རྨི་ལམ་བོར་བའི་བྱིས་པ།

ཁམས་གསེར་ཐིག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


        དེ་རིང་ནི་གཟའ་ཉི་མ་རེད། ནམ་མཁའ་ནི་ག་ཤེད་ནས་ཐེད་སོང་བ་ལྟར་དུ་ཆར་ཞོད་ཆེན་པོ་བྱེད་ཀྱི་འདུག་ལ། གནམ་གཤིས་ཀྱང་དེའི་རྐྱེན་གྱིས་འཁྱག་ལྷང་ལྷང་རེད། དུས་ཚོད་དང་པོར་ཐོན་མིན་གྱི་མཚམས་སུ། མེ་ཏོག་མཚོས་གོམས་ལོབས་སུ་སོང་བའི་ཚུལ་དུ། ལག་པ་ཉལ་གཟན་གྱི་ནང་ནས་འདོད་མི་འདོད་ངང་ནས་ཕྱི་རུ་བསྲིངས་ཏེ་གློག་ཐབ་ཀྱི་ཁ་ཕྱེས་པ་ན། ཅི་ཞིག་ལ་བྲོས་པ་ནང་བཞིན་ལག་པ་མྱུར་ཏུ་ཉལ་གཟན་གྱི་ནང་ལ་བཅུགས་ཏེ་རྨི་ལམ་གྱི་ཡུལ་དུ་ཕྱིན་འགོ་བརྩམས།

        “མེ་ཏོག མེ་ཏོག” མོས་མིག་ཕུར་ཕུར་བྱས་ནས་གཟབ་ནན་གྱིས་མདུན་ཕྱོགས་སུ་བལྟས་པ་ན། མདུན་ཕྱོགས་ཀྱི་མཛེས་ལྗོངས་དེ་དག་ཀྱང་རབ་རིབ་མག་མོག་ངང་ནས་མོའི་མིག་ལམ་དུ་གཅིག་གཅིག་བཞིན་དུ་གསལ་བྱུང་། དྭངས་ཤིང་གཙང་བའི་ནམ་མཁའི་ངོས་སུ། རབ་ཏུ་དཀར་བའི་སྤྲིན་པ་ཐར་ཐོར་ཁ་ཅིག་བག་ཕེབས་ངང་རང་ལ་དབང་བའི་ཡིད་འོང་གི་གྲོང་ཁྱེར་དེ་རུ་འཁྱམས་ཉུལ་བྱེད་བཞིན་འདུག རིམ་གྱིས་མིག་ལམ་དུ་གསལ་ཡོང་བ་ནི་མཐའ་མི་མངོན་པའི་སྤང་ཐང་ཆེན་པོ་ཞིག་རེད། སྤང་ཐང་དེའི་སྟེང་དུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་འགྲོ་བཞིན་འདུག་ཅིང་། བརྟན་བརླིང་གི་ཕྱོགས་བཞིའི་རི་ཚོགས་ནི་ཁོ་ཚོའི་འཚོ་བའི་རྒྱབ་རྟེན་ཡིན་ལ། ཤག་ཤག་ཏུ་རྒྱུག་པའི་ཆུ་ཕྲན་དེ་དག་ནི་ཁོ་ཚོའི་ཁྲག་རྒྱུན་ཡིན་པས། རི་ཆུ་མ་སྟོང་གི་བར་དུ་ནོར་ལུག་མི་སྟོང་ལ། ནོར་ལུག་མ་སྟོང་གི་བར་དུ་འཚོ་བའི་ཆ་རྐྱེན་ཡང་སྟོང་མི་སྲིད། མེ་ཏོག་མཚོ་གནས་སྐབས་ཡིད་འོང་གི་མཛེས་ལྗོངས་འདི་ལ་ཆགས་ཤིང་ཉམས་སུ་མྱོང་བཞིན་པའི་སྒང་དེར། རྣ་ལམ་དུ་ཡང་བསྐྱར་ཆ་རྒྱུས་ཟབ་པའི་སྐད་སྒྲ་དེ་ཐོས་བྱུང་། “མེ་ཏོག མེ་ཏོག” མོས་ནོར་ལུག་དེ་དག་གི་རྒྱབ་ཏུ་བལྟས་པ་ན། མགོ་ལ་བལ་སྐུད་ཀྱིས་འཐེན་པའི་སྐུད་ཞྭ་ཞིག་གོན། ལུས་ལ་སྣུམ་དང་མར་གྱིས་ནག་ཐིག་ཅུང་ཙམ་རེ་བཟོས་ཡོད་པའི་སློག་པ་ཞིག་གྱོན། ལག་གཡས་པས་ལག་གཡོན་པར་འཆིང་བའི་འུར་ཆ་དཀྱུས་གཅིག་བྱས་ཏེ་རུམ་ལ་བཅུག་ཞོར་འཛུམ་མུལ་མུལ་གྱིས་མེ་ཏོག་མཚོའི་གཅེས་མིང་འབོད་བཞིན་པའི་འབྲོག་པ་རྒན་པོ་ཞིག་མཐོང་བྱུང་། མེ་ཏོག་མཚོས་རྒན་པོ་དེ་མཐོང་མ་ཐག་སེམས་གཏིང་ལ་དྲོད་ཅིག་འཁྱིལ་ཞིང་དྲོད་དེ་རིམ་གྱིས་མིག་གི་མཚམས་སུ་ཁྱབ། མིག་གོང་ནས་ཆུ་ཐིགས་དྲོན་པོ་ཞིག་ལྷུང་འཕྲལ་ཨ་ཕ་ཟེར་བཞིན་འབྲོག་རྒན་དེའི་པང་དུ་འཐམ་ནས་ངུ་མཚམས་མ་བཞག ཚུལ་དེ་ལ་བལྟས་ན་མེ་ཏོག་མཚོའི་བཟོ་ལྟ་ནི་བྱིས་པ་ལོ་གསུམ་ཅན་ཞིག་ལ་ཅི་འདྲའི་མཚུངས་ཨང་། ཡིན་ཡང་མོ་ནི་ལོ་ཉེར་བཞི་ལ་སོན་པའི་བུ་མོ་ཡག་མ་ཞིག་ཡིན་པར་མ་ཟད། ཏན་ཏན་ཚང་མས་འབོད་པ་ནང་བཞིན་སྤྱི་ཚོགས་ཀྱི་གཡོ་ཟོལ་འགོས་པའི་མེ་ཏོག་རྐང་གཅིག་རེད་ཨང་། མོའི་ངོ་གདོང་ཡོད་ཚད་མཆི་མས་གཡོགས་བཞིན་མགོ་དགྱེ་དགྱེ་ངང་གིས་ཨ་ཕ་ལ་བལྟས་ཏེ། “ཨ་ཕ། དེ་རིང་སློབ་གྲོགས་མང་པོ་ཞིག་གིས་ང་ལ་ཁྱོད་ཀྱི་རྒྱུགས་འབྲས་ལར་ནས་མི་བཟང་བས་རྒྱུགས་འཕྲོད་པ་མ་རེད་ཟེར་ནས་འཕྱ་དམོད་བྱས་པ་མ་ཟད། ད་དུང་་་་ད་དུང་་་་་” སྐད་ཆ་བཤད་མ་ཚར་མོད་མོ་སླར་ཡང་ཨ་ཕའི་པང་དུ་ལོག་ཏེ་ངུ་འགོ་བརྩམས། ཨ་ཕས་མེ་ཏོག་མཚོ་ལ་བལྟས་ནས་མོའི་མགོ་ལ་བྱིལ་བྱིལ་ཞིག་བྱེད་ཞོར་གནམ་ལ་བལྟས་ཏེ་ཡུད་ཙམ་སོང་བ་ན། “གལ་ཏེ་དཀོན་མཆོག་གསུམ་གྱིས་ངེད་ཕ་བུ་གཉིས་ཀྱི་དཀའ་སྡུག་དེ་དག་སྤྱན་གྱིས་ཐེངས་གཅིག་གཟིགས་ཚེ། ཁྱོས་རྒྱུགས་འཕྲོད་ཤག་ཤག་ཡིན།”ཞེས་འཆད་ཞོར་བུ་མོར་ལྟ་ཙམ་བྱས། མེ་ཏོག་མཚོས་མགོ་ལྕོག་ལྡེམ་ལྡེམ་ཙམ་ལས་ཅི་ཡང་མ་ལབ། དེ་ནི་ཨ་ཕའི་སྐད་ཆ་ལ་ཡིད་ཆེས་པའི་ཆ་དཀོན་པས་ཡིན་ནམ། ཡང་ན་ངུས་ནས་ཐང་ཆད་བས་ཡིན་མིན་མི་ཤེས་མོད། ཡུད་ཙམ་སོང་བ་ན། མོ་སླར་ཡང་ཨ་ཕའི་པང་ནས་གཉིད་སོང་།

        གསལ་མི་གསལ་ངང་ནས་མོ་ཡང་བསྐྱར་འཇིན་རྟེན་གསར་བ་ཞིག་ལ་ཐོན། སློབ་གྲྭའི་སྒོ་རུ་མི་མང་པོ་ཞིག་ཐོན་འདུག ཕར་བལྟས་ཚོད་དུ་མོའི་སློབ་གྲོགས་དག་ཡིན་པ་འདྲ། མོའི་རང་ཉིད་ཀྱི་ལུས་ཡོངས་ལ་ཡང་ལྟ་ཞིག་བྱེད་དུས། མོས་གོན་འདུག་པའི་ལྭ་བ་དེ་ནི་སློབ་གྲྭའི་ནང་རོལ་དུ་ཡོད་པའི་སློབ་ལྭ་སྐྱ་སྐྱ་དེ་མ་ཡིན་པར། བོད་ཆས་གྲ་དག་ཅིག་རེད་འདུག རེད། མོ་སློབ་མཐར་ཕྱིན་འདུག མོས་ཕྱོགས་བཞིའི་སློབ་གྲོགས་དག་ལ་བལྟས་པ་ན་ཚང་མའི་ངོ་གདོང་ལ་འཛུམ་གྱིས་གང་ཞིང་མོ་ལ་ལྟ་བཞིན་ལག་པས་ཐར་མོ་རྡེབ་ཀྱིན་འདུག ཡར་སྔོན་མོ་ལ་མཐོང་ཆུང་བྱེད་མཁན་གྱི་སློབ་གྲོགས་དེ་དག་གིས་མགོ་བོ་སྒུར་བཞིན་མོས་དོ་སྣང་མི་བྱེད་པའི་སྐབས་ལ་མེ་ཏོག་མཚོར་ལྐོག་ནས་ལྟ་ཙམ་ལྟ་ཙམ་བྱེད་བཞིན་འདུག བཟོ་དེ་ལ་བལྟས་ན་མོ་མཐར་ཕྱིན་པ་མ་ཟད་རྒྱུགས་ཀྱང་འཕྲོད་སོང་བ་འདྲ། མོ་དགའ་དྲགས་ནས་མཆོང་ལྡིང་ཞིག་བྱས་རྗེས་གནམ་ལ་མི་ཤོངས་པའི་གཏམ་བཟང་འདི་ཨ་ཕ་ལ་བཤད་དགོས་སྙམ་ནས་ཁྱིམ་ཕྱོགས་ལ་གཏད་ནས་བརྒྱུགས་ནས་འགྲོ་སྐབས། སྔུན་རྟིང་ཕྱི་རྟིང་ལ་ཐོགས་ནས་ཐང་ལ་འགྲིལ་ཞིང་རིམ་གྱིས་དྲན་མེད་ངང་བརྒྱལ་སོང་། མོ་ཡར་ལ་སད་ཅིང་མིག་གཉིས་དལ་མོར་ཕྱེས་ཏེ་མགོ་དགྱེ་དགྱེ་བྱས་ནས་ཕྱོགས་བཞིར་ལྟ་སྐབས། ཕྱོགས་བཞིའི་རི་ཚོགས་ནི་མེ་ཏོག་མཚོ་སྲུང་མཁན་གྱི་སོ་བ་དང་དམག་མི་ཡིན་པ་ལྟར་འགྲེང་ངེར་འགྱིང་འདུག དྭངས་གཙང་གི་ཆུ་ཕྲན། ནོར་ལུག་གི་ཁྱུ་ཚོགས། ནུབ་ཕྱོགས་ཀྱི་རི་བོའི་རྩེ་རུ་འཚམས་སྤྲིན་དམར་པོ་མང་པོ་འཕགས་འདུག་ལ། དེ་ལས་ཡར་ལ་ཅུང་ཙམ་བལྟས་ན་སྐར་མ་ཁ་ཅིག་ཀྱང་དེའི་དབྱིངས་སུ་ཐར་རེ་ཐོར་རེ་ངང་ནས་འཚེར་བཞིན་འདུག ཡུལ་ལྗོངས་འདི་ནི་མིང་མ་བཞག་པའི་སྒྱུ་རྩལ་བ་གྲགས་ཆེན་ཞིག་གི་བརྩམས་ཆོས་དང་ཅི་འདྲའི་མཚུངས་ཨང་། དེ་དང་ལྷན་དུ་ཡུལ་ལྗོངས་དེ་ནི་མེ་ཏོག་མཚོའི་ད་སོ་མའི་རྨི་ལམ་དེ་ལ་མྱ་ངན་ཞུ་བ་ལྟར་དུ་ལྷིང་འཇགས་ཤིག་རེད་དོ།།

        རྟིང་རྒྱབ་ཀྱི་སྒྲ་ཞིག་གིས་མོ་གཉིད་ལས་དཀྲོགས་བྱུང་། མོས་འདོད་མི་འདོད་ཀྱིས་ཕྱིར་འཁོར་ནས་མིག་ཕྱེས་ཏེ་བལྟས་པ་ན། གློག་ཐབ་ཐོག་གི་ཆུ་ཁོལ་ནས་ལྷོག་ལྷོག་ཏུ་གདུ་བཞིན་འདུག “ཡོད་ཚད་རྨི་ལམ་རེད་འདུག་ཨང་།” མེ་ཏོག་མཚོས་ཁེར་ལབ་ཅིག་བྱེད་ཞོར་ཡར་ལངས་ནས་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས་པ་ན། གར་ཡོང་མི་ཤེས་པའི་སྨུག་པ་ཞིག་གིས་གནས་དེའི་གནམ་ས་ཡོད་ཚད་བཏུམས་འདུག མོས་ཚུལ་དེ་ལ་ཧད་དེ་འདུག་ཞོར་ད་སོ་མ་རྨིས་པའི་རྨི་ལམ་དང་རྨི་ལམ་ནང་གི་རྨི་ལམ་དེ་དག་གི་འབྲེལ་བ་ལ་མནོ་བསམ་གཏོང་ཞོར་སླར་ཡང་ཉལ་སའི་ཐོག་ཏུ་ལོག་ནས་རྨི་ལམ་གསར་བ་ཞིག་རྨི་འགོ་བརྩམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1