སྐལ་བཟང་འཇིགས་མེད་དང་རྒྱུག་རྟ་རྐྱང་དམར།
དྲོ་ཆེན་པ་རྟ་མགྲིན་སྐྱབས། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ང་ཚོའི་གྲོ་ཆེན་སྡེ་བ་ནི་བྲག་དམར་ལུང་བའི་འདབས་རོལ་དུ་ཁུ་སིམ་མེར་ཆགས་ཡོད། བྲག་དམར་ལ་མགོ་ནས་བཞུར་འོང་བའི་ཆུ་མིག་གི་སྙན་འཇེབས་ཀྱི་དབྱངས་རྟ་ལ་ང་ཚོའི་སྡེ་མི་ཐུན་མོང་གིས་རོལ་མྱོང་བྱེད་ཐུབ་ལ། དེ་ནི་ང་ཚོའི་མི་རབས་ནས་མི་རབས་སུ་ཆད་མ་མྱོང་བའི་སྲོལ་རྒྱུན་གྱི་རོལ་དབྱངས་སྙན་མོ་ཞིག་ཀྱང་ཅི་ལ་མིན། མཚམས་རེར་དཔྱིད་ལས་དང་སྟོན་ལས་ཀྱི་སྐབས་སུ་ལས་ཀ་བ་ཚང་མས་ཆུ་མིག་དེའི་དབྱངས་རྟར་སྦྱར་ནས་ལས་གླུ་མང་པོ་ཞིག་ངག་ལ་གྱེར་ནས་ངལ་གསོ་བཞིན་ཡོད། འདི་ནི་ང་ཚོར་ཧ་ཅང་ཆ་རྒྱུས་ཡོད་པའི་ཆེས་སྤྱིར་བཏང་གི་འཚོ་བ་ཞིག་ཡིན།
ལོ་རེའི་སྤྱི་ཟླ་༢པའི་ཚེས་༡༡ཉིན་ནི་ང་ཚོའི་གྲོ་ཆེན་སྡེ་བའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་ཡིན་ལ། དེ་རུ་སྡེ་བ་གོང་འགབ་ཚང་མས་རྒྱུག་རྟ་ཡོད་དོ་ཅོག་ཁྲིད་ནས་རྟ་རྒྱུག་འགྲན་ཚོགས་སུ་ཞུགས་ངེས་ཤིང་། དེ་དག་ལས་སྐལ་བཟང་ཚང་གི་རྒྱུག་རྟ་རྐྱང་དམར་དེས་ལོ་དུ་མར་བྱ་དགའ་རྒྱུན་མ་ཆད་པར་བླངས་པས། སྡེ་བ་གོང་འགབ་ཚང་མས་དོ་སྣང་བྱེད་སའི་རྒྱུག་རྟ་ཞིག་ཏུ་གྱུར་ཡོད། བྱ་དགའ་ལོན་པའི་ཉིན་དེ་ནས་བཟུང་གསར་བུ་ཚོས་རྒྱུག་རྟ་རྐྱང་དམར་གྱི་ཐད་ནས་དབྱེ་ཞིབ་ཡང་ཡང་བྱེད་ལ། ལ་ལས་སྐལ་བཟང་གི་ཨ་མྱེས་རྟ་གསོ་བར་བཟང་རབས་བཤད་ལ། ལ་ལས་སྐལ་བཟང་གི་རྟ་རྩལ་རྒོད་རབས་སོགས་རྒྱུ་རྐྱེན་མང་དུ་ལབ་ཀྱིན་འདུག
སྐལ་བཟང་ལོ་དྲུག་ལོན་མ་ཐག་རང་གི་དྲིན་ཆེན་ཨ་མ་ལ་ཁྲག་སྤྲིའི་ནད་བྱུང་ནས་འཇིག་རྟེན་མི་ཡུལ་ལམ། ཡང་ན་རང་གི་ཆེས་སྙིང་ཉེ་བའི་བུ་ཆུང་སྐལ་བཟང་དང་གཏན་དུ་གྱེས་སོང་། དེ་ནི་སྐལ་བཟང་ལ་མཚོན་ན་ཁོའི་མི་ཚེའི་ཁྲོད་ཀྱི་སྡུག་བསྔལ་དང་པོ་ཡིན་པ་འདྲ། དེ་བས་ཁོ་རང་ཨ་ཕར་རོགས་བྱེད་པར་འབྲོག་ཏུ་འགྲོ་དགོས་བྱུང་སོང་། དུས་དེ་ནས་བཟུང་རྟར་ཞོན་རྒྱུར་ཧ་ཅང་དགའ་བར་གྱུར་སོང་། ཏག་ཏག་སྐལ་བཟང་ལོ་བདུན་ཡིན་པའི་ལོ་དེར། རྒྱུག་རྟ་རྐྱང་དམར་ཐོར་བུ་རུ་གྱུར་ཡོད་པས། སྐལ་བཟང་གི་ཨ་ཕ་རིག་འཛིན་གྱིས་ཁོ་རང་ཐོར་བུའི་རྒྱབ་ཏུ་བཞག་ནས་བཏུལ་དུ་བཅུག ལོ་དེའི་ཕྱི་ལོར་སྐལ་བཟང་གི་ཨ་ཕས་གཏམ་དང་མྱི་ཁ་མང་པོའི་ཁྲོད་ནས་མ་ཡར་ཞིག་ཆུང་མར་བླངས། དེ་ནི་སྐལ་བཟང་ལ་མཚོན་ན་ཆ་མེད་རྒྱུས་མེད་ཀྱི་མི་ཞིག་རང་གི་ཨ་མའི་ཚབ་བྱེད་རྒྱུ་ནི་ཧ་ཅང་དང་ལེན་བྱེད་དཀའ་ཞིང་དེ་འདྲའི་ལས་སླ་བོ་དང་གོམས་བདེ་བོ་ཞིག་ཏུ་མ་ཆགས་པ་འདྲ། ལྷག་པར་དུ་རྒྱུག་རྟ་རྐྱང་དམར་ལ་འདྲིས་ཉིན་ནས་ཁོ་ལ་ཁ་མི་གྲག་པའི་གྲོགས་པོ་བཟང་བོ་ཞིག་རྙེད་ཐུབ་བྱུང་སོང་ལ། དེ་ནི་སྐལ་བཟང་དང་མ་ཡར་གཉིས་ཀ་བར་ཐག་ཇེ་ཉེ་དང་སེམས་ཐག་ཇེ་རིང་དུ་འགྲོ་བའི་རྒྱུ་གཙོ་བོ་ཞིག་ཏུའང་གྱུར་སོང་། དེ་ལྟར་རྒྱུག་རྟ་རྐྱང་དམར་དང་སྐལ་བཟང་གཉིས་ཕན་ཚུན་གྲོགས་པོར་གྱུར་ནས་བཟུང་ལོ་རེ་རེ་ཡི་རྟ་རྒྱུག་འགྲན་ཚོགས་ཀྱི་བྱ་དགའ་མང་བོ་ཞིག་གཞན་ལ་ཤོར་དུ་མ་བཅུག སྐལ་བཟང་ལོ་བརྒྱད་ལོན་མ་ཐག་ཁོ་ལ་ནུ་བོ་སྙིང་རྗེ་བོ་ཞིག་སྐྱེས་བྱུང་ལ། ནུ་བོ་དེ་ནི་བལྟས་པ་ཙམ་གྱིས་ཧ་ཅང་སྙིང་རྗེ་བོ་ཞིག་འདུག་ནའང་། ནམ་རྒྱུན་དུ་ངུ་སྐད་ཅིག་གིས་ཁོའི་བྲང་ཁོག་ལ་ཟུག་གཟེར་ཡང་ཡང་རྒྱག་ངེས།
སྐལ་བཟང་གི་མ་ཡར་དེ་ནི་ཁོའི་ཨ་མ་ལས་ཚོ་ཞིང་རྒྱག་པ་ཞིག་ཡིན་ལ། བལྟས་པ་ཙམ་གྱིས་ཁོང་ཁྲོ་ལངས་འདུག་སྙམ་པའི་ཉམས་འགྱུར་ཞིག་ཤར་འོང་། མོ་ནི་སྐལ་བཟང་གི་ཨ་མ་འདས་ནས་ལོ་གཅིག་ལོན་མ་ལོན་ཞིག་ལ་གྲོ་ཆེན་སྡེ་བ་དང་ཁ་ཐག་རིང་རྒྱུ་མེད་ཅིང་། བཀྲ་ཤིས་ཆོས་འཁོར་དགོན་དང་ཡང་ཁ་ཐག་མི་རིང་བའི་ཡ་ཐར་སྡེ་བའི་ཨ་ཁུ་གཡུང་ལོ་ཚང་གི་བུ་མོ་འབྲིང་བ་ཡིན་པར་བཤད་ལ། མོ་རང་ཡང་དང་ཐོག་རང་སྡེ་བའི་ཁྱིམ་ཚང་ཞིག་ཏུ་མནའ་མར་སོང་མོད། མཐར་མནའ་མ་མ་ཉན་པར་ཕྱིར་ལོག་པ་ཞིག་ཡིན་འདུག ཅང་མ་འགོར་བར་ཨ་ཕས་ནུ་བོ་བཀྲ་ཤིས་ཆོས་འཁོར་དགོན་གྱི་ཨ་ལགས་ཆོས་བཟང་རིན་པོ་ཆེའི་སྐུ་མདུན་དུ་འཁྱེར་བ་ནས་བཟུང་ནུ་བོ་ལ་བཀྲ་ཤིས་ཚེ་རིང་དུ་འབོད། བཀྲ་ཤིས་ཚེ་རིང་ཡང་སྐལ་བཟང་དང་འདྲ་བར་ལོ་གསུམ་ལོན་མ་ཐག་ཚིག་རེ་གཉིས་བཤད་ཐུབ་པར་གྱུར་བ་མ་ཟད། ཕུ་བོ་སྐལ་བཟང་དང་འགྲོགས་ནས་རྩེད་མོ་རྩེ་རྒྱུར་དགའ་བར་གྱུར། ཡིན་ཡང་། རྩེད་མོ་རེ་རྩེ་དུས་བཀྲ་ཤིས་ཚེ་རིང་གིས་ཕུ་བོས་ང་ལ་བརྙས་བཅོས་བྱས་ཐལ་ཟེར་ནས་ངུ་ཞོར་ཁོའི་ཨ་མའི་ཕྱོགས་སུ་རྒྱུག་འགྲོ། བཀྲ་ཤིས་ཚེ་རིང་གི་ཨ་མས་ཕུ་བོ་སྐལ་བཟང་ལ་ཅི་ཡང་མི་བཤད་པར་མིག་ཟུར་གྱིས་ལྟ་ཞོར་བཀྲ་ཤིས་ཚེ་རིང་གི་མགོ་ལ་བྱིལ་བྱིལ་བྱེད་ཞོར་ཨ་མའི་བུ་ལོ་ཞེས་ཟེར་ནས་གཅེས་འོང་ངེས།
སྐལ་བཟང་ལོ་བཅུ་གསུམ་སྟེ། རང་ལོའི་ལོ་དེའི་དབྱར་གཞུང་ཞིག་ལ། ཆར་བ་ཤག་ཤག་ཏུ་འབབ་པའི་ཁྲོད་དུ། ཨ་ཕས་སྐལ་བཟང་རྒྱུག་རྟ་རྐྱང་དམར་གྱི་ཕོང་བར་བཞག་ནས་བཀྲ་ཤིས་ཆོས་འཁོར་དགོན་གྱི་ཕྱོགས་སུ་ལམ་ལ་ཆས། ཉིན་དེར། འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ནས་སྐལ་བཟང་གི་ཆེས་རྒྱུན་ལྡན་གྱི་སེམས་ཁམས་ལ་འཇིགས་སྐུལ་ཡང་ཡང་བྱས། ཨ་ཕས་སྐལ་བཟང་ཆེས་སྐྲག་སའི་ཨ་ཁུ་འཕྲིན་ལས་རྒྱ་མཚོའི་གམ་དུ་ཁྲིད་སོང་།
་་་་་་་་་་
“ཡ་ལགས་་་་་ཡ་ལགས་་་”
ཨ་ཁུ་འཕྲིན་ལས་དང་ཨ་ཕ་གཉིས་ཀྱིས་ཁ་བརྡ་མང་པོ་ཞིག་བྱས་མོད། འོན་ཀྱང་སྐལ་བཟང་གིས་ཡ་ལགས་ཞེས་ཟེར་བ་ལས་ཅི་ཡང་གོ་མ་བྱུང་། ཨ་ཕས་ཨ་ཁུ་འཕྲིན་ལས་ཀྱི་མདུན་ནས་ཡ་ལགས་ཞེས་མང་ཙམ་ཟེར་རྗེས་རྒྱུག་རྟ་རྐྱང་དམར་གྱི་སྲབ་མདའ་ནས་བཟུང་སྟེ་སྐལ་བཟང་ལ་“དེ་རིང་ནས་བཟུང་ཁྱེད་རང་གྲྭ་བ་བྱེད་དགོས་པས། ཨ་ཁུ་འཕྲིན་ལས་ཀྱི་ཁ་ལ་ཉོན། ཚིག་ལ་རྩིས། ཆོས་ཕྱོགས་ལ་འབད་པ་བྱོས། ཨ་ཕ་ཁོམ་དུས་ཁྱེད་ལ་བསྐོར་རྒྱག་ཏུ་འོང་ངེས།”ཞེས་ཅི་ཡིན་འདི་ཡིན་མ་ཤེས་པར་གློ་བུར་དུ་སྐད་ཆ་དེ་འདྲ་ཞིག་སྐལ་བཟང་ལ་ལབ་བྱུང་། རྨི་ལམ་དང་མངོན་སུམ་གྱི་དབྱེ་བ་མ་ཆོད་པའི་སྐབས་དེ་ལ། གློ་བུར་གྱི་འབྲུག་སྒྲ་ཞིག་གིས་ཁོ་གཉིད་ལས་སད་པ་ལྟར་སངས་བར་བྱས་སོང་། ཨ་ཁུ་འཕྲིན་ལས་ལ་ཧ་ཅང་སྐྲག་པའི་དབང་གིས་སྐལ་བཟང་ཨ་ཕ་དང་འགྲོགས་ནས་ཕ་ཡུལ་ལ་འགྲོ་འདོད་རབ་ཏུ་སྐྱེས་ནའང་། ཨ་ཕ་ལ་ང་འགྲོ་རྒྱུ་ཞེས་ཚིག་ཅིག་ཀྱང་བཤད་རག་མ་ཆོད་པར་ལུས། ཕྱི་ཉིན་ཞོགས་པར། ཉི་མ་ཤར་རིའི་རྩེ་ནས་མ་འཛུམ་གོང་ལ་ཨ་ཁུ་འཕྲིན་ལས་ཀྱིས་སྐལ་བཟང་ཁྲིད་ནས་བཀྲ་ཤིས་ཆོས་འཁོར་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསམ་གཏན་ཚང་གི་མདུན་དུ་སོང་། ཐོག་མར་ཨ་ཁུ་འཕྲིན་ལས་ཀྱིས་གཟན་རས་ཕུད་ཙམ་བྱས་ནས་ཕྱག་གསུམ་འཚལ་བྱུང་། དེར་མཐུད་ནས་སྐལ་བཟང་གིས་ཀྱང་མགོ་ཡི་རྒྱ་ཞྭ་ཕུད་དེ་ཕྱག་འཚལ་འགོ་བརྩམས་ལ། སྐབས་དེར་ཁོའི་སེམས་སུ་ཨ་ཁུ་འཕྲིན་ལས་ལའང་ཕྱག་འཚལ་དང་གུས་འདུད་བྱེད་ས་ཞིག་ཡོད་པས། འདི་ནི་རང་ག་བ་ཞིག་ག་ལ་ཡིན་སྙམ་བཞིན་ཕྱག་གསུམ་འཚལ་བྱུང་། ཨ་ཕས་ནུ་བོ་ཨ་ལགས་ཆོས་བཟང་ཚང་གི་སྐུ་མདུན་དུ་འཁྱེར་བ་ནས་བཀྲ་ཤིས་ཚེ་རིང་ཞེས་པའི་མིང་ཞིག་བཏགས་པ་དང་འདྲ་བར་དེ་རིང་སྐལ་བཟང་ཡང་དགེ་བཤེས་བསམ་གཏན་ཚང་གི་སྐུ་མདུན་དུ་ཁྲིད་པ་ནས་འཇིགས་མེད་རྒྱ་མཚོ་ཞེས་པའི་མིང་ཆ་མེད་ཅིག་བཏགས་སོང་།
འཇིགས་མེད་རྒྱ་མཚོ་ཆུང་གྲོང་བ་ཡིན་དུས་ནས་བཟུང་སློབ་གྲྭར་འགྲིམས་པའི་གོ་སྐབས་ཤིག་ཡེ་ནས་མ་ཐོབ་པའི་རྐྱེན་གྱིས་ཁོས་དགོན་པ་ནས་ཀྱང་བསླབ་པ་སློབ་གཉེར་གྱི་དབུ་དེ་ཡང་ཐོག་མར་ཀ་ཁ་ནས་འགོ་མི་འཛུགས་ཐུ་མེད་བྱུང་། ཁོས་ཟླ་ངོ་གཉིས་གསུམ་ཙམ་གྱི་རིང་ལ་ཨ་ཁུ་འཕྲིན་ལས་ཀྱི་གམ་ནས་ཀ་ཁའི་སྦྱོར་ཀློག་བསླབས་ཤིང་། རིམ་བཞིན་དུ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ་སོགས་སློབ་ཞོར་ཨ་ཁུ་འཕྲིན་ལས་ལ་ཞབས་ཞུ་གང་ལེགས་བསྒྲུབས། བཀྲ་ཤིས་ཆོས་འཁོར་དགོན་གྱི་མདུན་རི་དང་རྒྱབ་རི་ཧ་ཅང་མཐོ་ཞིང་གཟར་ལ། དབྱར་ཁ་ཡིན་ཡང་རི་ལུང་ཀུན་ཏུ་སྔོ་ལྡེམ་ལྡེམ་གྱི་རྩྭ་ལྗང་སྟེང་དུ་མེ་ཏོག་སྣ་ཚོགས་ཀྱི་འདབ་བརྒྱ་ལྷུག་པོར་གྲོལ་བའི་འཇིག་རྟེན་ཞིག་ཡེ་ནས་མཐོང་རྒྱུ་མེད་ཅིང་། འཇིགས་མེད་རྒྱ་མཚོའི་ཕ་ཡུལ་གྲོ་ཆེན་དང་འདྲ་བར་ཤག་ཤག་ཏུ་བཞུར་བའི་ཆུ་བོའི་འུར་སྒྲ་དང་། ནོར་ལུག་གི་འབའ་སྒྲ། རྫི་བོའི་གླུ་སྐད་སོགས་ཅི་ཡང་ཐོས་རྒྱུ་མེད་པས་ན་དེ་ལྟར་འཇིགས་མེད་རྒྱ་མཚོ་ཁོ་རང་གི་ཕ་ཡུལ་གྲོ་ཆེན་སྡེ་སྟེ། ལྷག་ཏུ་བྲག་དམར་ལ་མགོ་ནས་བཞུར་འོང་བའི་ཆུ་མིག་གི་ཤག་སྒྲ་དེ་ཁོ་ན་ནི། ཁོས་ཕ་ཡུལ་དྲན་པའི་དབུ་འཁྱུད་དུ་གྱུར། བཀྲ་ཤིས་ཆོས་འཁོར་དགོན་ནས་དབྱར་དུས་འདམ་ཆུ་དང་དགུན་དུས་གྲང་རེག་གི་ངར་ཁའི་སྡུག་མྱོང་མི་དགོས་པ་བདེན་ན་ཡང་། ཨ་ཁུ་འཕྲིན་ལས་ཀྱི་མཐུ་འོག་ནས་གུས་གུས་ཞུམ་ཞུམ་གྱིས་ཉི་མ་འཁྱོལ་ཐབས་བྱས་ཏེ་འདུག་རྒྱུ་དེ་ནི་ཅི་འདྲའི་སུན་པ་ཞིག་རེད་ཨང་། ལྷག་པར་དུ་དབྱར་ཁར། བཀྲ་ཤིས་ཆོས་འཁོར་དགོན་གྱི་འདབས་རོལ་དུ་དགོན་པར་འོང་བའི་གྲོང་བ་རེ་འགའི་བཞོན་པ་མཐོང་ཚེ། འཇིགས་མེད་རྒྱ་མཚོའི་ཡིད་ལ་ཐོག་དང་པོར་ཤར་འོང་བ་ནི་རྒྱུག་རྟ་རྐྱང་དམར་རེད་འདུག འཇིགས་མེད་རྒྱ་མཚོ་ལ་ཆོས་གྲོགས་བཞི་ལྔ་ཞིག་ཡོད་པ་ཚང་མ་ཁོའི་ཨ་ཁུ་འཕྲིན་ལས་ཀྱི་དགེ་ཕྲུག་ཡིན་ལ། ནམ་རྒྱུན་དཔེ་ཁྲིད་གྲོལ་རྗེས་ཁོ་ཚོ་འཇིགས་མེད་རྒྱ་མཚོ་དང་ལྷན་དུ་དགོན་པའི་ཤིང་ཆ་ཁང་དུ་ཤིང་གིས་བཟོས་པའི་ཤིང་རྟ་དག་ཞོན་དུ་འགྲོ་ངེས་ཡིན། ཡིན་ན་ཡང་། འཇིགས་མེད་རྒྱ་མཚོ་གཞན་དག་དང་མི་འདྲ་བར་རྩེ་དགའི་ཀློང་ནས་ཉིན་མ་ཕུད་པའི་དུས་ཚོད་ཅིག་གང་ན་ཡོད། ཅུང་མ་འགོར་བར་ཁོ་རང་གཉིད་ལས་སད་པ་ལྟར་བན་ཕྲུག་ཚོའི་གྲལ་ནས་བུད་དེ་ཐད་ཀར་ཨ་ཁུ་འཕྲིན་ལས་ཀྱི་ཁང་བའི་ཕྱོགས་སུ་ཆས། འཇིགས་མེད་རྒྱ་མཚོ་ལ་བན་ཕྲུག་གཞན་པ་དག་དང་འདྲ་བར་རང་ཉིད་གཅིག་པུ་ལ་ཁང་བ་མེད་པས། ཁོ་རང་ཨ་ཁུ་འཕྲིན་ལས་ཀྱི་དགེ་ཕྲུག་བྱས་ཤིང་ཨ་ཁུ་ལ་སྐུ་གཡོག་ཞབས་ཞུ་བྱས་ཏེ་ཁོང་ཚང་དུ་བསྡད་ཡོད། འཇིགས་མེད་རྒྱ་མཚོ་ཡུལ་ལ་ལོག་མ་ཐག གཟན་རས་སྐེད་པར་དཀྲིས་ཙམ་བྱས་ཏེ། དགོང་ཇའམ་ཕྱི་ཇ་ལས་བར་བྲེལ། སྐབས་དེའི་ཁོའི་གུས་གུས་ཞུམ་ཞུམ་གྱི་སྤྱོད་པ་དེ་དང་ཟ་མ་གཡོ་བསྐོལ་བྱེད་པའི་རྣམ་པ་དེ་ནི་དེ་སྔོན་བན་ཕྲུག་ཚོའི་འགོ་བ་པྲ་ཚལ་དེ་རེད་ཟེར་ན་མི་རློམ་པ་ཞིག་ཏུ་གྱུར་འདུག འཇིགས་མེད་རྒྱ་མཚོ་ཨ་ཁུ་འཕྲིན་ལས་ལ་ཧ་ཅང་སྐྲག་ཅིང་གུས་པས། དགོན་པ་ནས་དོན་དག་ཅི་འདྲ་ངན་པ་བསྒྲུབས་རུང་ཨ་ཁུ་འཕྲིན་ལས་ཀྱི་བཀའ་དང་འགལ་བ་ཞིག་བསྒྲུབ་མི་ཕོད་པ་རེད། དེའང་ཅི་ཁག་སྟེ། ཨ་ཁུ་འཕྲིན་ལས་ནི་བཀྲ་ཤིས་ཆོས་འཁོར་དགོན་གྱི་དགོན་བདག་ཨ་ལགས་ཆོས་བཟང་རིན་པོ་ཆེ་ཚང་སྐུ་བཞུགས་དུས་སུ་དགོན་པའི་དགེ་བཤེས་སུ་བསྐོ་བཞག་བྱས་པ་ཞིག་ཡིན་པས། ཁོང་ཚང་ཆོས་ལ་ཧ་ཅང་མཁས་པ་མ་ཟད་མི་གཤིས་ཅུང་ཟད་དྲག་པོ་ཅན་ཞིག་ཡིན་པའི་སྟེང་ལ་ནམ་རྒྱུན་ཁྲོ་གཉེར་ལས་འཛུམ་མདངས་ཤིག་མཐོང་དཀོན་པས་ན་དགོན་པའི་བན་ཕྲུག་ཚོ་ཧ་ཅང་སྐྲག་པ་མ་ཟད། ཐ་ན་དགོན་པའི་ཐག་ཉེ་ཡི་བྱིས་པ་ཚོའང་ཧ་ཅང་སྐྲག་ངེས་རེད། འཇིགས་མེད་རྒྱ་མཚོས་ཨ་ཁུ་འཕྲིན་ལས་ལ་ཇ་འདྲེན་དུས་ཀྱང་ཇ་ཕོར་གྱི་ཕྱི་རུ་ཇ་ཅུང་ཙམ་བྱོ་ཚེ་གདོང་གི་སྨིན་མ་སྟུག་པོ་དེ་བསྡུས་ནས་མ་དགའ་བའི་ཉམས་ཤིག་སྟོན་སྲིད། མཚམས་རེར་འཕྱ་སྨོད་ཀྱང་བྱེད་ངེས་རེད།
འཇིགས་མེད་རྒྱ་མཚོ་ནི་དེ་འདྲའི་བརྩོན་པ་ཆེ་རྒྱུ་མེད་ནའང་ཁོའི་རིག་པ་བཟང་བོ་དེ་ལ་བཀྲ་ཤིས་ཆོས་འཁོར་དགོན་གྱི་བླ་གྲྭ་ཉིས་བརྒྱ་ལྷག་ལས་ཁས་མི་ལེན་མཁན་གཅིག་ཀྱང་མེད་པས་ན། ཨ་ཁུ་འཕྲིན་ལས་ཀྱིས་ཀྱང་མཚམས་རེར་ཁོ་རྫོང་ཐོག་དང་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་འཁྲིད་ནས་འགྲོ་སྲིད་པས། དེའང་འཇིགས་མེད་རྒྱ་མཚོ་ལ་མཚོན་ན་ལོངས་སྤྱོད་ཐེངས་ཤིག་རེད་ཅེས་ཟེར་ཆོག་ཆོག་རེད། ཡིན་ན་ཡང་། ཁོས་ད་དུང་བྲག་དམར་ལུང་བའི་ཁུག་སོ་ཡི་རྒྱུག་རྟ་རྐྱང་དམར་དེ་བརྗེད་ཀྱིན་མེད་ལ། ལོ་རེའི་གཉིས་པའི་བཅུ་གཅིག་ཉིན་གྱི་རྟ་རྒྱུག་ཀྱང་བརྗེད་ཀྱིན་མེད། ལྷག་ཏུ་འཇིགས་མེད་རྒྱ་མཚོའི་གྲོགས་པོ་ཚུལ་ཁྲིམས་ཀྱི་ཨ་ཕ་དགོན་པའི་ནང་དུ་ཡོང་ཐེངས་རེར་ཁོས་ཕྱིའི་འཇིག་རྟེན་གྱི་གཏམ་རྒྱུད་དམ་གསར་འགྱུར་མང་བོ་ཞིག་ནང་འདྲེན་བྱེད་འོང་སྟེ།
“ཨ་ཁུ་དཀོན་བྷེ་ཚང་གིས་བརྙན་འཕྲིན་ཟེར་བའི་འཕྲུལ་ཆས་ཡ་མཚན་ཞིག་ཉོས་འདུག”
ཚུལ་ཁྲིམས་ཀྱིས་ཁང་བ་གསར་བ་དེའི་ཚ་ཐབ་ཐོག་ནས་ཟུར་འདུག་ཅིག་བྱས་ནས་དེ་ལྟར་བཤད་འགོ་བརྩམས།
“ཨ་ཁུ་རིག་ཡག་གི་རྒྱུག་རྟ་རྐྱང་དམར་གྱིས་ད་ལོར་ཨང་དང་པོ་ལེན་མ་ཐུབ་ཐལ། དེའང་ཁག་མི་འདུག རྒྱུག་མཁན་དཔོན་ཚང་གི་རིན་ཁོ་རེད། ཁོར་རྟ་རྩལ་དེ་འདྲའི་བཟང་རྒྱུ་མི་འདུག”
ཡུད་ཙམ་གྱི་འཕྲོ་ནས་ཚུལ་ཁྲིམས་ཀྱི་ཨ་ཕས་ཚུལ་ཁྲིམས་ལ་ཁ་བརྡའི་ཚུལ་དུ་རང་གི་དགའ་ཕྱོགས་དང་དུང་ཕྱོགས་ཤིག་གིས་འཁྱེར་ནས་འོང་བའི་ཁ་བརྡ་དེ་ཚུལ་ཁྲིམས་ཚང་དུ་ཉུལ་རྒྱུར་དགའ་བའི་འཇིགས་མེད་རྒྱ་མཚོས་ཐོས་བྱུང་། ཁོས་གོ་མ་ཐག་ཡིད་སེམས་རབ་ཏུ་སྡུག་སྟེ།དང་ཐོག་ཞོན་མཁན་རིན་ཁོའི་སྟེང་ལ་སྤོ་ལངས་ཤིང་ཚུལ་ཁྲིམས་ཀྱི་ཨ་ཕ་ལ་དོན་དག་གསལ་ཐག་ཆོད་པ་ཞིག་འདྲི་དགོས་བསམ་མོད། ཚུལ་ཁྲིམས་ཀྱིས་མྱུར་དུ་ཁོའི་ཨ་མའི་གནས་ཚུལ་དྲིས་བྱུང་བས་འཇིགས་མེད་རྒྱ་མཚོར་རྟ་རྒྱུག་གི་གནས་ཚུལ་འདྲི་བའི་སྐལ་བ་མ་ལྡན་པ་རེད།
བཀྲ་ཤིས་ཆོས་འཁོར་དགོན་གྱི་ཉེ་འདབས་སུ་ཕྲ་ལུང་སྡེ་བ་ཞེས་པའི་ཁྱིམ་ཚང་བཞི་བཅུ་ལྷག་ཅན་གྱི་སྡེ་བ་ཞིག་ཡོད་ལ། དེའི་ནང་སྐྱ་བྷ་ཚང་ཟེར་བ་ཞིག་གིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་གྱིན་ཡོད། དཔེ་ཁྲིད་གྲོལ་རྗེས། འཇིགས་མེད་རྒྱ་མཚོས་རང་གི་གྲོགས་པོ་བན་ཕྲུག་ཆུང་ཆུང་དག་ཁྲིད་ནས་ཚོང་ཁང་དུ་འགྲོ་སྲིད། ཚོང་ཁང་ནས་ཟ་རྒྱུ་རེ་ཉོས་རྗེས་དེ་ནས་དགོན་པའི་མཆོད་རྟེན་དཀར་པོའི་མཐའི་བར་དུ་རྒྱུག་འགྲན་བྱེད་ལ། འཇིགས་མེད་རྒྱ་མཚོས་“ང་རང་རྒྱུག་རྟ་རྐྱང་དམར་ཡིན”ཟེར་ནས་དབུགས་ཧལ་ཧལ་གྱིས་མཆོད་རྟེན་དཀར་པོའི་མཐའི་བར་དུ་རྒྱུགས་འོང་ལ། གཞན་པ་ཚོས་“ང་ནི་རྒོད་པོ་གཤོག་ཐོགས་ཡིན། ང་ནི་་་་་”ཞེས་རང་གིས་རང་ལ་མིང་རེ་འདོགས་ཞོར་འཇིགས་མེད་རྒྱ་མཚོའི་རྗེས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་བསྙེགས་ཡོང་བ་རེད།
ལོ་བཞིའི་རྗེས་སུ། བཀྲ་ཤིས་ཆོས་འཁོར་དགོན་གྱི་དགེ་བཤེས་ཆེན་མོ་ཨ་ཁུ་བསམ་གཏན་ཚང་གི་ཐུགས་བཀོད་ལྟར་གཅིག་ནས་དགོན་པའི་ཨ་ཁུ་དགེ་བཤེས་ཚང་མས་ཨ་ལགས་ཆོས་བཟང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ཚང་གི་ཡང་སྤྲུལ་འཚོལ་དགོས་ཟེར་ནས། རིན་པོ་ཆེ་ཚང་གི་ལོ་རྟགས་དང་ཡུལ་ཕྱོགས་སོགས་བསྟན། གཉིས་ནས་ན་ཆུང་གྲྭ་ཕྲུག་རིག་རྒོད་ཅན་རྣམས་གནས་གཞན་ལ་སློབ་སྦྱོང་དུ་མངགས་དགོས་ཟེར་ནས། འཇིགས་མེད་རྒྱ་མཚོ་དང་ཁོའི་བན་གྲོགས་ཚུལ་ཁྲིམས་གཉིས་ཐོག་དང་པོར་དགོན་པའི་མངགས་བཀོད་ལྟར་སི་ཁྲོན་རྔ་བའི་སྒོ་མང་དགོན་དུ་སློབ་སྦྱོང་ལ་འགྲོ་དགོས་བྱུང་བས། འཇིགས་མེད་རྒྱ་མཚོ་ལ་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་བྱུང་།
འཇིགས་མེད་རྒྱ་མཚོའི་ནུ་བོ་ལ་མི་འགྱངས་པར་མནའ་མ་ལེན་དགོས་པས། ཨ་ཕས་རང་གི་རྒྱུག་རྟ་རྐྱང་དམར་མིང་གྲགས་ཀྱང་ཅུང་ཆེ་བའི་སྐབས་དང་བསྟུན་ནས་བཙོང་འདོད་བྱུང་མོད། འཇིགས་མེད་རྒྱ་མཚོ་ལོ་མགོ་སྟོན་མཇུག་ཏུ་ཡུལ་ལ་ཕེབས་དུས་རྒྱུག་རྟ་རྐྱང་དམར་ལ་བལྟ་ངེས་པས། རྒྱུག་རྟ་རྐྱང་དམར་བཙོངས་ཚེ་འཇིགས་མེད་རྒྱ་མཚོ་ཁྲོ་ཁོ་ཐག་རེད་སྙམ་ནས་ཐེ་ཚོམ་གྱི་མདུད་པ་གྲོལ་མ་ཐུབ་པར་བསྡད་ཡོད། འཇིགས་མེད་རྒྱ་མཚོས་ཀྱང་རྒྱུག་རྟ་རྐྱང་དམར་བཙོང་པར་དོགས་ནས་རང་ཉིད་ཁོམ་ལོང་རེ་བྱུང་དུས་ཡུལ་ལ་ལོག་ཅིང་། “ཨ་ཕ། རྒྱུག་རྟ་རྐྱང་དམར་ནི་གསོན་ཡང་འུ་ཚང་གི་རྟ་ཡིན་ལ། ཤི་རུང་འུ་ཚང་གི་མིང་ལོག་དགོས་པས། གཏན་ནས་བཙོང་མི་རུང་”ཞེས་རེ་བ་ཡང་ཡང་བཏོན་མྱོང་། ཡིན་ཡང་འཇིགས་མེད་རྒྱ་མཚོ་གཞན་ཡུལ་ལ་སློབ་སྦྱོང་དུ་འགྲོ་དགོས་ཐུག་པས། རྒྱུག་རྟ་རྐྱང་དམར་དང་ཁ་ཐག་ཇེ་རིང་དུ་སོང་བ་དེར་བསྟུན་ནས་ཨ་ཕས་རང་གི་རྒྱུག་རྟ་རྐྱང་དམར་བཙོང་ཨེ་འགྲོ་སྙམ་པའི་འཇིགས་སྐྲག་ཅིག་རིམ་གྱིས་སྐྱེས་པ་དང་བསྟུན་སྐྱོ་གར་ཞིག་ཡུན་གྱིས་འཁྲབ་དགོས་ཐུག་སོང་།
ལོ་དེའི་དབྱར་ཁར། འཇིགས་མེད་རྒྱ་མཚོ་དང་ཁོའི་ཆོས་གྲོགས་ཚུལ་ཁྲིམས་གཉིས་ཀ་བཀྲ་ཤིས་ཆོས་འཁོར་དགོན་དང་ཁ་བྲལ་དགོས་བྱུང་སོང་། ཉིན་
ཞིག་གི་ཞོགས་པར། ཁོ་གཉིས་ཀྱིས་རྩམ་ཁུག་རྒྱབ་ཏུ་ཁུར་ནས་ཉི་མ་དང་ལྷན་དུ་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་ལམ་ལ་ཆས། ཁོ་གཉིས་བརྒྱུད་སའི་ལམ་མང་ཆེ་བ་ནི་འབྲོག་ས་ཁོ་ན་རེད། དེ་བས་ལམ་བར་དུ་མཐོང་སྲིད་པ་དེ་ཡང་བག་ཕེབས་ཀྱིས་རྒྱུ་ཞིང་འགན་འཁྲི་ཅི་ཡང་མེད་པར་རང་དབང་དང་ལྷོད་ཡངས་ཀྱིས་འཚོ་བའི་རྟ་ནོར་ལུག་གསུམ་དག་རེད། དེ་དག་མཐོང་མ་ཐག་འཇིགས་མེད་རྒྱ་མཚོས་སྔར་བཞིན་དྲན་སྲིད་པ་ནི་ཁོའི་ཕ་ཡུལ་གྱི་རྒྱུག་རྟ་རྐྱང་དམར་ཡིན། ལམ་ཐག་རིང་སྙན་མོ་གླུ་ཡིས་བསྐྱོད། གླུ་མེད་ན་དགའ་བའི་གཏམ་གྱིས་བསྐྱོད་ཟེར་བ་ནང་བཞིན་ཁོས་རྒྱུག་རྟ་རྐྱང་དམར་གྱི་གཏམ་རྒྱུད་ཚང་མ་ཆོས་གྲོགས་ཚུལ་ཁྲིམས་ལ་གསལ་ཐག་ཆོད་ཀྱིས་ཡང་ཡང་བཤད་དེ་ལམ་ལ་ཆས། དེ་ལྟར་ཟླ་ངོ་གཉིས་ལྷག་གི་རིང་ལ་སོང་སོང་མཐར་བདེ་ཞིང་ཁོད་ཡངས་པའི་རྩྭ་ཐང་ཆེན་པོ་ཞིག་གི་གདན་སྟེང་དུ་རྔ་ཡུལ་སྒོ་མང་དགོན་དེ་བྱིན་གྱིས་ཆགས་འདུག་པ་མིག་ལམ་དུ་མཐོང་བྱུང་ལ། རྒྱང་ནས་བལྟས་ཚེ་འདུ་ཁང་རེ་རེའི་ཐོག་གི་གསེར་གྱི་རྒྱ་ཕིབས་ལ་ཉི་འོད་ཀྱི་མདངས་བཀྲ་བས་འོད་ལམ་ལམ་བྱེད་ཀྱིན་འདུག རི་རབ་དང་ལམ་ཕྲན་མང་བོ་ཞིག་བརྒྱུད་པའི་ངལ་བ་རིམ་གྱིས་བསལ་ནས་དགའ་སྐྱོ་ཟུང་འབྲེལ་གྱིས་དགོན་ཆེན་དེའི་ཕྱོགས་སུ་ཆས།
འཇིགས་མེད་རྒྱ་མཚོའི་ཨ་ཕས་རང་གི་བུ་བཀྲ་ཤིས་ཚེ་རིང་ལ་རང་སྡེ་ནང་གི་དཔོན་ཚང་ཚང་ཞེས་སྤྱི་ཚོགས་རྙིང་བར་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པ་དེ་བ་ཚང་གི་བུ་མོ་ཞིག་ཆུང་མར་བླངས། མནའ་མའི་བཞོ་ལུང་དང་སྐེ་རྒྱན་གཉིས་བཀྲ་ཤིས་ཚེ་རིང་ཚང་གིས་བསྒྲིག་རྒྱུ་བྱས་ཤིང་། ཆབ་མ་དང་རྣ་ལུང་སོགས་གཞན་དག་ཚང་མ་དཔོན་ཚང་ངམ་ཨ་ཞང་ཚང་ནས་ཉོ་རྒྱུ་བྱས། བཀྲ་ཤིས་ཚེ་རིང་ཚང་ལ་མཚོན་ན་དེ་འདྲའི་དབུལ་བོའི་གྲས་ཤིག་མིན་ནའང་། མནའ་མའི་བཞོ་ལུང་དང་སྐེ་རྒྱན། ད་དུང་མནའ་མའི་རིན་དང་སྟོན་མོའི་སྟ་གོན་སོགས་མཉམ་གཅིག་ཏུ་བསྒྲུབ་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཏུ་གྱུར་འདུག བཀྲ་ཤིས་ཚེ་རིང་གི་ཨ་ཕ་འཁྱམས་རའི་ཨོང་སྟེགས་སྟེང་ན་ལག་ཏུ་ར་ཙེ་ཞིག་གསེག་ཏུ་བཟུང་ནས་ཡོད་ལ། དམར་ལ་གནག་པའི་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་འདུག་ཅིང་། བལྟས་ཚོད་ཀྱིས་སྔོན་ཆད་དང་མི་འདྲ་བར་ཐོད་ཀྱི་གཉེར་རིས་ཀྱང་ཇེ་མང་ཇེ་གསལ་དུ་གྱུར་འདུག་པའི་སྣང་བ་སྟེར། ཁོ་ལ་གདམ་གསེས་གཉིས་ལས་མེད་དེ། གཅིག་ནི་འབྲི་རྒན་འཛི་ལོ་དང་རྒྱུག་རྟ་རྐྱང་དམར་གཉིས་བཙོངས་ཤིང་། གཡག་རྒན་རོག་འཛི་བཤའ་རྒྱུ་དེ་ཡིན། གཅིག་ནི་ཞང་ཐོག་ལ་སོང་ནས་མནའ་བཅད་དོན་ཁོ་བཙལ་ཏེ་སྒོར་མོ་བསྐྱི་ཐབས་བྱ་རྒྱུ་དེའོ།
རྔ་ལྗོངས་ཕྱུག་མོ་ནི་འཇིགས་མེད་རྒྱ་མཚོའི་ཕ་ཡུལ་དང་ཡེ་ནས་མི་འདྲ་སྟེ། ཁྱོན་ཡངས་པའི་རྩྭ་ཐང་གི་ག་ས་གང་དུ་སྡེ་བ་དང་དགོན་པ་མང་བོ་ཞིག་མཐོང་རྒྱུ་འདུག་ལ། དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་དེ་རུ་ལྕགས་རྟ་ཟེར་བའི་ཞོན་པ་ཞིག་ཀྱང་མཆིས་ཏེ། ས་གནས་ཀྱི་ལས་བྱེད་པ་དང་འགོ་བ་ཚོས་ལྕགས་རྟ་བཞོན་ནས་འགྲོ་བཞིན་འདུག གོ་ཐོས་སུ་ལྕགས་རྟ་དེ་ལ་རྩྭ་ཆུ་སོགས་ཅི་ཡང་ལྡུད་མི་དགོས་པར་ཐད་གར་ཞོན་ཆོག་པ་མ་ཟད། དེའི་མྱུར་ཚད་ནི་ཞོན་རྟ་ལས་ལྡབ་འགྱུར་གྱིས་མགྱོགས་པོ་འདུག་ཟེར། འཇིགས་མེད་རྒྱ་མཚོས་ལྕགས་རྟ་ཞེས་པའི་ཞོན་པ་དེ་ཐག་ཉེ་ནས་མཐོང་ཉིན་མེད་ནའང་རྒྱང་ཐག་རིང་བའི་གཞུང་ལམ་དུ་མཚམས་རེར་གཅིག་རེ་དང་གཉིས་རེ་རྒྱུ་བཞིན་པ་མཐོང་ཐུབ། འཇིགས་མེད་རྒྱ་མཚོ་ལྕགས་རྟ་ལ་བལྟ་འདོད་དང་ཞོན་འདོད་རབ་ཏུ་སྐྱེས་ནའང་། ཞོན་རྒྱུ་ཕར་ཞོག ཐ་ན་ཐག་ཉེ་ས་ནས་བལྟ་རྒྱུའི་གོ་སྐབས་ཀྱང་མི་ལྡན་ལ།ལྡན་ཀྱང་རུང་དགོན་པའི་གྲྭ་བ་ཞིག་གིས་དེ་ཞོན་པ་ནི་རྣམ་རྟོག་ཅིག་ཏུ་ཡང་གྱུར་འགྲོ་ངེས།
“སློབ་གྲྭའི་བཀོད་སྒྲིག་ལྟར་འཇིགས་མེད་རྒྱ་མཚོ་ལ་ཁང་བ་འདི་ཁེལ་འདུག དེ་ནས་ཚུལ་ཁྲིམས་ཀྱི་ཁང་བ་འདིའི་ཉིས་ཐོག་ན་ཡོད།” ཅེས་དགོན་པའི་ནང་བསྟན་སློབ་གྲྭའི་གྲྭ་བ་ཞིག་གིས་འཇིགས་མེད་རྒྱ་མཚོ་དང་ཁོའི་ཆོས་གྲོགས་ཚུལ་ཁྲིམས་གཉིས་ལ་ཁང་མིག་རེ་རེ་བཀོད་སྒྲིག་བྱས་ཤིང་། དེ་ནས་གཏན་སྡོད་བྱས་ཏེ་སློབ་གཉེར་བྱེད་དགོས་པར་བཤད། ནང་བསྟན་སློབ་གྲྭ་དེ་དེ་འདྲའི་ཆེ་རྒྱུ་མེད་ནའང་སློབ་རའི་གྲུ་ཟུར་རེ་རེ་ན་གྲྭ་བ་གཅིག་རེ་གཅིག་རེ་ཐར་ཐོར་གྱིས་དཔེ་ཆ་བློར་འཛིན་གྱིན་འདུག སྣང་ཚུལ་འདིས་འཇིགས་མེད་རྒྱ་མཚོའི་སྣ་ལམ་དུ་དྲི་བསུང་གཞན་ཞིག་འཐུལ་སོང་བས། ཁོས་ལམ་བར་དུ་ཚོད་བགམ་བྱས་བའི་འཇིག་རྟེན་གསར་བ་དེའང་གཞི་ནས་བརྗེ་དགོས་བྱུང་སོང་།
འཇིགས་མེད་རྒྱ་མཚོའི་ཨ་ཕ་རིག་ཡག་གིས་རང་གི་བུ་ཆུང་བ་བཀྲ་ཤིས་ཚེ་རིང་ལ་གཉེན་སྒྲིག་གི་སྟོན་མོ་རྒྱ་ཆེར་བྱས་སོང་། འོན་ཀྱང་ཁོས་འཇིགས་མེད་རྒྱ་མཚོའི་ངག་ལ་ཉན་པས་ཡིན་ནམ། གང་ལྟར་རྒྱུག་རྟ་རྐྱང་དམར་བཙོངས་ཐུབ་མ་བྱུང་བར། དབྱར་དགུན་རེས་སུ་བྱས་ཏེ་མཚན་ཤུལ་དང་འབྲོག་ས་སོགས་སུ་རྒོད་མ་རྐྱང་ནག་མ་བུ་ཚོ་དང་ལྷན་དུ་རི་རྒྱག་བྱས་ཡོད། འཇིགས་མེད་རྒྱ་མཚོའི་ཨ་མྱེས་ཀྱིས་རང་གི་བུ་ལ་རྒྱུག་རྟ་རྐྱང་དམར་རི་རྒྱག་བྱས་པར་ལེ་བདའ་ཡང་ཡང་བྱས་སྟབས། མནའ་མ་བན་དེ་སྒྲོལ་མ་འབྲོག་ལས་ཀྱི་ཁོམ་གསེང་བར་ནས་མཚམས་རེར་རྒོད་མ་རྐྱང་ནག་མ་བུ་ཚོ་དང་རྒྱུག་རྟ་རྐྱང་དམར་ལ་བལྟ་རུ་འགྲོ་བཞིན་ཡོད།
འཇིགས་མེད་རྒྱ་མཚོས་ནང་བསྟན་སློབ་གྲྭ་ནས་ལོ་གསུམ་རིང་སློབ་གཉེར་ལ་འབད་བརྩོན་བྱས་མཐར་གྲུབ་འབྲས་ཀྱང་ལག་ལ་རེག་རྒྱུ་མེད་ཀྱང་སེམས་ལ་བསྡུ་རྒྱུ་ཙམ་ཞིག་ཡོད་སོང་ལ། ཞོར་དུ་ཁོས་དགོན་པའི་ཉེ་འཁོར་གྱི་ལྕགས་རྟ་ཞོན་མཁན་གྱི་གྲོགས་པོ་མང་བོ་ཡང་ངོ་ཤེས་སོང་། ཁོས་དང་ཐོག་ཁོ་ཚོ་ལ་ལྕགས་རྟ་གཡར་ནས་དགོན་པ་དང་ཐག་མི་རིང་བའི་རྫོང་ཐོག་ཏུ་དཔེ་ཆ་ཉོ་བར་སོང་ལ། རྗེས་སུ་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་གཏམ་རེ་བཤད་དེ་ལྕགས་རྟ་གཡར་ཐབས་བྱས་ཏེ་རྫོང་ཐོག་ཏུ་ཕེབས་པ་རེད། དེ་ལྟར་ཁོ་ནམ་རྒྱུན་ཕལ་ཆེར་རྫོང་ཐོག་ཏུ་སོང་ནས་མི་མང་བོ་ཞིག་ཀྱང་གསར་དུ་ངོ་ཤེས་སོང་། དེ་ལས་མིང་ལ་རྟ་བྷོ་ཟེར་བའི་གསར་བུ་ཞིག་གིས་ཁོ་རང་ཨ་མཆོད་དུ་བསུས་བྱུང་། ཉིན་འགའི་རྗེས་ནས་བཟུང་། ཚུལ་ཁྲིམས་དང་ཁོ་གཉིས་ཨ་མཆོད་དུ་ཕེབས་འགོ་བརྩམས། རྒྱང་ཐག་རིང་བོ་ནས་སློབ་གཉེར་དུ་འོང་བའི་ཁོ་གཉིས་ལ་མཚོན་ན་ཨ་མཆོད་དུ་ཕེབས་རྒྱུ་ནི་ཆེས་མཆོག་ཏུ་གྱུར་བའི་ཐབས་མཆོག་ཅིག་ཡིན་ཏེ། ཨ་མཆོད་ཀྱི་འབུལ་བས་ཁོང་གཉིས་ཀྱི་ཟས་གོས་ཀྱི་གནད་དོན་ལ་འདང་རྒྱག་མེད་པར་གཏོང་བ་མ་ཟད། ཨ་མཆོད་ཕར་བསུ་དང་ཕྱིར་བསྐྱལ་ཀུན་ཏུ་བཅིབ་པ་ཞོན་ནས་འགྲོ་བས་ན་འཇིགས་མེད་རྒྱ་མཚོ་ལྟ་བུར་མཚོན་ན་རང་དབང་མེད་པར་བྱིས་དུས་ཀྱི་འཚོ་བའི་དྲི་བསུང་བསྣམས་སུ་བཅུག
ལོ་ཞིག་གི་དབྱར་ཁར། བྲག་དམར་སྡེ་བས་བྲག་དམར་ཐང་ནས་བསྡུས་པའི་རྟ་རྒྱུག་འགྲན་སྡུར་ཅིག་གི་སྟེང་ནས་ཁོ་རང་རྒྱུག་རྟ་རྐྱང་དམར་གྱི་སྟེང་ནས་སར་ལྷུང་སྟེ་ཁོའི་གདོང་གི་གཡས་ཕྱོགས་ཀྱི་ནག་ལ་སྟུག་པའི་སྨིན་མའི་སྟེང་ལ་རྨ་ཁ་ཞིག་བཟོས་པ་དེས་ཁོ་རང་ཨ་མཆོད་ཅིག་གི་ངོས་ཐད་ནས་རྟར་ཞོན་རབས་དང་རྡུལ་འཚུབ་རབས་ཀྱི་ལོ་རྒྱུས་སོགས་ནས་ལབ་རྒྱག་རྐྱང་ཡིན་པའི་བརྗོད་གཞི་ཞིག་རྙེད་སོང་བ་འདྲ།
འཇིགས་མེད་རྒྱ་མཚོས་རྟ་བྷོ་ཚང་གི་སྐུ་རིམ་ཡོད་ཚད་ཁོང་གཙོ་བྱས་ཚུལ་ཁྲིམས་སོགས་གྲྭ་གྲོགས་མང་བོ་མངགས་ནས་བསྒྲུབས་ཟིན་པས་ན། ཁོང་ནི་རྟ་བྷོ་ཚང་གི་ཆེས་ཆ་རྒྱུས་ཡོད་ཅིང་འདང་ཆེ་བའི་ཨ་མཆོད་གཅིག་པུར་གྱུར་ལ། རྟ་བྷོས་ཀྱང་རང་གི་རྒྱུག་རྟ་གཅིག་པུ་ཨ་མཆོད་འཇིགས་མེད་ལ་བཅིབས་པ་རུ་གཡར་ནས་གཞན་གྱི་ཨ་མཆོད་དང་མི་སྒེར་ཁོང་གི་དགོས་མཁོ་རུ་སྤྱོད་དུ་བཅུག དབྱར་ཁའི་ཉིན་ཞིག་ལ། རྟ་བྷོ་ཚོང་ཆེན་ཞིག་ནས་ཉིན་མང་བོ་ཞིག་ལ་ཕྱིར་ལོག་རྒྱུ་མ་བྱུང་བས། ཁོའི་ཆུང་མ་ལྷ་མོ་སྒྲོལ་མ་སེམས་མ་ཚུགས་པར་དགོན་པར་མཇལ་སྐོར་དུ་འགྲོ་བའི་མི་ཞིག་ལ་སྐད་བསྐུར་ནས་དེའི་སྐོར་གྱི་སྐུ་རིམ་ཞིག་བྱེད་པར་འཇིགས་མེད་རྒྱ་མཚོ་ཕེབས་དགོས་པར་རེ་ཞུ་བྱས། ཉིན་དེར་ཆར་བ་ཤག་ཤག་ཏུ་བབས་ཤིང་། འབྲུག་སྒྲ་རྒྱུན་མི་ཆད་ནའང་། འཇིགས་མེད་རྒྱ་མཚོས་རྟ་བྷོ་ཚང་གི་རྒྱུག་རྟ་བཞོན་ནས་ཚེགས་ཅི་ལ་ཡང་མ་འཛེམ་པར་ཨ་མཆོད་དུ་ཕེབས། ཉིན་དེར་ཆར་བ་ཤག་ཤག་ཏུ་བབས་ཤིང་། འབྲུག་སྒྲ་གྲགས་པས་རྩྭ་ཐང་གི་རྟ་ནོར་ལུག་གསུམ་ཚང་མ་སེར་བ་ལ་གཟོད་མ་ཐུབ་པར་ཕྱོགས་ཕྱོགས་སུ་ཞོགས་རྒྱུགས་ཀྱིས་ལ་ཆོད་ལུང་ཆོད་དུ་བཏང་། ཉིན་དེར་ཏག་ཏག་ལ་ལྷ་མོ་སྒྲོལ་མ་དང་འཇིགས་མེད་རྒྱ་མཚོ། ད་དུང་རྟ་བྷོའི་རྒྱུག་རྟ་སོགས་དུས་གཅིག་ཏུ་གར་སོང་ཆ་མེད་དུ་གྱུར་སོང་།
ཟླ་འགའི་རྗེས་སུ། དོན་དག་དེ་གྲོ་ཆེན་སྡེ་བའི་མ་ཎི་ཁང་ལ་བསྐོར་བ་འགྲོ་བཞིན་པའི་རྒན་རྒོན་ཚོའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར། ལ་ལས་འཇིགས་མེད་རྒྱ་མཚོས་རྟ་བྷོ་ཚང་གི་རྒྱུག་རྟ་བརྐུས་ནས་བྲོས་སོང་བ་ལྷ་མོ་སྒྲོལ་མས་ཤེས་རྗེས་མྱུར་དུ་སེམས་འཚུབ་ནས་རྟ་བྷོ་འཚོལ་དུ་ཕྱིན་པས་གར་སོང་ཆ་མེད་དུ་གྱུར་སོང་བ་རེད་ཟེར། ཡིན་ཡང་མང་ཤས་ཤིག་གིས་འཇིགས་མེད་རྒྱ་མཚོས་རྟ་བྷོའི་རྒྱུག་རྟ་དང་ལྷ་མོ་སྒྲོལ་མ་གཉིས་ཁྲིད་ནས་བྲོས་སོང་བ་རེད་ཟེར། གང་ལྟར་གསལ་ཐག་ཆོད་པའི་སྐད་ཆ་བདེན་ཁྲ་ཁྲ་ཞིག་སུ་ཞིག་ལའང་བཤད་རྒྱུ་མི་འདུག་ལ། སུས་ཀྱང་ཁོ་རང་ད་ལྟ་གྲྭ་གྲོང་གང་ཞིག་ལ་འགྱུར་ཡོད་པ་ཚོད་དཔག་བྱེད་ཐབས་མེད། ཁོ་འབྲོ་བའི་ཉི་མ་དེ་ཏག་ཏག་ཡུལ་ནས་རྒྱུག་རྟ་རྐྱང་དམར་བོར་བའི་ཉིན་ལ་འཁེལ་འདུག་པས་རྒན་རྒོན་ཚོ་རང་ས་ནས་དབྱེ་ཞིབ་སྟབས་བདེ་རེ་བྱེད་བཞིན་ཡ་མཚན་སྐྱེ་བཞིན་འདུག ཡིན་ཡང་ཤི་གསོན་གང་ཡང་མི་ཤེས་པ་ཞིང་གྲྭ་གྲོང་གང་ཡིན་མི་གསལ་བའི་འཇིགས་མེད་རྒྱ་མཚོ་ལ་མ་ཎི་ཁང་གི་རྒན་རྒོན་ཚོས་སྐལ་བཟང་འཇིགས་མེད་ཅེས་མིང་གསར་བ་ཞིག་བཏགས་ཡོད་དོ།། །།