གླིང་ཉུལ།

འབའ་མཁྱེན་དཔལ། (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


        ཁོས་སློབ་མ་ཚོར་སྐུལ་སློང་རེ་འབྱུང་ཆེད་ཧ་ཅང་གཟབ་ནན་སྒོས་ལས་བྱ་འབྲི་བཞིན་བདོག

        ཏི་རང་།~ ཏི་རང་།~ ཏི་རང་།~ ལག་འཕྲིན་སྨྱོས་པ་དང་འདྲ་བར་འཕྲིན་ཐུང་འབྱོར་བརྡ་ཡང་ཡང་གྲག་པས། ཁོའི་སེམས་ལ་ཅི་ཡིན་འདི་ཡིན་མེད་པའི་འཚུབ་ཆ་ཞིག་བསླངས། སྙུག་མཚམས་བཞག་ནས་མགྱོགས་མྱུར་ངང་ལག་འཕྲིན་ངོས་སུ་ཅེར། འོ། འཕྲིན་ཚོགས་གསར་བ་འགས་ནང་འཇུག་བྱས་འདུག་པས་རེད་ལ། ཞེས་ཆིག་ལབ་ཅིག་བརྒྱབ།

        ནམ་རྒྱུན་ཡིན་ན། ཁོས་འཕྲིན་ཚོགས་དག་ལ་དེ་འདྲའི་གཟབ་ལྟ་མི་བྱེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་འབུད་བྱེད་སྲིད་དེ། རྒྱུ་མཚན་ནི་ཁོའི་སློབ་གཉེར་ལ་བར་ཆད་གཏོང་དོགས་ཀྱིས་རེད། འོན་ཀྱང་། དེ་རིང་ནི་དེ་ལས་ལྡོག་སྟེ། ཧ་ཅང་སྤྲོ་ཉམས་དོད་པོས། འཕྲིན་ཚོགས་དེ་ཚོའི་ཁ་ཕྱེས་ནས་གཅིག་གཅིག་གཉིས་གཉིས་ཀྱིས་ཉན་བཞིན་འདུག

        འཕྲིན་ཚོགས་གསར་བ་དེ་ཚོའི་ཁ་ཕྱོགས་སྤྱིའི་ཆ་ནས་འདྲ་ནའང་། གླེང་བྱ་དང་། སྒྲིག་གཞི་སོགས་བྱེ་བྲག་གི་ཐད་ནས་ཁྱད་པར་ཅུང་ཟད་ཕྱེས་ཡོད་མོད། གླེང་ཕྱོགས་ཕལ་ཆེར་འདྲ་བོ་འདུག་པས། ཁོས་ཕན་ཚུན་གཤིབ་བསྡུར་གྱིས་རང་གི་རེ་འདུན་དང་འཚམས་པའི་བླང་བྱ་ཞིག་ཨེ་རྙེད་ལ་བྲེལ།

        འཕྲིན་ཚོགས་དེ་ཚོའི་ཐོག་མའི་གླེང་བྱ་ནི་གཅིག་ཡིན་ཞིང་། ཕལ་ཆེར་གླེང་མཁན་ཚོའི་དྲྭ་མིང་ལས་གཞིགས་ན་གླེང་མཁན་དང་གླེང་ཕྱོགས་ཀྱང་ཤིན་ཏུ་འདྲ་སྟེ། ང་ཚོ་བོད་ལ་རྩོམ་པ་པོའམ་སྙན་ངག་པ་ཡོད་མེད་དང་། དེའི་ཚད་གཞི་ག་འདྲ་ཞིག་ཡིན་མིན་སོགས་གཅིག་ལས་གཅིག་ལྷག་གིས། ཁ་མཁས་མཁས་དང་། ལྕེ་བདེ་བདེ་ཡིས་གླེང་ཡོང་དུས་ཁོ་ཚོ་ནི་རྩོམ་རིག་ལ་སྔོན་སྦྱོང་གནད་དུ་སྨིན་ཡོད་པའི་ཡིད་ཆེས་ཤིག་ངང་ངམ་ཤུགས་ཀྱིས་སྟེར་སྲིད་ནའང་། འཕྲིན་ཚོགས་གཅིག་ལས་གཅིག་ཏུ་འདྲ་བཤུས་བརྒྱབ་པ་ལྟ་བུའི་ཚིག་སྒྲོས་དང་སྨྲ་རྩལ་གྱིས་དེ་མུར་དོགས་པ་རེའང་བསླངས་ཡོང་།

        བྱེ་བྲག་གི་གླེང་བྱའི་སྟེང་དུ་བབས་དུས་ཀྱང་གླེང་ཕྱོགས་ཤིན་ཏུ་མཚུངས་ཏེ། གནའ་དེང་ངམ་སྲོལ་རྒྱུན་དང་དེང་རབས་རྩོམ་རིག སྙན་ངག སྒྲུང་གཏམ། ལྷུག་རྩོམ། འབོལ་རྩོམ་སོགས་རྩོམ་རིག་སྤྱི་དང་ནང་གསེས་ཀྱི་དབྱེ་བ་དེ་དག་གི་ཁྱད་པར་དང་ས་མཚམས་གང་ཡིན། དེ་ལས་གང་ཞིག་དགོས་མིན་དང་ཁྱད་ཆོས་ཅི་ཡོད་སོགས་རང་རང་གི་ལྟ་ཚུལ་དང་སྦྱར་ནས་དགག་སྒྲུབ་ཅི་རིགས་བྱེད་དུས། ལ་ལས་ཅི་ཞིག་རྟོགས་འདོད་ཀྱི་རེ་འདུན་འཕྱུར་བའི་དྲི་བ་བརྩེགས་མར་བྱེད་ཅིང་། འགའ་ཞིག་གིས་གང་ཡང་ཤེས་པའི་སྒྲོབ་ཉམས་སྣ་ཚོགས་མངོན་ལ། ཡང་ཁ་ཅིག་གིས་དམིགས་ཡུལ་མི་གསལ་བའི་ལྡོག་འདྲི་དང་དགག་པ་གང་མང་གཏོང་བ་སོགས་ལ་ཉན་གྱིན་ཉན་གྱིན་དགོད་བྲོ་ལ་ངུ་འཆོར་བའི་ཚོར་འགྱུ་བརྩེགས་མ་རེའང་ཤུགས་ཀྱིས་འཕྱོ།

        གླེང་གཞི་དེ་དག་ལས་འཕྲོས་པའི་དགག་སྒྲུབ་བམ་བསམ་ཚུལ་བཤད་དེ་ཉིན་ཁ་ཤས་འདས་ཀྱང་། ད་དུང་ཁོའི་རེ་འདུན་གྱི་སྟེང་དུ་འབབ་ཐུབ་ཀྱི་མི་འདུག་རྐྱེན་ཅུང་ཡི་ག་ཆད་པའི་མཛུབ་མོས་སྐད་བསྐུར་དེ་དག་ལ་གཅིག་རྗེས་གཉིས་མཐུད་དུ་མནན་ནས་རགས་ཉན་བྱས།

        འོ་ན་སྙན་ངག་འབྲི་སྦྱོང་བྱེད་པའི་ཐབས་ལམ་གང་དག་ཡོད་ཅིང་། དེ་ལས་རྩོམ་འཇུག་གི་མྱུར་ལམ་མམ་ཆེས་བཟང་ཤོས་ཀྱི་ཐབས་མཆོག་དེ་གང་རེད། གློ་བུར་དུ་ཁོའི་བསམ་གཞིགས་དང་མཐུན་པའི་དྲི་བ་ཞིག་ལྷགས་སོང་བས་དགའ་ཚོར་ཆེན་པོས་ཡང་བསྐྱར་མུ་མཐུད་དུ་གཟབ་ཉན་བྱེད།

        སྙན་ངག་འབྲི་བར་ཐབས་ལམ་ཡོད་པ་མ་རེད་ལ། བོད་ལ་སྙན་ངག་མཁན་ཡང་ཡོད་པ་མ་རེད། སྙན་ངག་ནི་བརྩེ་དུང་གི་ཚོར་བ་རྒྱ་ཡན་པ་ཞིག་གི་སྟེང་ནས་འབྲི་དགོས་པས། དེ་ལྟའི་ཚོར་བ་ཅན་ཞིག་བོད་ལ་སྔར་མེད་ལ་ད་ཡང་མེད་པས་བོད་ལ་སྙན་ངག་ཡོད་པ་མ་རེད་ཅེས་ཁོས་བཤད་འདོད་པར་མ་ཟད། ལྷག་པར་གྲྭ་པ་འགས་སྙན་ངག་འབྲི་ཁུལ་བྱེད་པ་ནི་ཇི་འདྲའི་དགོད་བྲོ་བའི་གནས་ཤིག་སྟེ། གྲྭ་པ་ཚོར་ཚོར་བ་རྒྱ་ཡན་པ་ཡོང་ཆོག་གི་མ་རེད། རྒྱུ་མཚན་ནི། ཁོ་ཚོ་འདུལ་བ་ཞེས་པའི་སྒྲོམ་གཞི་ཆུང་ཆུང་ཞིག་གི་ནང་དུ་བཙུད་ཡོད་པས། ཚོར་བ་རྒྱ་ཡན་པ་ཡོད་མི་སྲིད་ལ་ཡོད་ཀྱང་ཆོག་གི་མ་རེད། སྙན་ངག་གི་གསང་བ་གང་ཞིག་ཁ་གསལ་གཏིང་གསལ་དུ་རྟོགས་ཡོད་ཁུལ་གྱིས་ཧ་ཅང་སྒྲོབ་ཉམས་ཅན་གྱི་སྐད་ཆ་ལབ་སྟངས་དེར་གཞིགས་ན། འཕྲིན་ཚོགས་གང་མང་ལས་སྨྲ་བརྗོད་སྦྱོང་བརྡར་བྱས་ཤིང་བསམ་བཞིན་གཞན་གྱི་ཚོད་བགམ་པའི་ལྡོག་བརྗོད་བྱེད་པའི་སྣང་ཚུལ་ཞིག་མངོན་འདུག་གཤིས་སུས་ཀྱང་དེ་ལ་སྐད་ལན་མ་སྤྲད་ཀྱང་། ཁོའི་ཡིད་དུ་འཐད་པའི་གླེང་གཞི་དེའི་གླེང་མཚམས་ཀྱང་ཡོངས་སུ་ཆད་སོང་།

        ཉིན་ཤས་འགོར་ཡང་འཕྲིན་ཚོགས་དེ་ཁ་ཁུ་སིམ་པོར་གནས་པའི་བར་གསེང་ནས། ཁ་མི་གྲག་པའི་ཚོགས་མི་རེ་ཟུང་གིས། གཉོམ་དུང་དུང་གི་རེ་འདུན་སྣུམ་པོ་ཞིག་གམ། ཤུགས་ཀྱིས་འཕྱོ་བའི་རྟོག་འགྱུ་ལྐོག་གྱུར་པ་རེ་ལ་དམིགས་ནས། ཡིག་ཤད་མེད་ལ་ཡིག་ནོར་ཅན་གྱི་གོ་མི་ཐུབ་པའི་དེང་རྩོམ་འགའ་རེ་བསྐུར་ཡོང་མོད། དེ་ལ་དོ་སྣང་དང་ཨ་ལན་སྤྲད་མཁན་སུ་ཡང་མེད་པས། ཁོའི་སེམས་ཁམས་ལ་སྔར་ལྟར་འཚུབ་ཆ་ལངས། བསམ་བློ་ཡུད་ཙམ་བཏང་རྗེས། ཞེན་ཆགས་དང་སྨོན་འདུན་འདྲེས་མའི་དྲི་བ་བརྩེགས་མ་ཞིག ད་དུང་ཟུར་ཟའང་ཅུང་ཟད་འདྲེས་ཡོད་པ་འདྲ་བའི་འཕྲིན་ཐུང་ཞིག་འདི་ལྟར་སྐུར་ཤོར་སོང་།

        དེང་རྩོམ་ལ་ཡིག་ཤད་མི་འཇོག་པ་དང་། དེང་རྩོམ་འབྲི་མཁན་ཚོས་ཡིག་ནོར་ལ་འགན་མི་ཁུར་བའི་རྒྱུ་མཚན་ཅི་རེད། ཧེ་ཧེ།(མ་རབས་ཀྱི་རྣམ་འགྱུར་མཚོན་པའི་དབུ་རིས་སེར་པོ་ལྕེ་ནར་བྱས་འདུག་པའི་མཚོན་རིས་དེ་དང་བཅས་བསྐུར།)

        འཕྲིན་ཚོགས་དེ་ཡང་བསྐྱར་འུར་ཟིང་ངེར་བཟོས་བྱུང་། སྨྲ་བརྗོད་ཀྱི་བྱང་ཆ་དོད་པའི་ཚོགས་མི་ཚོས་གཅིག་ལས་གཅིག་མྱུར་གྱིས། ཡིག་ནོར་བསལ་རྒྱུ་ནི་བརྡ་སྤྲོད་པ་ཚོའི་འགན་ཡིན་པ་ལས་རྩོམ་པ་པོའི་འགན་མིན་ལ། ཡིག་ཤད་མི་འཇོག་པ་ནི་དེང་རྩོམ་ལ་དེང་རབས་ཀྱི་ཁྱད་ཆོས་དམིགས་བསལ་བ་དེ་ཡོད་དགོས་པས། གཙོ་བོ་རང་དབང་དང་འདྲ་མཉམ། དཀྱེལ་ཡངས་དང་སྒལ་ཚིགས་ཡོད་པའི་རང་གཤིས་མཚོན་ཆེད་ཡིན། གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་ཁུལ་དེས། དེང་སྐབས་རྒྱུགས་ཆེ་བའི་ཐ་སྙད་ཚང་མ་ཡིག་ཤད་མི་འཇོག་པའི་སྟེང་དུ་བཀོལ།

        འོ། དེ་འདྲ་ཡིན་ན། དེང་སྐབས་ང་ཚོ་ལ་རྩོམ་པ་པོ་མང་སོང་བས་བརྡ་སྤྲོད་པ་རྣམས་ཀྱིས་འདང་གིན་མི་འདུག་ལ། ཡིག་ཤད་དོར་བ་ཙམ་གྱིས་དེང་རྩོམ་གྱི་ཁྱད་ཆོས་དམིགས་བསལ་བ་ཅི་ཞིག་ཐོན་ཐུབ། ལྷག་པར་འདྲ་མཉམ་དང་རང་དབང་སོགས་ལ་འབྲེལ་བ་ག་རེ་ཡོད།(མ་རབས་དང་ཁོང་དགོད་ཀྱི་རྣམ་འགྱུར་མཚོན་པའི་དབུ་རིས་སེར་པོ་ལྕེ་ནར་བྱས་འདུག་པ་དང་ཁ་ལག་པས་བསུམས་ཡོད་པའི་མཚོན་རིས་དེ་གཉིས་བཅས་བསྐུར།) ཁོས་དེ་ལྟར་མུ་མཐུད་དུ་ཀུ་རེའི་ནང་དུ་དོན་གཏམ་བསྲེས་ཏེ་གླེང་གཞི་དེའི་མཇུག་བསྐྱངས།

        རེད། དངོས་གནས་བདེན་འདུག འོ་ན་ཡིག་ཤད་ལ་ཅིའི་ཕྱིར་རང་དབང་དང་འདྲ་མཉམ་མི་སྤྲད་ཅིང་། ང་ཚོའི་བརྡ་སྤྲོད་ལ་རང་དགར་རྡོག་རྫིས་བྱེད་ཆོག་པའི་རྩོམ་པ་པོ་དེ་ཚོར་རང་དབང་དང་འདྲ་མཉམ་གླེང་བའི་ཐོབ་ཐང་ཞིག་གང་ན་ཡོད། ཁོ་ལ་རྒྱབ་སྐྱོར་ལྟ་བུའི་འཕྲིན་ཐུང་འདི་འབྱོར་བ་ན། མཚོན་རིས་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བསྐུར་ཡོང་།

        ཡིག་ཤད་མི་འཇོག་པ་ནི་རིག་གསར་གྱི་ལྷག་རོ་ཡིན་པ་ལས་རྒྱུ་མཚན་གཞན་ཡོད་པ་མ་རེད། མི་བདེན་པར་བསམས་ན། དག་ཡིག་གསར་བསྒྲིགས་སྔོན་མ་དེར་བལྟས་ན་ངེས་ཤེས་རྙེད་ཐུབ་ཅིང་། གཞུང་འབྲེལ་སློབ་དེབ་ཚོར་ཡང་དེའི་ཤན་ཞུགས་འདུག་ལ། དེ་ལས་བརྒྱུད་དེ་དེང་རྩོམ་འབྲི་མཁན་ཚོས་ཅལ་འདྲོགས་བྱས་པ་ཙམ་མོ།། གཅིག་ལས་གཅིག་ལྷག་གི་ཚིག་གནད་དེས་སྨྲ་རྩལ་ཅན་གྱི་ཚོགས་མི་རྣམས་རེ་རེ་བཞིན་ཕྱིར་ཕུད་བཏང་བྱུང་བས། སླར་ཡང་འཕྲིན་ཚོགས་དེ་ལྷིང་འཇགས་སུ་གྱུར།

        སྐབས་དེར་ཁོའི་རེ་སྨོན་དང་མཐུན་པའི་མཇུག་འབྲས་མ་ལོན་པའི་སྐྱོ་སྣང་དང་བཅས། འཕྲིན་ཕྲན་ནང་གི་རྩོམ་རིག་གླིང་དང་། སྙན་ངག་གླིང་། སྒྲུང་གཏམ་གླིང་། ལྷུག་རྩོམ་གླིང་། འབོལ་རྩོམ་གླིང་བཅས་འཕྲིན་ཚོགས་རེ་རེ་བཞིན་མཐེ་བོང་གིས་ཡར་འདེད་མར་འདེད་བྱེད་ཀྱིན་རེ་སྒུག་ཟད་པོ་ཞིག་གི་ཀློང་དུ་འཐིམས་དུས། ཏིང་ཏིང་ཏིང་།~ ཕྱི་རོལ་ནས་སློབ་གྲྭའི་ཅུང་བརྡ་གྲག དུས་དེར་ཁོ་རང་གཉིད་ལས་བསླངས་པ་ལྟར་གྱུར་ཏེ། ཤུ།~ དབུགས་རིང་ནར་ནར་པོ་ཞིག་བཏོན་རྗེས། ཉིན་འདི་དག་གི་བྱ་སྤྱོད་ནི་རང་གིས་གཟབ་ནན་སྒོས་ལས་བྱ་ཞིག་འབྲི་བཞིན་པའི་བར་ཆད་ཙམ་ལས་གང་ཡང་མ་ཡིན་སྙམ་པའི་འགྱོད་སྣང་གློ་བུར་བ་ཞིག་ཀྱང་སྐྱེས་སོ།། །།


རྩོམ་ཡིག་སྔོན་མ།
པ་སངས་ཀྱི་ཉིན་གཅིག
རྩོམ་ཡིག་རྗེས་མ།
རྨི་ལམ་བོར་བའི་བྱིས་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1