི་དུས་ནས་ཇོ་བོ་རྗེ་དང་འབྲོམ་སྟོན་ལས་བཀའ་གདམས་ཀྱི་ཆོས་གསན། གསུང་རབ་ཀུན་ལ་མཁས་ཤིང་། རྗེ་འདི་པའི་བསྟན་བཅོས་《 བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་འཇུག་པའི་ལམ་གྱི་རིམ་པ་རྣམ་པར་བཤད་པ》ཞེས་ཡོངས་གྲགས་སུ་བསྟན་རིམ་ཆེན་མོ་(12) ཞེས་པ་ནི་ལམ་སྒྲོན་གྱི་དགོངས་པ་ཟླ་མེད་ཡིན་པ་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད། (13) གྲོ་ལུང་པའི་འཁྲུངས་འདས་དུས་ཚིགས་མི་གསལ་ཡང་“དགུང་ལོ་བརྒྱད་ཅུ་པ་ལ་འདས་”ཞེས་པར་བརྟག་ན་དུས་རབས་བཅུ་གཅིག་པའི་སྨད་ཆ་ནས་དུས་རབས་བཅུ་གཉིས་པའི་དུས་འགོར་འཚོ་བཞུགས་གནང་ཡོད།
གཉིས་པ། མཇུག་བྱང་མི་འདྲ་བ་འགའི་དབྱེ་ཞིབ།
རྣམ་ཐར་Bདང་Dགཉིས་སོ་སོར་མཇུག་བྱང་ཁ་ཤས་ཡོད། འབྲུག་གི་བྲིས་རྙིང་རྣམ་ཐར་Bལ་མཇུག་བྱང་གཉིས་ལས། དང་པོ་ནི་རྩོམ་པ་པོ་གྲོ་ལུང་པས་མཛད་པ་ཡིན་ལ།(14)དེའི་ནང་“བླ་མ་རྗེ་བཙུན་དམ་པ་གསང་ཕུ་ལོ་ཙཱ་བ་ཆེན་པོ་ལ་བསྟོད་པའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པ། ཤཱཀྱའི་དགེ་སློང་བློ་གྲོས་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོ་”(15)ཞེས་འཁོད།
གཉིས་པ་ནི་བྲིས་རྙིང་དེའི་དཔེ་བདག་དགེ་སློང་འཕགས་པས་མཛད་པ་ཡིན་ཏེ། དེའི་ནང་“སྐད་གཉིས་སྨྲ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་རྣམ་པར་ཐར་པ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་བློ་གྲོས་འབྱུང་གནས་ཞེས་བྱ་བས་རྣམ་པར་སྤེལ་བ་ཡོད་དོ་ཞེས་ལུང་རིན་པོ་ཆེའི་ཚོགས་ཀྱིས་རྣམ་པར་ཕྱུག་པ་སློབ་དཔོན་དགེ་བའི་བཤེས་གཉེན་ཉི་མའི་གསུང་ལས་དགེ་སློང་འཕགས་པས་གསལ་བར་ཐོས་ནས་གཏམ་གྱི་སྐྱེས་རྨད་དུ་བྱུང་བ་དེ་ལྟ་བུ་རྣ་བའི་སྣོད་དུ〔ཉེ་བར་〕ལྷུང་ན་ཅི་མ་རུང་སྙམ་དུ་བསམ་ནས་རིང་དུ་འགྲོ་བའི་ཕོ་ཉ་དག་ལ་ཉེ་བར་འགུགས་པའི་སྤྲིང་ཡིག་རྣམ་པར་སྤྲིངས་པའི་དོན‘དུ’་དཔལ་རྟེའུ་རའི་གཙུག་ལག་ཁང་ན་གནས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྒྲུབས་པ་འདི་བདག་གི་སུག་ཏུ་ཐོངས་ནས་ལྕགས་ཕོ་རྟའི་ལོ་ཟླ་བ་གཅིག་པར་‘ཤིན་ཏུ་དག་པར་བྱས་’( 16)པའོ”ཞེས་འཁོད།། (17)
མཇུག་བྱང་འདི་ནི་དུས་རབས་བཅུ་གཉིས་ནས་བཅོ་ལྔའི་བར་བོད་དུ་དར་ཁྱབ་ཆེ་བའི་ཡིག་གཟུགས་འབྲུ་ཚའི་ཐོག་ནས་བྲིས་པ་དེ་ནི་དཔེ་བདག་རང་ནས་ཞལ་བཤུས་གནང་ངམ་ཡང་ན་གཞན་གྱིས་བཤུ་བྲི་བྱས་པ་གང་ཡིན་མི་གསལ། ཁོ་བོའི་འདོད་ཚུལ་ལྟར་ན། འདིར་དགེ་སློང་འཕགས་པ་ཞེས་པ་ཕལ་ཆེར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་(སྤྱི་ལོ་1235-1280ལོ) ཏེ། དུམ་བུ་འདིའི་ནང་དགེ་སློང་འཕགས་པ་ཙམ་དུ་མ་ཟད་དགེ་སློང་འཕགས་པའི་སློབ་དཔོན་ཉི་མའི་མཚན་ཡང་འཁོད་ཡོད། རྡོ་རྗེ་འཛིན་པ་ཉི་མ་རྒྱལ་མཚན་གྱིས་མཛད་པའི་ཆོས་རྒྱལ་འཕགས་པའི་རྣམ་ཐར་(18)ནང་དུའང་སློབ་དཔོན་ཉི་མ་དཔལ་ཞེས་མཚན་དེ་ཐོན་ཡོད།(19) དེའི་ནང་སློབ་དཔོན་ཉི་མས་དགེ་སློང་འཕགས་པར་རྔོག་ལོའི་སྤྲིང་ཡིག་བདུད་རྩི་ཕྲེང་བ་(20)དང་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་(21) དཔེ་ཁྲིད་མཛད་སྐོར་འཁོད་ཡོད།
དེ་ལྟ་ན་འདིར་དགེ་སློང་འཕགས་པ་ཞེས་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ཡིན་ངེས་དང་། བྲིས་མ་འདི་ཉིད་ཁོང་གི་ཕྱག་ཏུ་ཐོགས་པའི་དུས་ཚོད་ལྕགས་ཕོ་རྟ་ཞེས་པ་ནི་སྤྱི་ལོ་1270 ལོ་ཡིན་པ་དང་། སྐབས་དེར་ཁོང་ནང་སར་བཞུགས་རིང་ཕྱག་ཏུ་ཐོགས་པ་ཡིན་པ་བཅས་སོ། ། གང་ལགས་ཤེ་ན། སྤྱི་ལོ་1267-1276ལོ་བར་འགྲོ་མགོན་འཕགས་པ་ནང་སར་ཐེངས་གཉིས་པ་ཕེབས་པའི་དུས་(22) ཡིན་ཅིང་། “རིང་དུ་འགྲོ་བའི་ཕོ་ཉ་དག་ལ་ཉེ་བར་འགུགས་པའི་སྤྲིང་ཡིག་རྣམ་པར་སྤྲིངས་” པའི་རྒྱུ་མཚན་ཡང་དེར་རགས་ལས་སོ། །
མཇུག་བྱང་འདིའི་ནང་གསལ་དཔལ་རྟེའུ་རའི་གཙུག་ལག་ཁང་དེ་གང་དུ་ཡོད་མིན་གསལ་རྟོགས་དགོས་རྒྱུར། (23)རྟེའུ་ར་ཞེས་པ་དེང་གི་ལྷོ་ཁ་ས་ཁུལ་གྱི་གཉལ་ཆུ་( དམྱལ་ཆུའང་འཐད་) རྒྱུག་ཁུལ་གྱི་ལྷུན་རྩེ་རྫོང་གི་ནུབ་བྱང་ཁུལ་དུ་གནས་ཤིང་། འབྲུག་རྒྱལ་ཁབ་དང་ས་འབྲེལ་ཡིན།(22) དེར་དགོན་པ་ཞིག་ཡོད་པ་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་ཅིང་། དཔལ་རྟེའུ་རའམ་རྟེའུ་ར་ནི་ཆག་ལོ་ཙཱ་བ་བརྒྱུད་པ་དང་བཅས་པའི་གདན་ས་ཡིན། སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་ལོ་ཙཱ་བ་ཆེན་པོ་ཆག་ལོ་ཆོས་རྗེ་དཔལ་( སྤྱི་ལོ་1197—1264 ལོ)(25) གྱི་སྐུ་དྲིན་གྱིས་དཔལ་རྟེའུ་ར་དགོན་འདི་ཉིད་དུས་རབས་བཅུ་གསུམ་པའི་སྟོད་ལ་བོད་ཀྱི་རིག་གཞུང་གི་ལྟེ་གནས་ཤིག་ཏུ་གྱུར་ཡོད། ཆོས་རྗེ་དཔལ་ཉིད་ཀྱིས་བལ་ཡུལ་དང་རྒྱ་གར་སོགས་ཡུལ་གྲུ་འགྲིམས་པར་མཛད་ལ་ས་སྐྱ་པ་དང་འབྲེལ་ལམ་ལེགས་པར་བསྐྱངས། རྗེ་འདི་པ་སྤྱི་ལོ་1241ལ་རྟེའུ་རར་སླར་ཞབས་སོར་འཁོད་རྗེས་སུ་གོང་མ་ཀུབ་ལའི་དགོངས་པ་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡུལ་དང་ནང་སར་ལན་མང་གདན་དྲངས་ཀྱང་བོད་ཁོ་ནར་རྒྱུའི་ཐུགས་ཐག་བཅད་ནས་གདན་མ་དྲོངསསྤྱི་ལོ་1256 ལོ་ལ་མཐར་ཞལ་བཞེད་གནང་ཀྱང་སྐུ་གཟུགས་བདེ་མིན་གྱི་རྐྱེན་པས་ཆིབས་བསྒྱུར་གནང་མེད། གྲོ་ལུང་པས་མཛད་པའི་རྣམ་ཐར་འདི་འདྲ་ཞིག་དཔལ་རྟེའུ་རར་སོན་པ་འདི་ལས་ཆག་ལོ་དང་ས་སྐྱ་བ་དང་དེ་བཞིན་དབུས་གཙང་གི་དགོན་སྡེ་ཁག་དང་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ལ། གྲོ་ལུང་པ་གང་ཉིད་ཀྱི་འཁྲུངས་ཡུལ་ཤོ་པོ་ཡང་ལྷོ་ཁ་ཁུལ་དུ་ཡོད་པ་དེ་དང་ཡང་འབྲེལ་བ་ཡོད་ངེས་ཡིན།
མཇུག་བྱང་ནང་གསལ་བའི་སློབ་དཔོན་ཉི་མ་(དཔལ་)ཞེས་ཆོས་རྒྱལ་འཕགས་པར་རྔོག་ལོའི་དཔེ་ཁྲིད་མཛད་པ་དང་ཆོས་རྒྱལ་འཕགས་པར་རྔོག་ལོའི་རྣམ་ཐར་འདི་འདྲ་ཡོད་ལུགས་འགྲེལ་བརྗོད་གནང་མཁན་འདི་ནི་ཆོས་རྒྱལ་འཕགས་པ་དང་ཆག་ལོ་ཙཱ་བ་བར་གྱི་འབྲེལ་མཐུད་ཀྱི་ལས་འགན་གལ་པོ་ཆེ་ཞིག་བསྣམས་ཡོད་ཚོད་འདུག བོད་རིག་པ་སྨྲ་བའི་སློབ་དཔོན་ཆེན་མོ་སོ་རན་སན་གྱི་ས་སྐྱའི་གདུང་རབས་(173,23)ནང་གི་དབོན་པོ་དང་དཔོན་པོའི་སྐོར་གྱི་དཔྱད་བརྗོད་དབྱེ་ཞིབ་གནང་བ་དོན་དུ་གནས་ན། ཉི་མ་དཔལ་ཡང་ཆག་ལོའི་ཚ་བོ་ཡིན་པ་ར་སྤྲོད་ཡོང་ཐུབ། དེ་ལྟ་ན་སློབ་དཔོན་ཉི་མ་ནི་ཆོས་རྒྱལ་འཕགས་པར་སྤྱི་ལོ་1256 ལོར་ཆག་ལོ་སོག་ཡུལ་དུ་གདན་ཞུའི་ཞབས་སྐུལ་ཞུ་མི་གལ་ཆེ་ཞིག་ཀྱང་རེད།
ལོ་རྒྱུས་ཀྱི་བྱུང་བ་དེ་དག་དང་བསྟུན་ནས་ཆོས་རྒྱལ་འཕགས་པས་རྣམ་ཐར་འདི་ཉིད་“ཤིན་ཏུ་དག་པར་བྱས་”ཞེས་བརྗོད་དགོས་ཀྱང་དཔེ་བསྡུར་བྱས་འབྲས་ལས་འབྲུག་གི་བྲིས་རྙིང་འདི་ཉིད་པར་མ་ལས་ཡིག་ནོར་མང་པོ་ཡོད། མཇུག་བྱང་ནང་གསལ་ལྟར་ཆོས་རྒྱལ་འཕགས་པར་མ་ཕྱི་འདི་ཉིད་རྟེའུ་ར་ནས་ཕྱག་ཏུ་སོན་པ་ཡིན་ནམ་ཡང་ན་རྟེའུ་ར་དགོན་གྱིས་བསྐྱར་དུ་བཤུ་བྲི་བྱས་པ་ཡིན་དེ་སྐོར་ཞུ་ཐབས་བྲལ། ཆོས་རྒྱལ་འཕགས་པས་ཞུ་དག་མཛད་པའི་མ་ཕྱི་དེ་བསྐྱར་དུ་བཤུ་བྲི་བྱས་ནས་ཕྱིས་སུ་ཤིང་པར་བརྐོ་བའི་ཕྱི་མོར་གྱུར་ངེས་ཡིན་པས། གུས་པའི་རྨོངས་ཚོད་ལྟར་ན་ཆོས་རྒྱལ་འཕགས་པས་དཔལ་རྟེའུ་རའི་ཕྱི་མོ་ཇི་བཞིན་ཉར་ཚགས་ཐོག་དེའི་མཇུག་ཏུ་ཁོང་རང་གིས་མཇུག་བྱང་བྲིས་གནང་མཛད་པ་མིན་ནམ་སྙམ་པ་དང་། ཡང་ན་ཕྱིས་སུ་ཞུ་དག་བྱས་ཟིན་པ་དེ་ཤིང་པར་གྱི་ཕྱི་མོར་གྱུར་པ་དང་། ཞུ་དག་གནང་མེད་པའི་བྲིས་རྙིང་དེ་སྤྱོད་མེད་སོར་འཇོག་ཏུ་ལུས་པར་ཕྱིས་སུ་དེ་ལག་ཏུ་སོན་པའི་དཔེ་བདག་ནས་མཇུག་བྱང་བསྐྱར་བཤུ་བྱས་པ་མིན་ནམ་སྙམ། མ་ཕྱི་འདི་འབྲུག་ཡུལ་དུ་ཇི་ལྟར་གྱར་མིན་ནི་དཔྱོད་དཀའ་བའི་གནས་ལགས།
རྣམ་ཐར་པར་མ་Dལ་མཇུག་བྱང་བཞི་ལས། དང་པོ་ནི་བྲིས་རྙིང་Bདང་མཚུངས།
མཇུག་བྱང་གཉིས་པ་ནི་ཚིགས་སུ་བཅད་པའི་རྔོག་ལོའི་རྣམ་ཐར་མདོར་བསྡུས་(21b4—22b6)ཤིག་འཁོད་པ་དེའི་རྩོམ་པ་པོ་མི་གསལ། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་རྣམ་ཐར་འདིའང་གྲོ་ལུང་པས་མཛད་པར་འདོད་དེ་གང་གིས་མཛད་པའི་དེབ་སྔོན་ནང་རྣམ་ཐར་འདིའི་ཚིགས་བཅད་དུམ་བུ་(21b6—22a2)དྲངས་ཐོག་གྲོ་ལུང་པས་མཛད་པར་བཞེད་པ་དང་།(26)ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་ཤཱཀྱ་མཆོག་ལྡན་དང་། (27)དཔའ་བོ་གཙུག་ལག་ཕྲེང་བ་(28)སོགས་ཀྱང་དེའི་རྗེས་སུ་འབྲངས་ཡོད།
མཇུག་བྱང་གསུམ་པ་ནི་སྐབས་དེའི་རྣམ་ཐར་སྤེལ་བའི་འགན་འཛིན་ཤེས་རབ་སེང་གེས་མཛད་པ་ཡིན་ལ། འདི་ཉིད་ལོ་རྒྱུས་མི་སྣ་སུ་འདྲ་ཞིག་ཡིན་མིན་བློ་དོགས་མ་ཆོད་པའི་མཚམས་སུ་འཇར་པན་ཨོ་ཏ་ནི་གཙུག་ལག་སློབ་ཆེའི་སློབ་དཔོན་ཆེན་མོ་དགེ་བའི་བཤེས་གཉེན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་(29)ནས་བློ་སྒོ་ཆེར་བསྐྱེད་སློབ་སྟོན་གནང་བྱུང་བ་ལྟར་ཁོ་བོར་ཤེས་རབ་སེང་གེ་ཞུ་བ་འདི་ཉིད་བཀའ་གདམས་པའི་དགེ་བཤེས་ཕྱི་རབས་གྲས་སུ་གཏོགས་པ་རྗེ་ཤེས་རབ་སེང་གེ་(སྤྱི་ལོ་1383—1445ལོ)(30)ཡིན་པའི་ངེས་ཤེས་བརྟན་པོ་བྱུང་། རྗེ་ཤེས་སེང་འདི་པ་ནི་སྣར་ཐང་དུ་ཆོས་བཞུགས་མཛད། ཕྱིས་སུ་རྗེ་ཙོང་ཁ་པ་ཆེན་པོ་དང་བླ་སློབ་ཀྱི་འབྲེལ་བ་བྱུང་ལ། རྒྱལ་བ་དགེ་འདུན་གྲུབ་པའི་བླ་མ་ཡང་མཛད། རྗེ་འདིས་སྲས་རྒྱུད་གྲྭ་ཚང་དང་རྒྱུད་སྨད་གྲྭ་ཚང་ཕྱག་བཏབ།(31) རྣམ་ཐར་མཇུག་བྱང་ནང་གི་ཤེས་རབ་སེང་གེ་མཆོག་རྗེ་འདི་པ་ཡིན་ཚེ་མཇུག་བྱང་ནང་གསལ་རབ་འབྱམས་མཁའ་སྤྱོད་དབང་པོ་(22b. 3)ཞེས་པ་ཤེས་རབ་སེང་གེར་རྣམ་ཐར་པར་སྐྲུན་ཞབས་སྐུལ་མཛད་མཁན་དེ་ཡང་ཞྭ་དམར་མཁའ་སྤྱོད་དབང་པོ་(32) ཡིན་པར་ར་སྤྲོད་བྱེད་ཐུབ།(33)
བཞི་པ་ནི་བསྐྱར་པར་སྐབས་ཀྱི་པར་བྱང་སྟེ།(34) དེའི་ནང་པར་འདི་བགྲེས་སྐྱོན་ཆེ་བར་བརྟེན། ཤིང་ཕག་ལོ་རྩེ་བདེ་ཡངས་ཤར་དུ་གསར་བསྐྲུན་བགྱིས་”ཚུན་(35)ཞེས་འཁོད། འདིའི་ཤིང་ཕག་ལོ་དེ་སྤྱི་ལོ་གང་ཡིན་ཐག་གཅོད་པར་དཀའ་སྟེ། བདེ་ཡངས་ཤར་གསར་དུ་བཞེངས་པ་ནས་བརྩིས་ན་ཤིང་ཕག་ལོ་ཡིན་པ་སྤྱི་ལོ་1695 དང་1755 1815 1875 1935བཅས་ལྔ་ཡོད་པས་སོ། །
གསུམ་པ། རྔོག་ལོའི་མཛད་པ་ཆེ་ལོང་།
བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གི་ནང་དུ། རྔོག་ལོ་ཙཱ་བའི་སྐུ་ཚེ་ཧྲིལ་པོའི་མཛད་པ“བཅུ་བདུན་ཕྲག་གསུམ་(36)དུ་”དུ་དབྱེ་ཡོད་དེ། དེ་ཡང་སྐུ་འཁྲུངས་པ་དང་ཐོག་མར་སློབ་གཉེར་མཛད་པའི་བཅུ་བདུན་ཕྲག་དང་པོ་དང་། རྒྱ་གར་དང་ཀསྨིར་སོགས་སུ་ཕེབས་ནས་སཾསྐྲིཏའི་གཞུང་ལ་ཐོས་བསམ་དང་བོད་ཡིག་ཏུ་ཕབ་བསྒྱུར་ཐོག་མར་མཛད་པའི་བཅུ་བདུན་ཕྲག་གཉིས་པ། བོད་ཡུལ་དུ་བྱོན་ནས་ནང་བསྟན་གཞུང་ལུགས་འབོར་ཆེན་བསྒྱུར་ཞུས་དང་། མཐར་དགོངས་པ་མྱ་ངན་ལས་འདས་པའི་མཛད་པ་སྟེ་བཅུ་བདུན་ཕྲག་གསུམ་པའོ། ། རྔོག་ལོ་ཆེན་པོ་ནི་ཡར་འབྲོག་རྔོག་སྟོན་རྡོ་རྗེ་གཞོན་ནུའི་སྲས་བཞི་པ་ཆོས་སྐྱབས་ཀྱི་སྲས་སུ་ས་མོ་ཕག་སྟེ། སྤྱི་ལོ་1059ལོར་སྐུ་བལྟམས། ཆུང་བྱིས་པའི་དུས་ནས་རང་ཉིད་ཀྱི་ཕུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ་པའི་གསང་ཕུར་ཆོས་བཞུགས་མཛད། ཕུ་བོའི་དྲུང་ནས་ཡི་གེའི་འབྲི་ཀློག་དང་སྐད་རིགས་དང་གཞུང་ལུགས་ལ་ཐོས་བསམ་མཛད། དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་སྤྱི་ལོ་1076 གུ་གེ་མཐོ་ལྡིང་དུ་མེ་འབྲུག་ཆོས་འཁོར་ལ་བཞུགས། དེར་དབུས་གཙང་ཁམས་ནས་ཕེབས་པའི་མཁས་དབང་དང་ལོ་ཙཱ་བ་རྣམས་དང་མཇལ། གཞན་ཡང་རྒྱ་གར་དང་ཀསྨི་ར་ནས་ཕེབས་པའི་པཎ་གྲུབ་དང་ཡང་མཇལ། དེ་ནས་ཕུ་བོའི་ལམ་སྟོན་ལྟར་རྒྱ་གར་དབུས་དང་ཁ་ཆེ་སོགས་སུ་སློབ་གཉེར་ལ་ཕེབས་པ་དང་། སྐབས་དེ་དུས་ཀྱི་ཕེབས་གྲོགས་སུ་རྭ་ལོ་ཙྰ་བ་རྡོ་རྗེ་གྲགས་པ་དང་། གཉན་ལོ་ཙཱ་བ་དར་མ་གྲགས། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས། རྡོ་སྟོན། བཙན་ཁ་བོ་ཆེ་བཅས་ཡོད། རྔོག་ལོ་ཆེན་པོས་ཁ་ཆེའི་ཡུལ་ལ་སོགས་པར་རིག་པར་སྦྱང་བ་མཛད་དེ། མྱུར་དུ་སྔོན་གྱི་བསྒྱུར་བྱེད་རྣམས་ཀྱི་ལོ་ཙཱའི་ཚུལ་བདེ་བླག་ཏུ་ངེས་ཤིང་། དེ་དག་ལས་ཕུལ་དུ་བྱུང་བ་སྒྲ་དོན་རྣམ་པར་ངེས་པའི་བློ་མིག་གསལ་བར་བརྙེས་སོ། །”(37)“སྐལ་ལྡན་ལ་སོགས་མཁས་མཆོག་རྣམས། །ལེགས་བརྟེན་རིགས་པའི་གཙུག་ལག་འདིར། །ཉི་འོད་ཁྱབ་ལྟར་རབ་གསལ་མཛད། །”(38)ཅེས་གྲོ་ལུང་པས་གསུངས་པ་ལྟར། རྔོག་ལོ་ཆེན་པོས་པཎྜིཏ་གཞན་ལ་ཕན་པ་བཟང་པོ་དང་། སྐལ་ལྡན་བཟང་པོ། གོ་མི་འཆི་མེད། བསྟན་སྐྱོང་ལ་སོགས་པ་ཆོས་སྨྲ་བ་དགེ་ལེགས་ཀྱི་ངང་ཚུལ་ཅན་མང་དུ་བསྟེན་ཅིང་མཆོད་པ་དང་བསྙེན་བཀུར་ཆེན་པོས་མཉེས་པར་མཛད་པས་མཁས་པའི་རྩེ་མོར་སོན།
དགུང་ལོ་སོ་ལྔ་པར་རྔོག་ལོ་མཆོག་བོད་དུ་ཕྱིར་ཕེབས་མཛད་ནས་ཆོས་འཆད་དང་། བསྟན་བཅོས་སྒྱུར་ཞུས་ཀྱི་ངལ་བ་ཁུར་དུ་བཞེས། གང་གི་ཆོས་འཆད་པའི་འཁོར་གྱི་གྲངས་ཀྱང་རྣམ་ཐར་ལས་ལྷ་ས་བསམ་ཡས་སྒང་ཐོག་དང་། །ལྷ་ཡངས་ད་ལྷམ་མྱུག་གུ་སྣར། །འཁོར་གྱི་གྲངས་ནི་རིམ་པ་བཞིན། །ཁྲི་དང་སུམ་སྟོང་བདུན་བརྒྱ་དང་། །གཉིས་སུ་སྟོང་ཚོ་བཅུ་གསུམ་འཚོགས། །ཁྲི་ཚོ་གཉིས་དང་ཁྲི་ཚོ་གཅིག །རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས། །འཚོགས་སོ་ལུང་རིགས་སྨྲ་བ་ཡིན། །ཞར་ཆོས་སྟོང་དང་བརྒྱད་བརྒྱ་དང་། །བརྒྱད་ཅུ་རྩ་ལྔ་ཡོད་པ་ལ། །རྒྱན་དང་ཆོས་མཆོག་ལྔ་བཅུ་ང་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད། །”ཅེས་པ་ལྟར་ན་སྐབས་དེ་དུས་འཁོར་གྱི་གྲངས་ཁྲི་དྲུག་ལྷག་ཙམ་འདུས་ཡོད།
རྔོག་ལོའི་སློབ་མའི་ཁྲོད་ནས་སྲས་ཀྱི་ཐུ་བོ་ནི། ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མ། གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འགྲེ་ཤེས་རབ་འབར་བཅས་ཡིན་ཅིང་། འདི་དག་གིས་བོད་ཀྱི་རིག་གནས་གོང་སྤེལ་ཆེད་མཛད་རྗེས་ཤིན་ཏུ་ཆེ་བ་འཇོག་གནང་མཛད་ཡོད།
སྤྱི་ལོ་1109ལོར་རྔོག་ལོ་མཆོག་བསམ་ཡས་མ་རིར་ཆིབས་རྟ་ལས་ལྷུངས་ནས་དགོངས་པ་གཞན་དོན་དུ་གཤེགས། དམ་པ་གང་འདིའི་མཛད་རྣམ་གྱི་གྲངས་གྲོ་ལུང་པས་མཛད་པ་འདི་ཉིད་ཕུད་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་གཏམ་རོལ་སོགས་ཡོད་ལ། དེང་རབས་ཀྱི་ཞིབ་འཇུག་གནང་འབྲས་སུ་van Der Kuijp(1983) དང་། Jackson(1997 དང་1994 ) བྱམས་པ་བསམ་གཏན་( 1997) བློ་བཟང་(1997) ཁང་དཀར་ཚུལ་ཁྲིམས་སྐལ་བཟང་(1986)(39)སོགས་ཡོད་པས་དེ་དག་ལ་གཟིགས་པར་འཚལ།
བཞི་པ། རྔོག་ལོས་བསྒྱུར་ཞུས་མཛད་པའི་བསྟན་བཅོས་དང་སྦྱར་བའི་གཞུང་།
རྔོག་ལོ་ཆེན་པོས་གཞི་བསྒྱུར་མཛད་པའི་གཞུང་གི་རྣམ་གྲངས་སྐོར་ལ། གྲོ་ལུང་པས་མཛད་པའི་རྣམ་ཐར་འཇིག་རྟེན་མིག་གཅིག་ནང་འཁོད་པ་ལྟར་ན་ཁྱོན་བསྡོམས་72 ཡོད་དེ། 21དེ་ལ་རྟོག་གེ་ཚད་མའི་གཞུང་ལས་ནི།(1)རིགས་ཐིགས་དང་། (2)རྣམ་ངེས་དང་། (3) རྣམ་འགྲེལ་རྩ་བ་ལེའུ་གསུམ་པ། (4+5) སློབ་དཔོན་ཆོས་མཆོག་གི་ཌིཀ་ཆེ་ཆུང་གཉིས་དང་། (6+7)ཚད་མ་བརྟག་པ་ཆེ་ཆུང་གཉིས་དང་། (8) གཞན་སེལ་བ་གྲུབ་པ་དང་། (9) སྐད་ཅིག་འཇིག་པ་གྲུབ་པ་དང་། (10)རྣམ་འགྲེལ་གྱི་རྒྱན་དང་། (11)དེའི་ཌིཀ་ཡ་མ་རིས་སྦྱར་བ་དང་། (12) བྲམ་ཟེ་ཆེན་པོའི་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་སྟོང་པ་དང་། (13)ཚད་མ་བརྟག་པ་བར་མ་དང་། (14)སེལ་བ་གྲུབ་པ་དང་། (15)འབྲེལ་པ་གྲུབ་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ནི། (16)རྒྱལ་བའི་ཡུམ་བར་མ་ལེའུ་བརྒྱད་པ་ཕལ་ཆེར་དང་། (17)དེའི་མན་ངག་མངོན་རྟོགས་རྒྱན་དང་། (18)དེ་དག་གི་བཤད་པ་སློབ་དཔོན་འཕགས་པས་སྦྱར་བ་དང་། (19)ཡུམ་བསྡུས་པ་བརྒྱད་སྟོང་པ་དང་། (20) དེའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་བཟང་པོའི་ཞབས་ཀྱིས་སྦྱར་བ་དང་། (21) སློབ་དཔོན་དེའི་འགྲེལ་བ་ཆུང་བ་དང་། (22)དེའི་ཌིཀ་རིགས་ཀྱི་བྱིན་གྱི་སྟོད་དང་། (23)སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་ཌིཀ་ཆུང་། (24)སློབ་དཔོན་རིན་ཆེན་འབྱུང་གི་དག་ལྡན་སྟོད་དང་། (25) ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་དང་། (26+27)སློབ་དཔོན་ཕྱོགས་ཀྱི་གླང་པོའི་དོན་བསྡུ་རྩ་འགྲེལ་གཉིས། བསྟན་བཅོས་གཞན་དག་ལས་ནི། (28)རྗེ་བཙུན་མ་ཕམ་པའི་ཡང་དག་གི་ཆོས་བཤད་པ་ཐེག་པ་ཆེན་པོའི་གཙུག་ལག་ཕྱི་མ་དང་། (29)དུས་དང་པོར་བྱ་བ་མངོན་པ་བསྡུས་པ་དང་། (30)བསླབ་པ་ཀུན་ལས་བཏུས་པ་དང་། (31)བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པ་དང་། (32)ཤེས་རབ་ཀྱི་ལེའུའི་དཀའ་འགྲེལ་དྰ་ན་ཤྲིས་སྦྱར་བ་དང་། (33)འཕགས་པ་བཟང་སྤྱོད་ཀྱི་འགྲེལ་པ་དང་། (34)ལས་དང་པོ་པའི་ཚུལ་དང་། (35)སེམས་སྐྱེད་དང་ཡི་དམ་བླང་བའི་ཆོ་ག་དང་། (36)གཉིས་མེད་ཐིགས་པ།གསང་སྔགས་ཀྱི་གཞུང་ལས་ནི། (37)སློབ་དཔོན་འཕགས་པའི་སྒྲུབ་ཐབས་མདོར་བྱས་དང་། (38+39)དེའི་འགྲེལ་པ་གཉིས་དང་། (40+41)རིམ་པ་ལྔ་པ་འགྲེལ་པ་དང་བཅས་པ་དང་། (42) སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ཡན་ལག་བཞི་པའི་སྒྲུབ་ཐབས་དང་། (43+44) དེའི་འགྲེལ་པ་གནས་ལྡན་དང་ཀུན་ཏུ་བཟང་པོས་སྦྱར་བ་གཉིས་དང་། (45) རབ་གནས་བསྡུས་པའི་མདོ་དང་། (46)དོན་ཡོད་ཞགས་པའི་གཟུངས་དང་། (47)རྡོ་རྗེ་ལྕགས་ཐག་གི་གཟུངས་དང་། (48)དབང་བསྐུར་བའི་ཆོ་ག་དང་། (49) མཚན་བརྗོད་ཀྱི་འགྲེལ་པ་སློབ་དཔོན་གཉིས་མེད་རྡོ་རྗེས་སྦྱར་བའི་སྟོད་དང་། (50+51) ཀུན་སྤྱོད་ཀྱི་རྒྱུད་དང་འགྲེལ་པ་གཉིས་དང་། (52+61) ལུ་ཨི་པའི་སྒྲུབ་ཐབས་རྩ་འགྲེལ་ལ་སོགས་པ་བདེ་མཆོག་གི་ཕྲན་བཅུ་ལྷག་ཙམ་དང་། (62+70) རྡོ་རྗེ་ཕག་མོའི་སྐོར་གྱི་ཆོས་ཕྲན་དགུ་དང་། (71)དགྱེས་པ་རྡོ་རྗེའི་འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྦྱར་བ་དང་། (72)དུས་ཀྱི་འཁོར་ལོ་ལ་རྟེན་པ་ཡི་གེ་དག་པར་བརྗོད་པའི་སློབ་དཔོན་གོ་མི་ཆེན་པོས་སྦྱར་བ་བཅས་སོ།།
དེ་དག་གི་ནང་ནས་བཀའ་འགྱུར་ནང་དུ་བསྡུས་པ་3དང་། བསྟན་འགྱུར་ནང་བསྡུས་པ་52ཙམ་ཡོད། དམ་པ་དེའི་འགྱུར་གྱི་སྐོར་ལ་གྲོ་ལུང་པས། “དམ་ཆོས་བསྒྱུར་ལ་མངའ་བརྙེས་པ། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །”(41)ཅེས་པ་ལས་ཀྱང་དེའི་མཛད་རྗེས་ཆེ་ལོང་ཙམ་མཚོན་ཐུབ།
གང་འདིས་སྦྱར་བ་མཛད་པའི་གཞུང་གི་ཚོགས་ནི་རྣམ་ཐར་འཇིག་རྟེན་མིག་གཅིག་ལྟར་ན་རྣམ་གྲངས་43 ཙམ་ཡོད་དེ། (42)(1)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྣམ་ཐར་རྒྱན་འགྲེལ་པ་དང་བཅས་པའི་དོནབསྡུས་དང་། (2)རྣམ་བཤད་དང་། དང་། (3)ཡུམ་བརྒྱད་སྟོང་པའི་འགྲེལ་པའི་དོན་བསྡུས་དང་། (4)ཤེས་རབ་སྙིང་པོ་འགྲེལ་པ་དང་བཅས་པའི་དོན་བསྡུས་དང་། (5)རྣམ་བཤད་དང་། (6)མདོ་སྡེའི་རྒྱན་དང་། (7) རྒྱུད་བླ་མ་དང་། (8)དབུས་དང་མཐའ་རྣམ་འབྱེད་དང་། (9)ཆོས་དང་ཆོས་ཉིད་རྣམ་འབྱེད་བཞིའི་དོན་བསྡུས་རེ་རེ་དང་། (10+13)རྣམ་བཤད་རེ་རེ་དང་། (14) དབུ་མའི་རྩ་བ་ཤེས་རབ་ཀྱི་དོན་བསྡུས་དང་། (15)དེའི་འགྲེལ་པ་ཤེས་རབ་སྒྲོན་མའི་དོན་བསྡུས་དང་། (16) བདེན་གཉིས་ཀྱི་དོན་བསྡུས་དང་། (17)རྣམ་བཤད་དང་། (18)དབུ་མའི་རྒྱན་གྱི་དོན་བསྡུས་དང་། (19)དབུ་མ་སྣང་བའི་དོན་བསྡུས་དང་།
ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་སྐོར་གྱི་དཔྱད་གླེང་།
(20)བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་དང་། (21)རྣམ་བཤད་དང་། (22) བསླབ་པ་ཀུན་ལས་བཏུས་པའི་དོན་བསྡུས་དང་། (23)དེ་ཁོ་ན་འཇུག་པའི་གཞུང་བསྡུས་པ་དང་། (24)དོན་བསྡུས་པ་དང་། (25)བདེན་ཆུང་དང་། (26)མན་ངག་གཉིས་ཀྱི་བསྡུས་དོན་དང་། (27)དབུ་མ་སྤྱིའི་དོན་བསྡུས་དང་། (28)ཚད་མ་རྣམ་པར་ངེས་པ་ཌིཀ་དང་བཅས་པའི་བསྡུས་དོན་དང་། (29)རྣམ་བཤད་ཆེན་པོ་དང་། (30) རིགས་ཐིགས་འགྲེལ་པ་དང་བཤད་པའི་བསྡུས་དོན་དང་། (31) རྣམ་བཤད་དང་། (32) རྣམ་འགྲེལ་རྒྱན་དང་བཅས་པའི་བསྡུས་དོན་དང་། (33)ལེའུ་དང་པོའི་སྟོད་ཅུང་ཟད་ཀྱི་རྣམ་བཤད་དང་། (34) ཆོས་མཆོག་ཆེན་པོའི་ངག་དང་པོའི་ཚིགས་སུ་བཅད་པ་བདུན་གྱི་བཤད་པ་དང་། (35)དེའི་གཞན་སེལ་བའི་སྐབས་ཅུང་ཟད་བཤད་པ་དང་། (36)སློབ་དཔོན་ཆོས་མཆོག་གི་ཚད་མ་བརྟག་པ་ཆུང་བའི་བསྡུས་དོན་དང་། (37)སེལ་བ་གྲུབ་པའི་བསྡུས་དོན་དང་། (38) སྟོད་ཀྱི་བཤད་པ་དང་། (39)སྐད་ཅིག་འཇིག་པ་གྲུབ་པའི་བསྡུས་དོན་དང་། (40)བྲམ་ཟེ་ཆེན་པོའི་སེལ་བ་གྲུབ་པའི་བསྡུས་དོན་དང་། (41)སྟོད་ཀྱི་རྣམ་བཤད་དང་། (42)འབྲེལ་པ་གྲུབ་པའི་བསྡུས་དོན་དང་། (43)སྟོད་ཀྱི་རྣམ་པར་བཤད་པ་རྣམས་སོ།།
གོང་གསལ་ལྗགས་རྩོམ་དེ་དག་ལས་ད་ཡོད་དངོས་སུ་མཇལ་རྒྱུ་ཡོད་པ་གཅིག་ནི་ཚད་མ་རྣམ་ངེས་ཀྱི་དཀའ་གནས་རྣམ་པར་བཤད་པ་ཡིན་ཞིང་། དེ་ནི་བོད་མིས་ཐོག་མར་མཛད་པའི་ཚད་མའི་བསྟན་བཅོས་དང་པོ་དེ་རེད། དཔེ་དེབ་དེ་ཉིད་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བཏབ་ཡོད།(43) གཞན་གཅིག་ནི་རྣམ་ངེས་ཀྱི་ཌིཀ་ཡིན་ལ། དེ་ཉིད་པེ་ཅིན་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་ཅེས་ཕྱི་གླིང་པའི་མཁས་དབང་འགའ་རེས་གསུངས།
གོང་གསལ་རྔོག་བློ་ལྡན་ཤེས་རབ་ཀྱི་མཛད་པ་རགས་བསྡུས་ལས་ཁོང་གིས་བོད་ཀྱི་རིག་གནས་དང་ལྷག་པར་དུ་ཚད་མ་རིག་པའི་གོང་སྤེལ་ཐད་མཛད་རྗེས་ཤིན་ཏུ་ཆེ་བ་འཇོག་གནང་མཛད་ཡོད་པ་མཚོན་ཐུབ་ཅིང་། ཁོང་ནི་བདག་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་དབང་ཞིག་ཡིན་པ་སྨོས་མེད་རེད།
མཆན་འགྲེལ།
(1)རྣམ་ཐར་འདི་ཉིད་ལ་དེང་དུས་ཀྱི་ཞིབ་འཇུག་ཐབས་ལམ་དང་མཐུན་པའི་ཞུ་མཆན་བཀོད་ཡོད་པ་དེ་ནི་གུས་རང་སྤྱི་ལོ་1999ལོ་ནས་2000ལོ་བར་ཨོ་སི་ཊོའི་རྒྱལ་ས་ཝིན་ནར་ཡོད་པའི་ཨོ་སི་ཊོའི་ཚན་རིག་ཁང་ཨེ་ཤ་ཡའི་ཞིབ་འཇུག་ཚན་པའི་ནང་ཞིབ་འཇུག་པའི་ལས་སྣེ་འཁུར་ཞིང་ལས་ཀའི་ཆ་ཤས་ཤིག་ཡིན།
(2)རྔོག་ལོའི་འགྱུར་བྱང་སྐོར་གྲོ་ལུང་པས་མཛད་པའི་རྣམ་ཐར་བདེ་ཡངས་ཤར་གྱི་པར་མ་གཤམ་དུ་Dཞེས་འགོད་རྒྱུ། Df11b5-Df11b5དང་། དེང་དུས་ཀྱི་ཞིབ་འཇུག་བྱས་འབྲས་ལ་Jackson 1994 (378 - 380): "An Early Biogra-phy of rNgog Lot—tsa — ba Blo—ldan —shes —iab, "in Per Kvamc(cd), Tibetan Studies Proceed—ings of the 6th Seminar of the International Association for tibetan Studies, Fagernes 1992. Vol. l. Oslo, The Institute for Comparative Re—search in Human Culture, 372 – 392དང་། Kramer1995 ( 35 —62) : rNgog Blo — ldan — shes — rab ( 1059 - 1109). the Life and Works of the Great Translator. M. A. thesis, University ofHamburgསོགས་ཡོད།
(3)རྔོག་ལོའི་བསྟན་བཅོས་སྐོར། Df14a5—Df14b6དང་། Van Der Kuijp1983 (34):Contributions to the Development of Tibetan Buddhist Epistemology. Wiesbaden, FranzSteiner Verlagདང་། Jackson 1997 (127f): rNgogLo — tsā— bá“ s Commentary on the Ratnagotravibh ā ga: An Early - 20th - Century Lhasa Printed Ddition, " in H, Krasser et al. (eds), Tibetan Studies. (Proceedings of the 7th Seminar of the International Association for Tibetan Studies, Graz 1995) Vol. 1, Wien, Vcrlag der Oslerreichischen Akademie der Wissenschaften, 439–455Rདང་།Jackson 1994 (38of) བཅས་སུ་གསལ།
(4) Jackon
(5)Jackson 1994 (372)
(6)མཆན་གོང་དང་མཚུངས། ཤོག་གྲངས་373དུ་གསལ།
(7)ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་བསྟོད་པ་གྲོ་ལུང་པས་མཛད་པ། Jackon 1994(373)དང་དེའི་མཆན་འགྲེལ་10 པར་གཟིགས།
(8) Kramer 1995 (65-70) དགེ་རྒན་ཆེན་མོ་David Jackson མཆོག་ནས་དཔྱད་རྩོམ་དེའི་འདྲ་བཤུས་མཁོ་འདོན་གནང་བྱུང་།
(9)འདྲ་བཤུས་འདི་དགེ་རྒན་ཆེན་མོ་Per Sornsen མཆོག་ནས་གནང་བྱུང་བར་ཁོང་གི་ལྷག་བསམ་དག་པའི་མཛད་ཕྱོགས་པ་ཐུགས་རྗེ་ཆེ་ཞུ།
(10)ཚིགས་བཅད་འདི་དག་Jackson ( 1994) 383 —385དང་གནད་བསྡུས་375— 377 ནང་དུ་ཡང་གསལ།
(11)ད་བར་གྲོ་ལུང་པའི་མཛད་རྣམ་ཆ་ཚང་བ་མ་རྙེད།
(12) བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་འཇུག་པའི་ལམ་གྱི་རིམ་པ་རྣམ་པར་བཤད་པ། རྩིས་འཕྲུལ་ནང་བཅུག་པའི་པར་མ ACIP (Asian Classics Lnput Proj—ect, SL0070 — 1, SLoo70 — 2)
(13)ACIP ནང་གི་གྲོ་ལུང་པའི་མཛད་པ་ཆེ་ལོང་ངོ་སྤྲོད་གནང་བ་དེར་དཔྱད་གཞི་ཞུས།
(14) ངོས་30a ཆད། མཇུག་བྱང་གི་དུམ་བུ་གཉིས་པ་ངོས་30bནང་གསལ།
(15)རྔོག་ལོའི་རྤམ་ཐར་འབྲུག་རྒྱལ་ཁབ་ཀྱི་བྲིས་མ་གཤམ་དུ་Bཞེས་འགོད་རྒྱུ་)Bf30b1
(16)འདི་སྐོར་གཤམ་དུ་འགྲེལ་བརྗོད་ཞུ་རྒྱུ།
(17)Bf39b2—6
(18)རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་རྣམ་ཐར། བྲིས་མ། ངོས་29b4པར་གཟིགས་པར་འཚལ།
(19) འགྲོ་མགོན་ཆོས་རྒྱལ་འཕགས་པའི་སློབ་དཔོན་ཉི་མ་དཔལ་གྱི་མཚན་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ཤོག་ངོས་173ནང་གསལ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།
(20)བུ་སྟོན་ཆོས་འབྱུང་(ed,Chandra, New Delhi, 1971)ཤོག་གྲངས་1050དང་། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྔོག་ལོའི་མཛད་རྣམ་ངོ་མཚར་གཏམ་གྱི་རོལ་མོ (colledted works, vol. 1b Timphu, 1975) ཤོག་གྲངས་447 ནང་དུའང་གསལ།
(21)རྔོག་ལོའི་མཛད་བྱང་ནང་དུ་མ་རྙེད།
(22)མཆན་18དང་མཚུངས། ངོས་366 ལ་གཟིགས།
(23)འདིའི་འགྲེལ་བརྗོད་རྣམས་དགེ་རྒན་ཆེན་མོ་Per Sorensen དང་། David Jackson
(24)CHAN VICTOR 1994 Tibet Handbook, Chico California, Moon Publications. ཤོག་ངོས་241
(25)ALTEKAR, A. S"Introduction of General Editor, "oin Roerich 1959, pp. I - xxxviii.
(25)འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་(New Delhi, 1974)ཤོག་གྲངས394
(27) གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྔོག་ལོའི་མཛད་རྣམ་ངོ་མཚར་གཏམ་གྱི་རོལ་མོ་ཤོག་གྲངས་446
(28)དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། (པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1985)
(29)དགེ་བའི་བཤེས་གཉེན་འདི་པས་འབྲེལ་ཡོད་ཀྱི་སློབ་སྟོན་ཐེངས་མང་གནང་བར་ཐུགས་རྗེ་ཆེ་ཞུ།
(30)མཆན་26དང་མཚུངས། ཤོག་ངོས412
(31)མཆན་26དང་མཚུངས།
(32)ཞྭ་དམར་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། (1350 – 1405)
(33)མཆན་5པ་དང་མཚུངས། ཤོག་ངོས་373ནང་འདི་དང་འདྲ་བའི་འདོད་ཚུལ་བཞེད།
(34)གོང་མཚུངས། ཤོག་ངོས་274
(35)Df 23a 2-3 ଝିଞ୍ଜି
(36)Df21b5
(37)Df6b6 - Df7al ଝିଞ୍ଜି
(38) Df8a5 – 6
(39)JAMPA SAMDEN 1997: "Notes on the Late Twelfth or Early Thirteenth Century Com—mentary on the Abhisamayâ lamkâ râ : A prelim—inary Report of a Critical Edition, " in: STEINKELLNER et al. (ed.), vol. 2, pp. 831 – 841.LOBSAN, SASTRI: 1997" The fire Dragon chos khor ( 1076 AD) , " in: STEINKELLINER et al. (eds.), vol 2, pp. 873 - 882.TSHUL KHRIMS SKAL BZAN, KHAN DKAR: 1986 ཚད་མའི་ལོ་རྒྱུས་དར་ཊིཀ་མཛེས་རྒྱན། (A History of Logical Studies in Tibet) , in: SAMBHASA7, pp 55 — 95 Nagoya University, Japan.
(40)Df 11b5 - Df 12b.5
(41)Df 11b4
(42)Df12a5 - Df 14b6
(43)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་1994 ལོ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1