དྲན་འབུམ་རེད་དམ་དྲྭ་འབུ་རེད།

ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27



        དྲན་འབུམ་མདང་ནུབ་ཀྱང་སྔར་བཞིན་སྐད་འཕྲིན་གྱི་དྲྭ་ལམ་དུ་མགོ་བོ་འཁོར་ནས་མཚན་མོའི་ཆུ་ཚོད་ཇི་ལྟར་བཞུད་པའང་མ་ཤེས་པར་ནམ་ཕྱེད་ཡོལ་རག་བར་དུ་མ་ཉལ། མཚན་མོ་རེ་རེའི་དུས་ཚོད་དེ་ཁོ་རང་ཧད་པར་གྱུར་སའི་དྲ་བའི་རྒྱབ་ལོག་གི་མི་མཐོང་ས་ནས་འཇབ་ཀྱིན་འཇབ་ཀྱིན་བུད་འགྲོ་བ་ལྟར་ཉལ་བའི་དུས་ནི་ནམ་ཡང་འཕྱིས་འགྲོ་བས། ཞོགས་པར་བྱ་བྱེའུ་ནས་མི་ཚོགས་ཀྱི་བར་ཏེ་ཁོར་ཡུག་གི་སྲོག་ལྡན་ཕལ་མོ་ཆེ་ནི། ནམ་གསལ་ཞེས་པའི་དཀར་ངོགས་ཀྱི་བརྡ་ལ་བརྟེན་ཏེ་མལ་ལས་ལངས་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཉིན་གཅིག་གི་སོ་སོའི་ཁ་གསོ་བྱེད་ཀྱི་ལས་ལ་ཞུགས་ཀྱིན་ཡོད་མོད། དྲན་འབུམ་གཉིད་ཀྱི་གཏིང་ན་ལུས་ཏེ་རང་ཉིད་ནི་ཟས་རང་འགྲུབ་དང་གོས་རང་འགྲུབ་ཅན་གྱི་སྲོག་ཆགས་ཁྱད་པར་བ་ཞིག་ལོས་ཡིན་སྙམ་པ་ལས་གཞན་དག་དང་འདྲ་བའི་བྲེལ་བ་ག་ལ་ཡོད་དེ་མེད་དོ། །

        “དྲན་འབུམ། དྲན་འབུམ་་་་་་ཡར་ལ་ལོངས”དེ་ནི་ཁོའི་བཟའ་ཟླའི་སྐད་རེད། “ཨ་ཕ། ཨ་ཕ་་་་་་ལངས་ནས་ཇ་ཐུངས། ཨ་མས་ཇ་འཐུང་རན་ཐལ་ཟེར”དེ་ནི་ཁོའི་བུ་མོ་ཆུང་ཆུང་ལོ་ན་བཞི་ཅན་དེའི་སྐད་རེད། མ་བུ་གཉིས་ཀྱི་སྐད་ཆ་དེ་ནི་ཕལ་ཆེར་སྒྲའི་ནུས་པ་མེད་པའི་ཁ་རླངས་སྟོང་བ་ཞིག་ལྟར་ཡིན་ཏེ། དྲན་འབུམ་གྱི་མཚན་མོ་རེ་རེའི་དྲྭ་ཉུལ་གྱིས་ནི་དཀའ་ཞིང་ངལ་བའི་དམག་འཁྲུགས་ཤིག་ལ་ཞུགས་པ་ལྟར་ཁོ་རང་གི་ལུས་སེམས་གཉིས་ཀ་ཤིན་ཏུ་དུབ་པར་བཏང་ཡོད་པས། ཞོགས་པར་མལ་ཐུལ་གྱིས་མགོ་བོ་བཏུམས་ནས་འབྲོག་པའི་ཞོ་བསྙལ་བ་བཞིན་འགུལ་མེད་དུ་གཉིད་ནས་ཡར་ལངས་རྒྱུ་ཤིན་ཏུ་དཀའ།
    
        “དྲན་འབུམ། དྲན་འབུམ་་་་་་ད་ཡར་ལ་ལོངས་མ་གཏོགས་ཉི་མ་ལ་ཤར་ལུང་ཤར་རེད” བཟའ་ཟླས་ཁྱིམ་བྱ་དེ་ཕོས་ཞོགས་པའི་སྔོན་བརྡ་ཐེངས་གཉིས་པ་གཏོང་བ་བཞིན་དྲན་འབུམ་གྱི་སྔས་མགོར་སོང་ནས་བོས། འོན་ཀྱང་ཁོ་རང་མལ་ཐུལ་ལས་འགུལ་ཙམ་བྱེད་པ་ལས་ཁ་གྲག་རྒྱུ་མེད། གལ་ཏེ་སྐབས་འདི་མི་ཆ་མེད་ཅིག་གིས་མཐོང་ཚེ་མལ་ཐུལ་འོག་གི་མི་དེ་ལོ་ན་བརྒྱད་ཅུར་སོན་པའི་བགྲེས་པོ་ཞིག་གམ། ཡང་ན་ཨ་རག་གིས་ར་རོར་གྱུར་པའི་མི་ཞིག་རེད་སྙམ་པར་ཐེ་ཚོམ་མེད།

        “དྲན་འབུམ་་་་་་ཨ་ལེ། ད་ཡར་ལ་ལོངས་མ་གཏོགས་ཉིན་གུང་དུ་སླེབས་ལ་ཉེ་བས་ཁྱིམ་དུ་འགྲུལ་བ་རེ་འོང་ན་ངོ་ཚ་བ་ལ” འདི་ནི་མ་སྨད་གཉིས་ཀྱིས་ཞོགས་ཇ་འཐུང་ཞིང་ཨ་མས་ཁྱིམ་ལས་ལས་རྗེས། སྒོ་ནས་གྱོན་པ་མང་ཙམ་བཀྲུས་ཏེ་ཁྱིམ་ལ་ཐོན་དུས་ཡང་བསྐྱར་བོས་པ་རེད། ད་ཐེངས་དྲན་འབུམ་གྱིས་མལ་ཐུལ་འོག་ནས་དལ་གྱིས་འདྲེ་ལྡོག་ཅིག་བརྒྱབ་ཏེ་རྐང་བརྐྱང་ལག་བརྐྱང་གིས་གླལ་སྒྱིང་ཞིག་བྱེད་ཞོར་མིག་ཕྱེ་ཐུབ་ལ་མི་ཐུབ་པའི་ངང་ནས་ཕར་བསྙབས་ཏེ་གློག་གསོག་ཡོད་པའི་ཁ་པར་དེ་བླངས། མིག་འབྱེད་མ་འཛུམ་གྱི་ངང་གློག་སྒོ་ཕྱེས་མ་ཐག“ཏི་ལིང་། ཏི་ལིང་་་་་་” “ཏི་ལིང་། ཏི་ལིང་་་་་་” ཞེས་འཕྲིན་བརྡ་མང་པོ་ཞིག་འཕྲོ་རིམ་འཕྲོར་བླུགས་པ་ལྟར་ཐོན། “ཡ་གསར་བུ་དྲན་འབུམ་ཞོགས་པར་བདེ་ལེགས” “བརྩེ་བའི་དྲ་གྲོགས་ཡོངས་ལ་ཞོགས་པའི་ཆ་ནས་འཚམས་འདྲི་ཞུ་བཞིན་ཡོད” “ནམ་ལངས་ཀྱི་ཐོག་མ། ཉི་ཤར་གྱི་རྩེ་མོར་བཀྲ་ཤིས་བདེ་ལེགས་ཞུ། དེ་ནས་ཁ་བརྡ་བྱོས་དང”སོགས་མང་པོ་ཞིག་གྲག་གིན་འདུག དྲན་འབུམ་གྱིས་མགོ་སྐྲ་ཟིང་ཟིང་དེ་མིག་གི་ཐོག་ནས་ཕར་དེད་ཙམ་བྱེད་ཞོར“སྙན་ཚོམ་གླིང་གི་གྲོགས་པོ་དག་ལ་ཞོགས་པར་བདེ་ལེགས་ཞུ”ཞེས་ཅི་མི་སྙམ་པར་བཤད་པ་ན། བཟའ་ཟླས “ཨ་ཙི། ད་ནི་ཉིན་གུང་དུ་སླེབས་ཟིན་པས་ཁྱོས་ད་དུང་ཞོགས་པ་ཞེས་ཟེར་ནས་ཁོ་ཚོས་འཕྱ་བར་ངེས། ཁྱོད་སྨྱོས་པ་མིན་ནམ” ཞེས་བཤད་པ་ན་ཁོས་ད་གཟོད་ཞོགས་པ་ནི་སྔ་མོ་ནས་འགྱངས་ཟིན་པ་དྲན་ནས་མྱུར་བར་སྐད་ཆ་དེ་ཕྱིར་འཐེན། ཁོ་གཉིས་ཀ་མཉམ་དུ་དགོད་ཁ་ཤོར། ཚོགས་པའི་ནང་དུའང“ཧ་ཧ་ཧ”ཞེས་པའི་ཡི་གེ་དང་དགོད་ཁ་གཏིང་ནས་ཤོར་བའི་འགུལ་རིས་ཁ་ཤས་འཕྲོ་རིམ་འཕྲོར་ཐོན་པས་དྲན་འབུམ་གྱི་གདོང་བ་ཚ་ལམ་ལམ་ཏུ་བཏང་།

        བཟའ་ཟླས་གཡོས་ཁང་དུ “ཐག་ཐག་ཐག” གི་སྒྲ་དང་བཅས་ཅི་ཞིག་གཏུབ་ཀྱིན་གུང་ཟས་སྦྱོར་བར་བྲེལ་གྱིན་ཡོད། དྲན་འབུམ་མལ་སའི་ནང་ནས་མགོའང་མ་བཀྱག་པར་དྲྭ་ཉུལ་བྱས་ནས་ཆུ་ཚོད་ཕྱེད་ཀ་ཙམ་འགོར། དེ་ནི་ཁོས་ཉིན་གཅིག་གི་མིག་ཕྱེས་པའི་ཐོག་མའི་ལས་ཀ་ཡིན། ཡང་ན་མལ་ལས་མ་ལངས་གོང་གི་ཉིན་གཅིག་གི་འཚོ་བའི་སྔོན་འགྲོའང་ཡིན། དོན་གྱིས་སྔོན་འགྲོ་ཟེན་ནའང་མི་འགྲིག་སྟེ། དྲྭ་ཉུལ་བྱེད་པ་ནི་ཁོས་ཉིན་གཅིག་གི་ལས་ཡོད་ཚད་དེ་སྔོན་འགྲོ་དང་། དངོས་གཞི། མཇུག་སྡུད་དེ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་ལས་ཀ་ཡིན་ནོ། །

        ཐབ་ཀ་གོང་མའི་སྟེང་དུ་དབུགས་བ་ལས“སིར་སིར་་་་་་་སིར་་་་་་”གྱི་སྒྲ་དང་བཅས་དབུགས་ཏོག་གཡོ་ཞིང་མཚམས་རེར་འཁོར་ཙམ་འཁོར་ཙམ་བྱེད། ཐབ་ཀ་འོག་མ་རུ་ཤ་དང་ཚལ་བརྔོ་བའི“ཚག་ཚག”གི་སྒྲ་བར་མེད་གྲག་པ་དང་མཉམ་དུ་དྲི་མ་ཞིམ་པོ་ཞིག་་ཁང་མིག་ཏུ་ཁྱབ་འོང་བས། དྲན་འབུམ་གྱིས་ད་གཟོད་རང་ཉིད་ཀྱིས་ཞོགས་ཟས་མ་ཟོས་པས་ལྟོ་བ་ཅུང་ལྟོགས་ཀྱིན་པའི་ཚོར་བ་བྱུང་། ཁོས་ཁ་པར་ཁ་ལག་བཀྲུ་སའི་ཟུར་གྱི་སྟེགས་བུའི་སྟེང་དུ་བཞག་ནས་ཕྱོགས་གཅིག་ནས་ཁ་ལག་བཀྲུ་བ་དང་། ཕྱོགས་གཅིག་ནས་ཁ་པར་གྱི་འཆར་ངོས་སུ་ཡང་ཡང་ལྟ། “ཏི་ལིང” “ཏི་ལིང”“ཁ་བའི་བུ་ཕྲུག”གིས་སྐད་ཆ་ཞིག་ཐོན། “གློག”གིས“གྲོགས་པོ་ཉིན་གུང་བདེ་ལེགས། དེ་རིང་སྙན་ངག་འབྲི་བཞིན་ཡོད་དམ” ཞེས་པ་ཞིག་ཐོན། “སྙན་ངག་གླིང”དུ“རྩོམ་ཡིག”ཁ་ཤས་འཕྲོ་རིམ་འཕྲོར་ཐོན། “ས་འུར་རྡོ་འུར་ཚང”དུ“འགུལ་རིས” འགའ་ཐོན། ཁ་ངོ་སྟབས་བདེ་ཞིག་བཀྲུས་རྗེས་མིག་ཁ་པར་དང་འབྲལ་བ་མེད་པར་རྐུབ་སྟེགས་སུ་བསྡད།

        བཟའ་ཟླས་ཁ་རླངས་ཐོལ་ཐོལ་བྱེད་ཀྱིན་པའི་ཚལ་འབྲས་དཀར་ཡོལ་ཆེན་པོ་ལྟེམ་མེར་གང་བ་ཞིག་བླུགས་ཏེ་དྲན་འབུམ་གྱི་སྔུན་དུ་བཞག ཁོས་ད་དུང་ཟ་མ་སྐྱེལ་མཁན་དང་ཟ་མ་གཉིས་ལ་ལྟ་ཙམ་ཡང་མི་ཁོམ་པར་ཁ་པར་གྱི་འཆར་ངོས་སུ་ཅི་ཞིག་ཡར་དེད་མར་དེད་བྱེད་ཀྱིན་ཡོད། བུ་མོ་བརྒྱུགས་འོངས་ནས“ཨ་ཕ། ཨ་ཕ། སིན་བོའུ་ཁུང་དང་ཧྲ་ཧྭི་ཧྲ་གཉིས་ལས་སུའི་ངར་བ་རེད། ཁྱིམ་མཚེས་ཚང་གི་ཞི་ལུས་བཤད་ན། ཁོ་རང་སིན་བོའུ་ཁུང་ཡིན་ལ། ང་ནི་ཧྲ་ཧྭི་ཧྲ་ཡིན་པས་ཁོས་ང་རང་ཕམ་པར་རྒྱག་ཐུབ་ངེས་ཟེར་བས། དོན་ངོ་མས་ཁོ་གཉིས་ལ་སུའི་ངར་བ་རེད” ཅེས་དྲན་འབུམ་གྱི་པང་དུ་མཆོངས་ནས་མིག་རིག་རིག་ངང་དྲིས། དྲན་འབུམ་གྱི་མིག་མདའ་ཁ་པར་ལས་མི་ལེན་པར“ཨ་་་་་ཨ་་་་་་་” ཞེས་བུ་མོའི་དྲི་བ་མ་ཐོས། བུ་མོས་ཐེངས་འགར་དྲིས་ནའང་ཨ་ཕ་ནི་རྣ་བ་འོན་པ་ཅན་ཞིག་ལྟར “ཨ་་་་་ཨ་་་་་་་”ཞེས་ཟེར་བ་ལས་ལན་མ་བཏབ་པས་བུ་མོ་སྤོ་ལངས་ཏེ། གདོང་གཤིས་མི་ལེགས་པ་ཞིག་སྟོན་བཞིན་ཨ་ཕའི་པང་ནས་མར་ལྡིང་སྟེ་ཨ་མའི་འགྲམ་དུ་སོང་ནས་དྲིས།

        “སིན་བོའུ་ཁུང་དང་ཧྲ་ཧྭི་ཧྲ་གཉིས་ཀ་ངར་བ་རེད། ཧྲ་ཧྭི་ཧྲ་ལའང་གནམ་ལ་འཕུར་བའི་རྫུ་འཕྲུལ་ཡོད་པ་རེད”ཅེས་བཤད་པ་ན་བུ་མོ་དགའ་ནས་ས་ལྡིང་གནམ་ལྡིང་བྱས། ས་ལྡིང་གནམ་ལྡིང་བྱེད་ཀྱིན་མོས་ཅི་ཞིག་དྲན་དེ་ཨ་ཕའི་ཟུར་དུ་བརྒྱུགས་འོངས་ནས“ཨ་ཕ། ངས་སིན་བོའུ་ཁུང་ལ་བལྟ་དགོས། ངས་སིན་བོའུ་ཁུང་ལ་བལྟ་དགོས”ཞེས་ལྟ་ཨེ་ཆོག་ཅེས་པའི་ནང་དོན་བསྟན། དྲན་འབུམ་གྱིས་ལག་གཡོན་པར་དཀར་ཡོལ་བཟུང་ཞིང་མདུན་ཅོག་སྟེང་གི་ཁ་པར་ངོས་སུ་མཛུབ་མོས་ཡང་ཡང་བཙུགས་ཤིང་ཁ་ནང་དུ་ཟས་ལྡད་ཞོར་དགོད་ཙམ་དགོད་ཙམ་བྱེད་ཀྱིན་ཡོད་པས་བུ་མོའི་སྐད་ཆ་ནི་སྣང་ལ་མ་ངེས་པར་གྱུར། བུ་མོ་སླར་ཡང་ཨ་མའི་ཟུར་དུ་སོང་ནས་སྐད་ཆ་དེ་བཤད་པ་ན། “ཡ་དེས་ན་ངེད་གཉིས་ཀྱིས་འཚོལ”ཞེས་ཟ་མ་ཟ་ཞོར་བརྙན་འཕྲིན་གྱི་རྒྱང་བསྒྱུར་གྱིས་འཕྲིན་ལམ་རེ་རེ་བཞིན་བརྗེས། ཡིན་ནའང་བུ་མོས་བལྟ་དགོས་ཟེར་བའི་ནུབ་བསྐྱོད་ཟིན་ཐོ་མི་འདུག་པས་མཐར་བུ་མོས“ཤོང་ཏཱ་ཤོང་ཨར”ལ་བལྟ་རྒྱུ་ཞེས་བདམས་པས། མ་སྨད་གཉིས་ཀྱིས་ཟ་མ་ཟ་ཞོར་དུ་དེར་བལྟས། མཚམས་རེ་རེར་དགོད་ཁ་ཤོར་ནས་ཟ་མ་ཁ་ནང་ནས་ཕྱིར་མཆོད་གྲབས་བྱེད། ཨ་ཕས་ཁ་རུ་ཟ་མ་ཟ་བཞིན་ཡོད་ནའང་མིག་ཟུང་མདུན་ཅོག་སྟེང་གི་ཁ་པར་དང་མི་འབྲལ་བར་མ་བུ་གཉིས་ཀྱིས་ཅི་ཞིག་བྱེད་ཀྱིན་པ་ཤེས་ཀྱིན་མེད། བཟའ་མི་གསུམ་པོས་ཉིན་གུང་གི་ཁ་ཟས་ཀྱི་བྲོ་བ་ཅང་མ་ཚོར་བར་གུང་ཟས་ཟོས་ཚར། དེ་ནི་སྣོད་ཅིག་གི་ནང་གི་ཤ་དང་འབྲས་ཚལ་སོགས་སྣོད་གཞན་ཞིག་གི་ནང་དུ་བླུགས་པ་དང་འདྲ་བོ་འདུག གང་ལྟར་བ་མ་ལས་དཀར་ཡོལ་དང་དཀར་ཡོལ་ལས་མཆུ་ཏོ་བརྒྱུད་དེ་ལྟོ་བར་བུད་སོང་། དེ་ནི་བུ་མོ་དང་ཨ་མའི་གུང་ཟས་ཡིན་ལ། དྲན་འབུམ་གྱི་ཞོགས་ཟས་དང་གུང་ཟས་གཅིག་ལྕོགས་ཡིན།

        བུ་མོ་ནི་འགུལ་རིས་མུ་འབྲེལ་བརྙན་འཕྲིན་ཟློས་གར“ཤོང་ཏཱ་ཤོང་ཨར”ནང་གི“ཧ་ཧ་ཧོ་ཧོ”ཞེས་མཚམས་རེར་བགད་ནས་འགྲིལ་འགྲོ་བ་དང“འུན་འུན་་་་་་”ཞེས་མཚམས་རེར་སྡུག་པའི་ངུ་བ་དང་སྨྲེ་སྔགས་འདོན་པ་སྟེ་རྣོ་ངར་ཆེ་བའི་ཡིད་འགུགས་ཀྱི་ནུས་པ་དེར་དབྱིངས་ཞུགས་ཏེ་བོས་ཀྱང་མི་གོ་བའི་ཚད་དུ་གྱུར་ལ། ཨ་མས་ཀྱང་བུ་མོའི་དགའ་ཕྱོགས་ལྟར་བརྙན་འཕྲིན་དེ་ལ་ཅེར། བུ་མོ་ལོ་ན་བཞི་ལས་མིན་མོད། རྒྱ་སྐད་གོ་བར་ཨ་མ་ལས་བུ་མོ་རབ་ཅིག་ལ་བཟང་། ཨ་མས་བུ་མོར་མཚམས་དང་མཚམས་རེར“ད་ཐེངས་ཤོང་ཏཱ་ཅིའི་ཕྱིར་ངུས་པ་རེད” “ཤོང་ཨར་དེ་འདྲའི་དགོད་ཅིག་ཤོར་བ་ཅི་རེད” ཅེས་སོགས་དྲིས་ནའང་བུ་མོས་བོད་སྐད་ཀྱིས་འགྲེལ་བཤད་མི་ཤེས་པས་ཨ་མར་ཐབས་ཟད་དེ་མུ་རུ་བརྙན་འཕྲིན་ལ་ཅེར།

        དྲན་འབུམ་གྱིས་མདང་ནུབ་སྐད་འཕྲིན་གྱི་བར་སྟོང་དུ་རང་མོས་སྙན་ངག་ཅིག་སྤེལ་བར་དྲ་གྲོགས་ཁ་ཤས་ཀྱིས་ཞབས་མཆན་བཞག་ཡོད་པར་བལྟས། མཐེ་བོང་ཁ་ཤས་འཇོག་མཁན་དང་། ལྦུ་རག ཚིག་ཇ། མེ་ཏོག་སོགས་འཇོག་མཁན་འགའ་རེ་དང་སྙིང་རྟགས་འཇོག་མཁན་མང་པོ་འདུག “སྙན་ངག་ཡག་གི” “ཁོ་བོའི་སེམས་ལ་བབས་སོང” “གྲོགས་ལགས་ཀྱི་སྙན་ངག་གི་བསྟན་པ་ཡང་ཡང་དར་བར་ཤོག” “དྲན་འབུམ་གྱི་དྲན་པའི་དབྱངས་རྟ་དཀྲོལ་བྱུང” “དྲན་པ་འདི་འདྲ་མྱུར་བས་དྲན་པ་འབུམ་ཞེས་བཏགས་པ་ཡིན་ངེས”ཞེས་སོགས་སྙན་ངག་དེ་ཡག་རབས་དང་། སྙན་ངག་འབྲི་མཁན་ལ་བསྟོད་པ་བྱས་པའི་ཞབས་མཆན་ཡང་མི་ཉུང་བ་ཞིག་ཡོད་པ་དག་ལ་བལྟས་རྗེས། རེ་རེ་བཞིན་མཐེ་བོང་དང་ལྦུ་རག ཚིག་ཇ། མེ་ཏོག་སོགས་ལ་འཛུམ་མདངས་ཀྱི་རི་མོའམ་གུས་ཉམས་ཀྱི་ཕྱག་རྒྱ་སོགས་བསྐུར་བ་དང་། ཞབས་མཆན་འདེབས་མཁན་དག་ལ“གྲོགས་ཅིག་ཅིག་ལ་བཀའ་དྲིན་ཞུ” “གྲོགས་ཉིག་ཉིག་ལ་ཐུགས་རྗེ་ཆེ་ཞུ” “ང་ཚོས་སྙན་ངག་གི་ལམ་ནས་མི་ཚེའི་བདེ་སྡུག་གླེང” “ང་ཚོར་སྙན་ངག་ཡོད་པས་མི་ཚེ་ཕྱུག་པོ་ཡིན”ཞེས་སོགས་རང་ཉིད་ཡིད་ཚིམ་པའི་ཞབས་མཆན་གྱི་ལན་མང་ཙམ་བྲིས་ཏེ་སྣང་བ་སྐྱིད་ལ་སྐུལ་བཞིན་འདུག མདུན་ཅོག་སྟེང་དུ་བཟའ་མི་གསུམ་པོའི་དཀར་ཡོལ་དང་ཟ་ཐུར་སོགས་ལ་བདག་པོ་མེད་པར་རང་དགར་ལུས་ཡོད།


        ཟླ་འགའི་སྔོན་དུ་རྡོ་རྗེ་བྲག་དགོན་པའི་གྲྭ་གཞོན་འགའ་རེ་དང་སློབ་ཆེན་ནས་མཐར་ཕྱིན་གྱི་མིང་བླངས་ཤིང་། ལས་ཀ་གང་ཡང་མ་རག་པའི་གསར་བུ་རེ་ཟུང་མཉམ་འབྲེལ་གྱིས“གཞོན་པའི་སྙུག་རྩལ”ཞེས་པའི་འཕྲིན་སྟེགས་ཤིག་གཉེར་ཞིང་། ཡིག་ནོར་མང་བའི་སྙན་ངག་མང་པོ་ཞིག་འཕྲིན་སྟེགས་གཞན་དག་ལྟར་འུར་འུར་ཟིང་ཟིང་གིས་སྤེལ་གྱིན་འདུག འཕྲིན་སྟེགས་དེ་བ་ཚང་གིས་ཉིན་གཉིས་གསུམ་གྱི་སྔོན་དུ“ཤར་མཐའི་སྐར་ཆེན”ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག་འགྲན་བསྡུར་ཞིག་སྤེལ་རྩིས་ཡིན་ཞེས་པའི་བརྡ་སྦྱོར་ཆ་མ་ཆོལ་ཞིག་འཕྲིན་སྟེགས་དང་མི་སྒེར་གྱི་བར་སྟོང་དུ་སྤེལ། དྲན་འབུམ་ནི་བརྡ་སྦྱོར་ཆ་མ་ཆོལ་དེས་རྣམ་ཤེས་ཡོངས་སུ་བཀུགས་མཁན་གྱི་གྲས་ཡིན། ཁོས་སྔ་དྲོ་ཞིག་གི་དུས་ཚོད་སྤྱད་དེ“ཤར་མཐའི་སྐར་ཆེན། དྲན་འབུམ་གྱིས་བརྩམས”ཞེས་རང་མོས་སྙན་ངག་ཐིག་ཕྲེང་བཅོ་ལྔ་ཡས་མས་ཅན་ཞིག་བྲིས་པ་དང་། བརྡ་སྦྱོར་དུ་འགྲན་ཞུགས་སྙན་ངག་པའི་ཉེ་པར་དང་ངོ་སྤྲོད་སོགས་དགོས་ཞེས་བཤད་པ་བཞིན་རང་གི་སྐྲ་རིང་བོ་དེ་མིག་གི་ཐོག་ཏུ་ལུག་པར་བཅུག་ཅིང་དཔེ་དེབ་ཅིག་གིས་འགྲམ་པ་བསྐྱོར་བའི་པར་ཞིག་དང་། “དྲིན་ཆེན་ཕ་མས་གནང་བའི་གཅེས་མིང་ལ་བསོད་ནམས་སྐྱབས། སྙན་ངག་ལྷ་མོས་བསྩལ་པའི་པིར་མིང་ལ་དྲན་འབུམ་ཟེར། སྟོང་ལོ་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར་ལྟེ་མཚལ་དམར་པོ་མཐོ་སྒང་གི་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་མར་འགྲན་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་འཕོས། ཆུང་དུས་ནས་སློབ་གླིང་རིག་པའི་དགའ་ཚལ་ནས་ཤེས་བྱའི་བདུད་རྩི་ངོམ་མེད་དུ་བཏུང་ནས་འོངས་ཤིང་། ད་ལྟ་མི་ཡུལ་གྱི་གྲུ་ག་ཞིག་ནས། དགའ་སྐྱོ་ཆགས་སྡང་གི་སེམས་གཏམ་དམར་པོ་བྱོ་སའི་སྙན་ངག་ལྷ་མོའི་ལྡེམ་ལྡེམ་གྱི་སྐེད་སྐབས་ཕྲ་མོར་ཡང་ཡང་འཁྱུད་ཀྱིན་ཡོད”ཅེས་ཆ་མེད་ཅིག་གིས་ངོ་སྤྲོད་འདི་མཐོང་ན“ཁོ་ནི་བོད་ཀྱི་སྙན་ངག་པའི་ཆོ་ལོ་ཐོབ་མཁན་ཞིག་ཡིན་རྒྱུ་རེད་ཨང”སྙམ་པའི་ཚོར་བ་སྟེར་བའི་རང་ཉིད་ངོ་སྤྲོད་ཅིག་དང་བཅས་བསྐུར།

        དྲན་འབུམ་གྱིས“གཞོན་པའི་སྙུག་རྩལ”ཚང་གིས་ཁ་བྱང་གཅིག་པའི་སྙན་ངག་གི་འགྲན་བསྡུར་དེ་འཕྲིན་སྟེགས་སྟེང་དུ་ནམ་སྤེལ་གྱི་རེ་སྒུག་ཆེན་པོ་བྱས། རང་ཉིད་ཀྱི་པར་རྫིག་པོ་དང་དེའི་འོག་ཏུ་ངོ་སྤྲོད་ཡག་པོ། དེའི་འོག་ཏུ“ཤར་མཐའི་སྐར་ཆེན། དྲན་འབུམ་གྱིས་བརྩམས”ཞེས་པའི་དྲ་ངོས་ཡིད་དུ་འོང་བ་ཞིག་བློས་བསླངས་ཡང་ཡང་བྱས། དེས་མི་ཚད་རྩོམ་ཡིག་འོག་གི་ཞབས་མཆན་འགོད་སའི་ས་མིག་དག་ཏུ་དྲྭ་གྲོགས་མང་པོ་ཞིག་གིས། “དྲན་འབུམ་ཟེར་བ་འདི་གསར་བུ་རྫིག་པོ་འདུག་ཨང” “ཐོ་རངས་སྐར་ཆེན་ལྟ་བུའི་གསར་བུ་ཞིག་གིས་ཐོ་རངས་སྐར་ཆེན་ཞེས་པའི་སྙན་ངག་བྲིས་པ་ཆ་འགྲིག་རེད” “ཁོ་རང་དངོས་གནས་སྙན་ངག་ལྷ་མོའི་བྲང་འོག་ཏུ་འཛུལ་བའི་གསར་བུ་སྣང་སྐྱིད་ཅིག་ཡིན་ས་རེད” “ཨ་ཙི་ཙི། སྙན་ངག་ཡག་པོ་འདུག རྩོམ་མཁན་དེ་ལས་ཡག” “དྲན་འབུམ་ཟེར་བ་མིག་གིས་མ་མཐོང་ཡང་དྲན་པའི་ངོས་སུ་ཐེངས་མ་འབུམ་ལ་འཆར་ངེས། ཧུ་ཧུ”ཞེས་སོགས་སྐད་ཆ་སྙིང་དུ་སྡུག་པ་མང་པོས་ཞབས་མཆན་བཏབས་པ་དང་ད་དུང་མཐེ་བོང་མང་པོ་སྟོན་པ། དགའ་བསུའི་ཐལ་མོ་རྡེབ་པ། སྙིང་ཆུང་དང་རྒྱ་སེ་མེ་ཏོག ཐ་ན་བུ་མོ་འགས་དམར་ཞིང་མཐུག་པའི་མཆུ་ཏོའང་བསྐུར་ཡོད་པ་སོགས་རྟོག་བཟོ་བྱས། འཕྲིན་སྟེགས་ཐོན་སའི་དྲ་གནས་སུ་ཉིན་རེར་ཐེངས་མ་བགྲང་གིས་མི་ལངས་པ་རེ་བལྟས་ནའང “ཤར་མཐའི་སྐར་ཆེན”ནི་དངོས་གནས་ནམ་ལངས་ཁའི་ཤར་མཐའི་སྐར་ཆེན་ཡལ་བ་ལྟར་མཐོང་ལམ་དུ་མི་སྣང་།

        དྲན་འབུམ་གྱིས་དྲན་པ་འབུམ་གྱིས་བསྒུགས་ནའང“གཞོན་པའི་སྙུག་རྩལ”ཚང་ལ་གྲགས་འགུལ་ཅི་ཡང་མ་ཡོད་པས། ཁོར་སྡོད་བཟོད་ཡེ་ནས་མེད་པར་འཕྲིན་སྟེགས་གཉེར་མཁན་གྱི་ཚོགས་མི་ཞིག་ལ་སྒེར་འབྲེལ་བྱས་ཏེ་གནས་ཚུལ་དྲིས། འཕྲིན་སྟེགས་གཉེར་མཁན་གྱིས་བཤད་ན་ད་དུང་རྩོམ་ཡིག་མང་པོ་བསྡུ་བཞིན་པའི་སྒང་ཡིན་པས་ཅུང་མི་འགོར་བར་འཕྲིན་སྟེགས་སྟེང་དུ་འགོད་ཡོང་ཟེར། དྲན་འབུམ་གྱིས་བཀའ་དྲིན་ཞུས། ཁོས་འདང་ཞིག་བརྒྱབ་ན་དྲི་བ་དེ་ནི་དངོས་གནས་ཅུང་སྔ་སོང་བ་འདྲ་སྟེ། གནའ་མིའི་ཟེར་སྲོལ་དུ། སྔོན་ཆད་སྲིད་པ་རྒད་པོས་འཇིག་རྟེན་གྱི་སྲོག་ཆགས་སོ་སོར་ཕོ་མོའི་ཆགས་པ་ནམ་དང་ནམ་སྤྱོད་པ་དང་ཇི་ལྟར་སྤྱོད་པའི་དུས་ཚོད་གཏན་ཁེལ་བྱེད་པའི་དུས་སུ། ཁྱི་ཡིས་ཆགས་པ་སྤྱོད་འདོད་ཀྱིས་མ་བཟོད་པར་སྲིད་པ་རྒད་པོར་ཡང་ཡང་དྲིས་པས། མཚམས་ཤིག་ཏུ་སྲིད་པ་རྒན་པོ་ཁྲོས་ནས“དེས་ན་ཁྱོས་དགུན་སྤྲེལ་ལུག་གཉིས་ཀྱི་སྒང་ལ་ཕར་བརྒྱབ་ཚུར་ལ་མི་ལོན་པར་ཤོག”ཅེས་བཀའ་བསྒོས་པས་ཁྱི་ཡི་ཆགས་སྤྱོད་ནི་དུས་བཞིའི་ནམ་ཟླ་ཆེས་འཁྱག་པ་དང་ཆགས་པའི་བདེ་བའི་རྗེས་སུ་སྡུག་བསྔལ་ཡ་ང་བ་ཞིག་སྟེ་ཁྱི་འཐོག་འོང་བ་དྲན་ནས་དགོད་ཁ་ལྷུག་ལྷུག་ཏུ་ཤོར། བཟའ་ཟླས་དྲན་འབུམ་གྱི་གདོང་ལ་བལྟས་ནས“ཁྱོད་སྨྱོས་ཡོད་པ་མིན་ནམ། གློ་བུར་དུ་ཁེར་དགོད་རེ་བྱས་ནས” ཞེས་ངོ་མཚར་མཚར་བྱེད། ཁོས་རང་ཉིད་ཁེར་དགོད་ཤོར་བའི་གནས་ཚུལ་བཟའ་ཟླར་བཤད་པ་ན་མོའི་གདོང་བ་དམར་པོར་གྱུར། གཅིག་ན་ཁྱོ་གས་གློ་བུར་སྐད་ཆ་དམར་རྗེན་མ་དེ་འདྲ་ཞིག་བཤད་པས་ངོ་ཚ་བ་དང་གཉིས་ན་ཆགས་བཤད་དེས་མོའི་ཀླད་པར་ཁྱི་ཡིས་ཆགས་པ་སྤྱོད་པའི་གཟུགས་བརྙན་མང་པོ་བསྐྱལ་འོང་བས་འདོད་པ་བསླངས་བའང་ཡིན་ཤས་ཆེ། མཚན་མོ་དེར་བཟའ་ཚོ་གཉིས་ཀྱིས་མལ་ཐུལ་འོག་ཏུ་འཁུན་སྒྲ་ཅི་ཡང་འབྱིན་བཞིན་འདུག ཉེ་ཆར་དགུན་སྤྲེལ་ལུག་གཉིས་ཀྱི་སྒང་ལ་འཁེལ་འདུག་མོད། ཁོ་གཉིས་ཁྱི་མིན་པས་གྲང་བའི་སྡུག་བསྔལ་དང་བདེ་བའི་རྗེས་ཀྱི་སྡུག་བསྔལ་སོགས་གང་ཡང་མྱོང་མ་དགོས་པར་སོ་སོ་གཉིད་ཀྱི་ཞིང་ཁམས་སུ་ཕྱིན་སོང་། མཚན་མོ་དེ་ནི་དགུན་ཐོག་འདིར་དྲན་འབུམ་གྱིས་དྲྭ་ཉུལ་བྱེད་མ་ཐུབ་པར་སྔ་ཙམ་ཉལ་བ་ཐེངས་དང་པོ་ཡིན། འདོད་སྤྱོད་དེ་ནི་བཟི་སྨན་ཞིག་དང་འདྲ་བར་དྲན་འབུམ་གྱི་ཁ་པར་དུ“ཏི་ལིང” “ཏི་ལིང”གི་སྒྲ་མང་པོ་གྲག་གིན་འདུག་ནའང་མིག་ཟུང་ཕྱེ་མ་ཐུབ་ལ། ལག་པས་བསྙབས་མ་ཐུབ་པར་གཏི་མུག་གཉིད་ཀྱིས་འབོད་པའི་དབང་དུ་ཤོར་སོང་། ཡིན་ནའང་དྲན་འབུམ་གྱི་དྲྭ་གྲོགས་མང་པོ་ཞིག་ནི་དྲ་བའི་འཇིག་རྟེན་ནས་མགོ་བོ་འཁོར་ནས་ཡོད་པ་ཤེས་ཐུབ་ཏེ། དྲན་འབུམ་གྱི་ཁ་པར་དུ“ཏི་ལིང” “ཏི་ལིང”གི་སྒྲ་ཡིས་མཚན་ཕྱེད་བར་རྒྱུན་མ་ཆད། ཕྱི་རོལ་དུ་སྨག་རུམ་དང་བསྡོངས་པའི་དགུན་སྤྲེལ་ལུག་སྒང་གི་ཙག་རླུང་གིས་ཡོད་ཚད་དམ་དུ་འཆིང་གིན་འདུག


        ཉིན་ཁ་ཤས་ཀྱི་སྔོན་དུ་དྲྭ་གྲོགས་ཤིག་གིས“བརྙན་བསྐུར་གླིང”ཞེས་པའི་ཚོགས་མི་བཞི་བརྒྱས་གྲུབ་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་བཞག་བྱུང་། དེ་ནི་དྲན་འབུམ་ལ་མཚོན་ན་ཉི་མ་གང་ནས་ཤར་ཞིང་གང་དུ་བཞུད་པའང་མི་ཚོར་བར་བྱེད་པའི་སྒྱུ་འཕྲུལ་གྱི་ལྟད་མོ་ཞིག་རེད། གྲོགས་པོས་བཤད་ན་དྲྭ་ཚོམས་འདིའི་ནང་དུ་འཇུག་ཐུབ་རྒྱུ་ཤིན་ཏུ་དཀའ། གལ་ཏེ་ཞུགས་ཐུབ་རྗེས་དྲྭ་གྲོགས་སུ་ཞིག་གིས་བརྙན་ཐུང་ཁོ་ན་ལས་གཞན་ཁ་གཅིག་ཙམ་གྲག་པ། ཡིག་འབྲུ་གཅིག་ཙམ་དང་འགུལ་རིས་གཅིག་ཙམ་བསྐུར་ན་ཚོགས་གཙོས་དེ་མ་ཉིད་དུ་དྲྭ་ཚོམས་ལས་ཕྱིར་ཕུད་གཏོང་འགྲོ་ཟེར། དྲན་འབུམ་གྱིས་དྲན་པ་ནང་དུ་བཀུགས་ནས་དྲྭ་ཚོམས་དེའི་སྒྲིག་ལམ་ལ་བརྩི་བཀུར་བྱེད་པའི་དམ་བཅའ་སེམས་ལ་བཞག དྲྭ་ཚོམས་ཆེན་པོ་དེའི་ནང་དུ“ཡར་གིའི་རྒད་པོས་སྐམ་བཤས་པ། མར་གའི་རྒད་མོས་ཐལ་བ་འཕོས་པ”ཚུན་ཆད་ཀྱི་བརྙན་རྣམ་པ་སྣ་ཚོགས་ཤིག་བསྐུར་འོང་ལ། དྲན་འབུམ་གྱིས་དེ་དག་རེ་རེའི་ཁ་ཕྱེས་ཚེ་མཚམས་རེར་དགོད་བྲོ་ནས་ཁ་ཆུ་ཁྲབ་ཁྲབ་བྱེད་པ་དང་། མཚམས་རེར་ཡིད་ཕམ་ནས་ངུ་བྲོ་བ། མཚམས་རེར་བཙོག་ནས་ཞེན་ལོག་པ། མཚམས་རེར་གདུག་རྩུབ་ཀྱིས་མིག་གིས་ལྟར་མི་བཟོད་པ་སོགས་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་དོན་དག་མང་དག་ཅིག་བསྐུར་ཡོང་བས་དྲན་འབུམ་སྔར་བས་ཀྱང་དྲ་བའི་འཇིག་རྟེན་དུ་གཡེང་ནས་འབུད་དུ་མེད་པའི་གནས་ཤིག་ཏུ་བསྐྱལ། གྲོགས་པོས་བཤད་ན་བརྙན་གླིང་གི་ཚོགས་མི་སུ་དང་སུ་ཞིག་ཡིན་ནའང་ཉིན་རེར་དྲྭ་ཚོམས་འདིའི་ནང་དུ་བརྙན་ཐུང་མང་ཉུང་ཅི་རིགས་རེ་བསྐུར་དགོས་ལ། གལ་ཏེ་མ་བསྐུར་ན་དྲྭ་ཚོམས་ལས་ཕྱིར་ཕུད་གཏོང་བར་ཉེན་ཁ་ཡོད་ཟེར་བས། རང་གིས་ཀྱང་དྲྭ་ཚོམས་དང་དྲྭ་གྲོགས་གཞན་གྱིས་བསྐུར་འོང་བའི་བརྙན་ཐུང་རེ་རག་ཚེ་མྱུར་བར་བརྙན་གླིང་དུ་བརྒྱུད་བསྐུར་བྱེད་ཀྱིན་ཡོད།

        “ཡང་བཞུར་རྒྱུན་ཟད་སོང་བ་འདྲ་གློ་བུར་དུ་དྲྭ་ཆད་སོང”དྲན་འབུམ་གྱིས་ཁ་པར་ལག་ཏུ་བཟུང་སྟེ་གདོང་ལ་ཕངས་སེམས་ཆེན་པོ་ཞིག་སྐྱེ་བཞིན་བཟའ་ཟླས་གོ་སར་དེ་ལྟར་བཤད། བཟའ་ཟླས་ཅུང་མི་འདོད་པའི་རྣམ་འགྱུར་ངང“འོ་དེར་ཅི་སྐྱོན། ཁྱིམ་གྱི་ཁ་ཟས་ཟད་པ་ནི་མ་རེད”ཅེས་ཟེར་བ་ན། དྲན་འབུམ་གྱི་ཡིད་ལ་ཆེས་ཆེར་མ་སོང་ནའང་བཙན་གྱིས་བཟོད་བསྲན་བྱས་ཏེ“ཁྱིམ་དུ་སྐུད་མེད་ཀྱི་དྲྭ་ཞིག་འཐེན་རྒྱུ་ལས་འོས་མེད་པ་འདྲ། བཞུར་རྒྱུན་ལྟ་བུའི་སྒོར་གྱི་འགྲོ་སོང་མི་མཐོ་བའི་ཁར་དྲྭ་མྱུར་བས་ཁྱོད་ཀྱིས་ཀྱང་ཁ་པར་ལས་མུ་འབྲེལ་བརྙན་འཕྲིན་ཟློས་གར་གང་བསམ་ལ་ལྟ་ཆོག་པ་རེད་ལ། དེ་དུས་བུ་མོ་ཁྱོད་གཉིས་ཀྱིས་བརྙན་འཕྲིན་གྱི་རྒྱང་འཛིན་འཕྲོག་རྩོད་ཀྱང་དགོས་པ་མ་རེད”ཅེས་བཟའ་ཟླའི་གདོང་ལ་ལྟ་ཞོར་གྲོས་གཞི་དེ་བཏོན། བཟའ་ཟླའི་སེམས་སུ“འགྲོ་སོང་མེད་ན་མི་ལེགས་རྒྱུའང་མི་འདུག ཁོའི་བཞུར་རྒྱུན་དེ་ནི་དངོས་གནས་ཕར་གིའི་ལུང་གཞུང་གི་ཆུ་བོ་བཞུར་བ་ལྟར་གང་ཞིག་ཏུ་བཞུར་སོང་ནས་འདིང་རྒྱུ་ཞིག་མི་འདུག”སྙམ་པ་དང“ཁ་པར་ལས་མུ་འབྲེལ་བརྙན་འཕྲིན་ཟློས་གར་གང་ཡིན་ལ་ལྟ་ཆོག་པ་དེའང་ལེགས་པོ་རང་འདུག”བསམས་ནས་ཐབ་ཏུ་ཨོང་བ་ཞིག་སྣོན་ཞོར“དེས་ན་རང་གིས་ཤེས། གཙོ་བོ་འགྲོ་སོང་གང་ཆེར་ལྟོས། ད་སྔོན་ངེད་ཚང་གི་ཟླ་གཅིག་གི་ཟ་མ་དང་ཁྱོད་ཀྱི་ཟླ་གཅིག་གི་ཁ་པར་གྱི་འགྲོ་སོང་གང་ཆེ་མི་ཤེས་པ་ཙམ་འདུག་པས”ཞེས་དགོད་ཙམ་བྱས། བཟའ་ཟླའི་སྐད་ཆ་དེ་དྲན་འབུམ་གྱི་མཚང་ལ་ཕོག་མོད། ཁྱིམ་དུ་སྐུད་མེད་དྲྭ་འཐེན་པར་ཡིད་འཐད་བྱུང་བས་ཁོའི་སྤྲོ་སྣང་བླ་ལྷག་ཏུ་འཕེལ་ཏེ“དེས་ན་ང་གཅིག་འགྲོ་ཨང”ཞེས་འཐེན་སྒམ་ལས་སྒོར་ཁུག་བླངས་ཏེ་སྟོད་ལྭའི་གློག་ཁུག་ཏུ་བཅུག་ནས་མི་ཚོས“སྒོར་ཟན”དང“ཁྲལ་སྡུད་ཁང”དུ་འབོད་པའི“སྤོ་སྐྱོད་ཀུང་ཟི”དང“གློག་འཕྲིན་ཁང”གི་ཕྱོགས་སུ་གོམ་སྟབས་མྱུར་མོས་བུད་སོང་།

        དགུན་སྤྲེལ་ལུག་སྒང་གི་གྲང་རླུང་རྩུབ་མོ་ཞིག་གིས་དྲན་འབུམ་གྱི་གདོང་ལ་རེག་རེག་བྱེད་མོད། ཁོའི་ཁྱིམ་དུ་སྐུད་མེད་ཀྱི་དྲྭ་འཐེན་རྒྱུ་ཡིན་པས་གྲང་རླུང་གི་རེག་བྱའང་མ་ཚོར་བར་སྲང་ལམ་དུ་གདོང་བ་འཛུམ་གྱིས་གང་ནས་འགྲོ་བཞིན་ཡོད།

        “སྤོ་སྐྱོད་ཀུང་ཟི”དང“གློག་འཕྲིན་ཁང”གཉིས་ནི་རྫོང་མཁར་གྱི་ཤར་ཕྱོགས་སུ་ཐོག་ཁང་གཉིས་མཉམ་དུ་བསྟར་མར་བསྐྲུན་ཡོད་ལ། མདུན་གྱི་ལམ་འགྲམ་དུ་འཕྲུལ་རྟ་དང་རླངས་འཁོར་གྱིས་གང་བ་དང་། མི་གྲངས་ཉུང་བའི་རྫོང་མཁར་འདིའི་སྲང་ལམ་མང་པོ་ཞིག་ཏུ་མིའི་འགྲོ་འདུག་ཤིན་ཏུ་ཉུང་མོད། ཁང་བརྩེགས་འདི་གཉིས་ཀྱི་ནང་དུ་མི་མང་པོ་ཞིག་གི་འགྲོ་འདུག་རྒྱུན་མི་ཆད། དྲན་འབུམ་ཤར་རེར་སྤོ་སྐྱོད་ཀུང་སིའི་ནང་དུ་འཛུལ། འབྲོག་པ་མང་པོ་ཞིག་གིས་ལག་ཏུ་ཤོག་ལིང་རེ་བཟུང་ནས་ཕྱིར་འགྲོ་གྲབས་ཀྱིས“འདི་དགོས་པ་ཅི་ཡང་མི་འདུག་ཨང”ཞེས་གཙབ་རལ་དུ་བཏང་བ་ན་གཞན་ཞིག་གིས། “དེ་གཙབ་ག་ལ་ཉན། ད་ཅི་བརྒྱ་སྒོར་དམར་ར་མ་འགའ་བྱིན་ནས་ཉོས་པ་མིན་ནམ” གཙབ་མཁན་གྱིས“ཤོག་བུ་འདིས་ཅི་བྱེད་དགོས། འདི་ཁ་ལ་ཟ་ནི་མི་ཉན་ལ་རྒྱབ་ཏུ་གྱོན་ནི་མི་ཉན་པས” ཞེས་སྨྲས་པ་ན། ཡང་གཞན་ཞིག་གིས“དེས་ན་འདི་ཉོ་བྱེད་ཀྱི་བརྒྱ་སྒོར་དེ་ཡང་ཤོག་བུ་ཡིན་ལ། ཁ་ཟ་དང་རྒྱབ་གྱོན་མི་རུང་བ་གཅིག་མཚུངས་མིན་ནམ”ཞེས་པ་ན། “ཤོག་བུ་དང་ཤོག་བུ་ག་ལ་འདྲ། བརྒྱ་སྒོར་གྱི་ཤོག་བུ་ནི་ངའི་སྲུང་འཁོར་བཞིན་སྐེ་ལ་འདོགས་པའམ་རུམ་ཕུག་ཏུ་ཉལ་རྒྱུ་ཡིན་ལ། ཤོག་བུ་འདི་རིགས་ནི་ངས་འཕོངས་ཕྱིས་བྱེད་རྒྱུ་རེད་ཡ”“ཧ་ཧ་ཧ་་་་་་” “ཧ་ཧ་ཧ་་་་་་”

        འབྲོག་པ་འགའ་རེས་རྒྱ་སྐད་འཁྱར་མ་འཁྱོར་གྱིས“ངས་ཉིན་འགའི་སྔོན་དུ་ཁ་པར་དུ་སྒོར་ཉིས་བརྒྱ་བཞག་མོད། ཁ་སང་སྒོར་ཟད་འདུག འདིའི་ནང་དུ་ཅིག་བྱས་འདུག་པས་ཁྱེད་ཚོས་ཡག་པོར་ལྟོས། འདི་འདྲ་ཞིག་ག་ལ་སྲིད”ཅེས་ཁོང་ཁྲོ་དང་སྡུག་སྨྲེ་འདྲེས་མ་རེ་འདོན་གྱིན་ཡོད་མོད། ལས་གཉེར་བ་ཚོས་གློག་ཀླད་དུ་ཅི་ཞིག་གནོན་གྱིན“ཁྱོད་ཀྱིས་ཟླ་ཁྲལ་ཅིག་ཅིག་དང་སྐད་འཕྲིན་གྱི་བཞུར་རྒྱུན་ཅིག་ཅིག”སོགས་མང་པོ་མང་པོ་ཞིག་གླེང་ནས་འབྲོག་པ་ཚོ་མགོ་རྨོངས་པར་བྱེད་ཀྱིན་འདུག མཐར་འབྲོག་པ་ཚོས་ཀྱང་ཕངས་སེམས་དང་བཅས་བརྒྱ་ཤོག་དམར་པོ་འགའ་རེ་སྤྲད་དེ་གོམ་སྟབས་ལྕི་མོས་ལོག་འགྲོ།

        དྲན་འབུམ་ཚང་གི་ཁྱིམ་དུ་སྐུད་མེད་དྲ་བ་འཐེན་པ་ནས་བཟུང་སྟེ་ཁོས་ཁ་པར་དུ་བརྙན་གཟུགས་གང་འདོད་ཕབ་ལེན་ཆོག་པས། ཁོ་རང་སྔར་བས་ཀྱང་ཁ་པར་གྱི་དྲ་བའི་སྒང་ནས་སྐོམ་པ་ཆུ་ལ་འཇུག་པ་བཞིན་ལེན་རྒྱུ་མི་རྙེད། ད་ལྟ་ཁོས“བརྙན་བསྐུར་གླིང”གི་བརྙན་གཟུགས་གང་ཡིན་ཅི་འདོད་དུ་ལྟ་ཆོག་ཅིང་། ཕབ་ལེན་བྱེད་པའང་སྔར་བས་ཆེས་ཆེར་མགྱོགས་པས་ཡག་བཙོག་ཉོག་གསུམ་གྱི་བརྙན་མང་པོར་ལྟ་བར་སྟབས་བདེ་རེད་ལ། བཞུར་རྒྱུན་ལ་བརྟེན་མི་དགོས་པ་དེས་དྲན་འབུམ་གྱི་ཆུང་མའང་རིམ་བཞིན་རིམ་བཞིན་དྲྭ་སྟེང་ནས་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་ལྟ་བའི་གོམས་གཤིས་ཤིག་ཆགས་པར་གྱུར།

        ཨ་ཕ་དང་ཨ་མ་གཉིས་ཁ་པར་ལ་གཡེང་ནས་སྡོད་དུས། བྱིས་པ་ཁོ་གཉིས་ཀྱི་ཟུར་དུ་འོངས་ནས་སྒོ་རུ་ཁྱིམ་མཚེས་ཚང་གི་བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བར་འགྲོ་དགོས་ཟེར་བ་དང་། ཁྱིམ་ནས་འུར་བརྒྱབ་ཏེ་རྩེད་མོ་རྩེ་སྐབས་ཁོ་གཉིས་ཀྱིས་བྱིས་པར་བརྙན་འཕྲིན་ལ་ལྟ་རུ་བཅུག་ནས་བྱིས་པ་རྒྱུག་འདོད་མེད་པར་བཟོས།

        “གཞོན་པའི་སྙུག་རྩལ”ཚང་གིས་སྤེལ་བའི“ཤར་མཐའི་སྐར་ཆེན”གྱི་སྙན་ངག་འགྲན་བསྡུར་དེའི་མཇུག་འབྲས་དྲྭ་ངོས་སུ་སྤེལ་བྱུང་། དྲན་འབུམ་གྱིས་བྱ་དགའ་ཐོབ་སའི་བརྩམས་ཆོས་དག་མི་ཀློག་པར་མྱུར་བར་བྱ་དགའ་ཐོབ་སའི་མི་དག་གི་མིང་ཐོར་བལྟས། ཁོས་གློ་བུར་བརླ་ཐོག་ཏུ་ཐལ་ལྕག་གཅིག་བྲབས་པ་དང་མཉམ་དུ“ཀིས་ཧིས་ཧིས་་་་་་་་”ཞེས་ཁ་ནས་ཤོར་བ་ན། མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ལ་ལྟ་བཞིན་པའི་ཆུང་མ་སྙིང་ལོག་ཅིག་བྱས་ཏེ་ལག་གི་ཁ་པར་ཁྲོག་སྒྲ་དང་བཅས་ཐང་དུ་ལྷུང་། བུ་མོས་བརྙན་འཕྲིན་ལ་ལྟ་བའི་འཕྲོའང་བཅད་ནས་མགོ་བོ་ཀྲོག་ཀྲོག་གིས་ཕ་མ་གཉིས་ཀྱི་གདོང་ལ་བལྟས་ནས“ཨ་མ་ཅི་ཞིག་རེད” “ཨ་ཕ་ད་ཅི་གྲགས་པ་དེ་ཅི་ཞིག་རེད”ཅེས་སྐྲག་སྣང་དང་མཚར་སྣང་འདྲེས་མ་ཞིག་གིས་དྲིས། བཟའ་ཟླས་ཕངས་སེམས་དང་བཅས་རྡོ་ཞུན་ཐོག་གི་ཁ་པར་ཡར་ལེན་ཞོར“ཁྱོད་སྨྱོས་བཞག་པ་མིན་ནམ། ག་རེ་བྱུང་སོང”ཞེས་ཁྱོ་གར་མིག་ལོག་གིས་ལྟ་བ་དང་ཁ་པར་ལ་ཕུར་ཕུར་བྱས་ཏེ“སྐྱིད་ད་བཅག་མི་འདུག”ཟེར། དྲན་འབུམ་གྱིས་བཟའ་ཟླ་དང་བུ་ཕྲུག་གཉིས་ལ་ཁ་ཡ་མི་བྱེད་པར་ཁ་པར་གྱི་ངོས་ནས་རིན་པོ་ཆེ་རྩ་ཆེན་ཞིག་རྙེད་པ་ལྟར་མཛུབ་མོས་ཡར་དེད་མར་དེད་བྱེད་ཀྱིན་འདུག མ་གཞིར་ཡིན་རྒྱུ་ནི་ཁོས་ཉེ་སྔོན་བྲིས་པའི“ཤར་མཐའི་སྐར་ཆེན”ཞེས་པར“གཞོན་པའི་སྙུག་རྩལ”ཚང་གིས་བྱ་དགའ་ཨང་གསུམ་པ་ཞིག་བྱིན་འདུག་པས་རེད་ལ། རང་གི་རྩོམ་ཡིག་དང་པར་སོགས་ཤིན་ཏུ་རྫིག་པོའི་ངང་དྲྭ་ངོས་སུ་བཀོད་དེ“བྱ་དགའ་ཐོབ་པའི་སྙན་ངག”ཅེས་བྲིས་ཡོད་པས་ཁོ་ལ་དགའ་བ་ཚད་མེད་ཅིག་སྐྱེས། དགའ་བ་དེས་རང་ཉིད་སྙན་ངག་པར་གྱུར་བའི་ང་རྒྱལ་ཞིག་ཀྱང་སེམས་ཀྱི་གང་ཞིག་ནས་འཕྱུར་འོངས་།


        དྲན་འབུམ་གྱིས་དོ་ནུབ་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་ཤོག་ཆག་གམ་ཁུག་དམར་འཕྲོག་རྩོད་བྱེད་ཀྱིན་ཡོད། “ཡ་སྐུར་དང་སྐུར་དང” “ཁྱོད་ཀྱི་ལག་པ་དེ་དངོས་གནས་མྱུར་མོ་རེད” “ཡང་ཐོན་བྱུང་ཐོན་བྱུང་། ཨ་ཡོ་་་་་་ ཨ་ཡོ་་་་་་་འདྲེ་རྒན་ཞིག་གིས་བླངས་སོང་། གངས་འཁྱམས་ཟེར་བའི་ལྟས་ངན་འདིར་ལག་མྱུར་ཡ་མཚན་ཞིག་ལྡན་ཨང” “ཧ་ཧ། ད་ཐེངས་ད་ལོན་ཐ་ཡ། ཨ་ཡོ་ཟུར་ལྔ་ལས་མི་འདུག” “ཚང་མས་གྲ་སྒྲིག་བྱོས། ད་ངས་བསྐུར་རྒྱུ་ཡིན” “ཨོ་ཧོ་ཧོ་་་་་་ཁོ་ཚོ་སྤྱང་ལྟོགས་ཤ་ལ་རུབ་པ་ལས་ཀྱང་མགྱོགས་པོ་འདུག” དྲན་འབུམ་གྱིས་ཁ་པར་དེ་གང་ཞིག་ཏུ་ཤོར་ལོས་འགྲོ་སྙམ་པ་བཞིན་ལག་ཏུ་དམ་པོར་བཟུང་ནས་དེ་ལྟར་ལབ་ཀྱིན་ཡོད་མོད། དེ་དག་ནི་ཁེར་ལབ་ཅིག་ལས་ཁྱིམ་མི་སུས་ཀྱང་གོ་བཞིན་མེད་ལ། མ་གོ་ན་ཨ་ལན་ནི་དེ་བས་ཀྱང་ག་ལ་ཡོད་དེ། སྐབས་འདིར་བཟའ་ཟླས་ཁ་པར་གྱི་སྟེང་ནས་ལྷོ་ཁོ་རེ་ཡའི་འདོད་བརྩེའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ལ་བལྟས་ཡོད་པས་མོ་རང་ཡང་དྲན་འབུམ་གྱིས་ཤོག་ཆག་འཕྲོག་པའི་སྐབས་དང་ཕལ་ཆེར་འདྲ་བར་བརྙན་འཕྲིན་ནང་གི་མི་སྣས་ཡིད་སེམས་ཅིག་ཅར་དུ་འཕྲོག་འདུག བུ་མོ་ཆུང་ཆུང་བརྙན་འཕྲིན་གྱི་ཐད་ཀའི་རྐུབ་སྟེགས་སྟེང་དུ་གཉིད་ལ་ཤོར་འདུག བརྙན་འཕྲིན་དུ་ད་དུང“བྱི་ལ་དང་ཙི་གུ”རྒྱ་འགྱུར་མ་དེ་མུ་རུ་ཤར་གྱིན་ཡོད། མཚན་མོ་དེར་ཤོག་ཆག་བསྐུར་རེས་དང་འཕྲོག་རྩོད་ཀྱི་གཡུལ་འཁྲུགས་ལྟ་བུར་ཞུགས་ནས་ཤིན་ཏུ་འཕྱི་བོར་ཆགས། ཉལ་ཁར་སྒོ་རུ་གཅིན་པ་གཏོང་བར་འགྲོ་དུས། ཕྱི་རོལ་ནི་ཤིན་ཏུ་ལྷིང་འཇགས་ཀྱི་རྣམ་པར་གནས་པས་ས་སྒང་འདིར་ད་དུང་མ་ཉལ་བ་ནི་རང་ཉིད་གཅིག་པུ་ཡིན་པར་འདུག་སྙམ་པའི་ཚོར་བ་སྟེར།

        “བན་རྒན་ཟར་ཟར་(ཞོགས་པའམ་སྔ་མོའི་ཡུལ་སྐད)ཉི་མའི་གུང་། སྐ་རགས་བཅིངས་དུས་མུན་མགོ་རུབ”ཅེས་པའི་དཔེ་ལྟར་ཕྱིར་ཉིན་དྲན་འབུམ་སྔར་བཞིན་ཉིན་གུང་ལ་ཐོན་རག་བར་དུ་གཉིད་ལས་མ་སད། གཉིད་ལས་སད་མ་ཐག་ཏུ་ངན་གོམས་ལྟར་མལ་ས་ལས་མགོ་བོའང་མ་བཀྱགས་པར་ཁ་པར་གྱི་སྒོ་ཕྱེས་ཏེ་སྐད་འཕྲིན་གྱི་བར་སྟོང་ཉུལ་མགོ་བརྩམས། བར་སྟོང་དུ་དྲྭ་གྲོགས་ཚོས“ད་ཉལ་རྒྱུ་ཡིན། གཟིམས་ས་བདེ”ཞེས་དང“ཞོགས་པར་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཞུས་པ་ཡིན” “དེ་རིང་དྲྭ་ལམ་ན་མེད་པས་དོན་དག་ཡོད་ཚེ་ཁ་པར་ཐོངས” “ཞོགས་ཟས་ལ་རོལ་བར་བྱ” “ཇ་འདི་ཞིམ་པ་ལ” “སྙན་ངག་འདིས་ཞོགས་པ་བསུ” “སྙན་ངག་འདི་ཞོགས་ཇ་ཞིག་གི་ཚབ་ཏུ་ཕུལ་བ་ཡིན” “སྒེར་ལ་ཤོག་དང་ལབ” “དེ་རིང་གི་གནམ་གཤིས”ཞེས་སོགས་པར་དང་བཅས་པ་རྣམ་པ་སྣ་ཚོགས་ཤིག་སྤེལ་འདུག ཁོས་མགོ་ནས་མར་མཛུབ་མོས་དེད་ཞོར་དུ་པར་མང་པོ་ཞིག་གི་ཁའང་མ་ཕྱེས་པར་སྙིང་རྟགས་བཞག་པ་དང་ཡག་རབས་དང་འགྲིག་རབས། བཟང་རབས་དང་རྒྱན་རབས་ཀྱི་དཔྱད་མཆན་ཐུང་ངུ་རེའང་གང་འདོད་དུ་སྤེལ། ལྷག་པར་དུ་བུད་མེད་ཅིག་གིས་ཅི་ཞིག་སྤེལ་ཡོད་ནའང་ཁ་ཡག་ངོ་བསྟོད་ཀྱི་ཡི་གེ་མང་ཙམ་རེ་སྤེལ་བ་དང་། ཡང་ན་མཐེ་བོང་དང་ལེགས་སྐྱེས་རིགས་ཀྱི་རྟགས་སྟེར་གང་ཐུབ་བྱས། ཞོར་དུ་ཁ་སང་རང་གིས“ན་ཟླ་ཚོ། གླུ་ཞིག་ལོངས་དང”ཞེས་པའི་སྙན་ངག་ཡིན་ནོ་ལོ་ཞིག་བྲིས་ཡོད་པའི་དཔྱད་མཆན་དང་སྙིང་རྟགས་སོགས་ལ་བཀའ་དྲིན་ཞུ་བའི་ཚིག་རེ་རེ་སྤེལ། ཁོའི་ཁ་པར་གྱི་དྲ་བ་འདིར་ཕན་ཚུན་ལེགས་ཚུལ་ཡག་ཚུལ་ཞིག་ལས་ངན་ཚུལ་ཞན་ཚུལ་ཞིག་ཕལ་ཆེར་མཐོང་རྒྱུ་མི་འདུག་པ་འདི་ནི་གཏམ་དཔེར“ཡ་མཆུས་མ་མཆུ་བསྟོད”ཅེས་པའི་དཔེ་ལས་མ་འདས་མོད། སྣང་ཚུལ་འདི་ལ་དྲན་འབུམ་གྱིས་དོ་སྣང་ཙམ་ཡང་བྱེད་ཀྱིན་མེད།

སྔོན་ཆད་ཉིན་ཞག་གི་ཕྲེང་བ་མཛུབ་མོས་བརྩི་དགོས་པའི་དགུན་གྱི་ནམ་ཟླ་རིང་མོ་དེ་ཇི་ལྟར་བཞུད་པའང་མ་ཤེས་པར་སྤྲེལ་ཟླ་ཟད་ནས་གནམ་ལོ་གསར་བ་ཞིག་གི་དབུ་བརྙེས། དྲན་འབུམ་གྱིས་ལོ་ན་དྲུག་ཅུར་སོན་པའི་མ་རྒན་ལ་ད་ལོ་ཁྱེད་རང་རྫོང་མཁར་དུ་བསུས་ནས་ལོ་གསར་མཉམ་རོལ་བྱེད་ཅེས་པའི་འཕྲིན་པ་དེ་བསྐུར་བས། མ་རྒན་ཤིན་ཏུ་དགའ། སྔོན་ཆད་ཡིན་ན་རྫོང་མཁར་དུ་རང་གི་བུ་ཕྲུག་གམ་ཁྱིམ་མི་ཞིག་ཕར་ཞོག་ཐ་ན་གཉེན་ཉེ་ཅ་ལག་བཅོལ་སའམ་ཇ་ཐེངས་གཅིག་འཐུང་དུ་འགྲོ་ས་ཞིག་ཀྱང་མེད་པར། ནམ་རྒྱུན་རྫོང་མཁར་དུ་ཐོན་ཚེ་ཅ་ལག་ཙག་ཙིག་རེ་ཉོས་རྗེས་ཟ་ཁང་དུ་ཕྱིན་ནས་ཟ་མ་སྟབས་བདེ་ཞིག་ཟོས་ཏེ་ཕྱིར་འབྲོག་ཡུལ་དུ་འགྲོ་དགོས། ད་ནི་རང་གི་བུ་སློབ་ཆེན་ནས་མཐར་ཕྱིན་པས་མི་ཚད་རྫོང་མཁར་དུ་གཞིས་སྡོད་བྱས་ཡོད་པ་དང་མནའ་མ་བླངས་ཤིང་བུ་ཕྲུག་ཀྱང་སྐྱེས་ཡོད་པས་ན། དེ་ནི་མ་རྒན་མ་ཤིའི་ཡར་སྔོན་དུ་སེམས་པ་ཆེས་མགུ་བའི་དོན་ཆེན་ཞིག་ཡིན།

        ལོ་གསར་ཚེས་གཅིག་གི་ཞོགས་པར་དྲན་འབུམ་གྱིས“ཅིག་ཅིག་བདེ་ལེགས་དང་ཉིག་ཉིག་བདེ་ལེགས”ཞེས་ཁ་པར་ཁ་ལ་གླན་དེ་ཁོམ་སྐབས་ཕྲ་མོ་ཙམ་ཡང་མེད། མནའ་མས་ཀྱང་ཇ་བླུགས་ཞོར་དང་མེ་འབུད་ཞོར་ཁ་པར་གྱི་ངོ་ལ་བལྟས་ནས་མི་གཏོང་། ཚ་མོ་ཆུང་ཆུང་གིས་བརྙན་འཕྲིན་ལ་ཅེར་ནས་ལོ་གསར་ཞེས་པའི་ཁྱད་པར་ཅན་གྱི་ཉིན་མོ་ཞིག་ཡིན་པ་ཤེས་ཀྱིན་མེད་པ་ལྟར་དོ་སྣང་གང་ཡང་མི་བྱེད། བརྙན་འཕྲིན་དུ་མི་ཟེར་ན་མི་མིན་ཞིང་འདྲེ་ཟེར་ན་འདྲེ་མིན་པ། ཅ་ལག་དག་ཀྱང་མི་བཞིན་འགྲོ་ཞིང་མི་སྐད་བཤད་པ། སྲོག་ཆགས་ཀྱིས་ཀྱང་མི་སྐད་བཤད་པ་སོགས་རིག་ན་རྣམ་རྟོག་ལངས་པ་ཁོ་ན་ཤར་གྱིན་འདུག དེ་རིང་ལོ་གསར་ཡིན་པའི་རྟགས་གཅིག་པུ་ནི་མདུན་ཅོག་སྟེང་དུ་ཤ་དང་གོ་རེ་ཉུང་ལ། མངར་རིགས་དང་སྐོམ་ཆུ་མང་པོ་བཞག་པའི་སྡེར་ཁ་དེ་གཅིག་པུ་རེད། དེ་མ་གཏོགས་སྔོན་གྱི་ལོ་གསར་ཉིན་མོ་ལྟར་བཟའ་མི་ཚང་མས་ཟས་ལ་རོལ་བཞིན་ཁ་བརྡ་དང་རྟེན་འབྲེལ་གྱི་ཁ་གཡང་འབོད་པ། ཀུ་རེ་དང་ཧ་ཧ་ཧོ་ཧོའི་དགོད་སྒྲ་སོགས་གང་ཡང་མི་འདུག་ལ། ཁྱིམ་མཚེས་གཡས་གཡོན་མགྲོན་བསུ་བྱེད་རྒྱུ་ནི་དེ་བས་ཀྱང་མེད་པས་ན། མ་རྒན་གྱི་སྣང་ངོར་མདུན་གྱི་སྡེར་ཁ་དག་ཀྱང་རིམ་བཞིན་བྲོ་བ་ཡལ་བའི་རྡོ་རིགས་ཤིག་སྤུངས་པ་ལྟ་བུའི་ཚོར་བ་ཞིག་ལས་ལོ་གསར་གྱི་བཟའ་མི་ལྷན་འཛོམས་ཀྱི་སྤྲོ་སྣང་དེ་ཉིད་མོག་པོ་ནས་མེད་པར་གྱུར་དང་འགྱུར་བཞིན་ཡོད།

        ད་ལྟ་རྫོང་མཁར་འདིར་ལོ་གསར་གྱི་རྣམ་པ་ཞིག་བཤད་དགོས་ན་ཕྱི་རོལ་དུ་ཤོག་སྦག་བཀད་པའི་སྒྲ་རེ་བསྟུད་མར་གྲག་གིན་འདུག་པ་དེ་ཡིན་ལ། ཁྱིམ་ནང་དུ་ལོ་གསར་གྱི་རྣམ་པ་ཞིག་འཇོག་དགོས་ན་མདུན་ཅོག་སྟེང་གི་ཟས་རིགས་འཁྱག་པོ་དེ་དག་ལས་གཞན་གང་ཡང་འཇོག་རྒྱུ་མེད་པ་འདྲ། མ་རྒན་གྱི་སེམས་སུ་སྤྱིར་ཡིན་ན་མི་ཡིས་ཕྱིའི་སྒོ་ཕྱུགས་དང་ཁང་ཁྱིམ་ནས་ནང་གི་ཅ་ལག་ཡོད་ཚད་དབང་བསྒྱུར་རྒྱུ་ཡིན་མོད། བུ་དང་མནའ་མ་གཉིས་ནི་ཁ་པར་ཞེས་པའི་གྲུ་བཞི་ལག་མཐིལ་འདྲ་བ་དེས་དབང་དུ་བསྡུས་ནས་བདག་པོས་ཁྱི་ཁྲིད་ཁྲིད་བྱེད་ཀྱིན་འདུག་ལ། ཚ་མོས་ནི་བརྙན་འཕྲིན་དུ་མི་མིན་འདྲེ་མིན་ཞིག་ལ་བལྟས་ནས་མི་གཞན་ལ་ཁའང་མི་གྲག ད་ནི་དངོས་གནས་དུས་འགྱུར་འདུག་སྙམ་ནས་དཀོན་མཆོག་ལ་གསོལ་བ་བཏབས།


        དྲན་འབུམ་གྱིས་རང་གི་མིང་ལ་ཐོག་མར་སྐད་འཕྲིན་དུ་དྲན་འབུམ་ཞེས་བཏགས་དོན་ནི་དྲྭ་གྲོགས་བུད་མེད་ཅིག་ལ་སྐད་འཕྲིན་གྱི་འབྲེལ་བ་བརྒྱུད་ནས་བརྩེ་བ་ཆགས་ཤིང་། རང་ཉིད་ཀྱིས་མོ་རང་ནམ་རྒྱུན་དྲན་པ་འབུམ་གྱིས་གཏོང་གིན་མེད་ཅེས་པའི་སྟེང་ནས་བཏགས་པ་ཙམ་ལས། རང་ཉིད་ཀྱིས་པིར་མིང་འདིའི་སྟེང་ནས་སྙན་ངག་འབྲི་བའམ་ཕུགས་བསམ་རྣལ་མ་ཞིག་ལ་སྙེག་འདོད་ཀྱི་དམ་བཅའ་བརྟན་པོ་མེད་པ་དང་། སྐབས་དེར་སློབ་ཆུང་སློབ་མ་ཚུན་ཆད་ཀྱིས་སྐད་འཕྲིན་གྱི་བར་སྟོང་དུ་སྙན་ངག་སྤེལ་གྱིན་པའི་དུས་ཤིག་ཏུ་འཁེལ་བས། རང་གིས་ཀྱང་དྲན་འབུམ་གྱི་མིང་སྤྱད་དེ་སྙན་ངག་ཡིན་ནོ་ལོ་མང་པོ་བྲིས་པ་ཡིན་ལ། དྲྭ་ཐོག་གི་ཁ་ཡག་ངོ་དགའ་སྐམ་པོ་དེ་དག་གིས་རང་ཉིད་སྙན་ངག་པ་ཡིན་འདུག་སྙམ་པའི་རང་སེམས་སྐྱིད་ལ་བསྐུར་ནས་དུས་ཀྱི་གོམ་བགྲོད་རྫོགས་མེད་ཅིག་ཕྱིན། དོན་གྱིས་ཁོ་རང་མིང་དེའི་སྟེང་ནས་སྙན་ངག་པ་དྲན་འབུམ་ཞེས་པ་ཞིག་ཏུ་མ་གྱུར་བར་ལྡོག་སྟེ“དྲན་འབུམ་མ་རེད་དྲྭ་འབུ་རེད་”ཅེས་པའི་མིང་འདྲ་ཆགས་པོ་ཞིག་ཐོགས་སོང་།

        དྲན་འབུམ་གྱིས་རང་ཉིད་ལ་གཞན་གྱིས་དྲྭ་འབུ་ཞེས་འབོད་པ་དང་རང་ཉིད་ཀྱང་དངོས་གནས་དྲྭ་འབུ་ཞེས་པར་གྱུར་བ་ཤེས་དུས། ཐོད་པར་གཉེར་རིས་མང་པོའི་འཕྲེད་ཐིག་བབས་ཤིང་། མཆུ་ཏོ་དང་མ་ནེར་རྫོང་མཁར་ཐད་ཀའི་སྲིབ་ངོས་ཀྱི་སྤེན་མ་ཐར་ཐོར་ལྟ་བུའི་ཁ་སྤུ་སྐྱེས་པ། སྐྲ་འདབས་ཀྱང་སྔ་མོ་ནས་སྟོན་དགུན་མཚམས་ཀྱི་རྩྭ་སྐྱར་བད་བཞག་པ་བཞིན་དཀར་པོར་གྱུར་ཟིན། ལྷག་པར་དུ་མིག་ལ་ཏོའུ་གྲངས་དགུ་བརྒྱ་ཅན་གྱི་ཤེལ་ཞིག་གྱོན་གྱོན་ལ་མ་བསྡད་ན་རྡོག་སྔུན་ཡག་པོ་ཙམ་མི་མཐོང་བའི་ལོང་བ་ཞིག་ཏུ་གྱུར་འདུག “ཨ་ཁ་ཁ་་་་་་ཁ་པར་ཞེས་པའི་ཅ་ལག་ལག་མཐིལ་ལྟ་བུ་དེས་ངའི་མི་ཚེའི་འགྲོ་འདུག་ཡོད་ཚད་བསྡམས་དྲག་སོང”འདི་ནི་ཁོ་རང་གི་མིང་ལ་དྲྭ་འབུ་ཞེས་ཐོགས་པ་ཧ་གོ་དུས་ཀྱི་རང་གིས་རང་ལ་འགྱོད་སེམས་ཀྱིས་བསླངས་པའི་སྐད་ཆ་ཐོགས་མ་དེ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1