སྒྱུ་མའི་རི་གྲོང་ནང་གི་གླུ།

ཐ་སྐར། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


མཁའ་དཀྱིལ་དྭངས་པའི་གཙང་བོ།།

ཉི་ཟླའི་འདུ་འཛོམས་གསལ་བ།།

དབེན་སར་གནས་པའི་ལྗོན་པ།།

གཡོ་སྐྱོམ་མང་དུ་བྱས་པ།།

རླུང་གིས་གཙེས་པ་ཡིན་ནམ།།

ཡིད་ཀྱི་ནམ་མཁའི་ངོ་བོར། །

ཁྱོད་ཀྱི་ཞལ་ངོ་སྤྱན་དྲངས།།

བཅོ་ལྔའི་ཟླ་བ་དཀར་ཡང་།།

ཁྱོད་ཀྱི་ཞལ་ངོ་བལྟས་ཡོད།།

གདོང་ལ་འཛུམ་ལྷོད་བབས་ཡོད།།

གང་ཚེ་བདག་གི་སྲང་ལམ།།

རླུང་བས་སྡོང་ལོ་ཁུར་འགྲོ།

དྲན་པའི་མེ་ལོང་ནང་ལ།།

ལུག་ཁྱུ་སྤྲིན་ལ་འདྲིས་པ།།

བརྩེ་བ་ཡན་ལག་དགུ་ལྡན།།

དུང་བ་མ་ཕམ་གཡུ་མཚོ།།

ལྷ་སའི་སྐྱིད་ཆུའི་འགྲམ་ནས།།

མཉམ་དུ་འདྲེས་པ་བྲིས་ཡོད།།

བདེ་མཆོག་སྒྱུ་མའི་རོལ་མོ།།

གང་བསམ་སྒྱུ་མའི་རྨི་ལམ།།

སེམས་དང་དབྱེར་མེད་འདྲེས་སོང་།

ཀུན་རྫོབ་སྒྱུ་མའི་ཐང་ཆེན།།

སེམས་ལ་རྣམ་རྟོག་མང་བ།།

མ་བཅོས་ངག་གི་མགུར་གླུ།།

སྣང་སྟོང་སྒྱུ་མའི་གྲོང་ནས།།

ཁྱོད་ལ་འབུལ་བ་བྱེད་ཆོག།

ཡིད་འོང་ཚེ་རིང་མེ་ཏོག།

དུས་ཀྱི་འཕོ་འགྱུར་འོག་ནས།།

ཡུད་ཙམ་འགུལ་རྒྱུ་བྱུང་བས།།

ཚོར་བའི་ཉིན་སྲིབ་ཀུན་ཏུ།།

སྨྲེང་བའི་གླུ་ཆུང་ཐོར་སོང་།།

ཆ་མེད་རི་གྲོང་འདི་ནས།།

གཙང་བོ་བྲུག་ནས་རླུང་གཡོག།

རྨི་ལམ་ཟུག་ངུ་འབྱིན་པ།།

འཁོར་བའི་གྲོང་གི་སྐྱོ་གར།།

ང་ཡིས་འཁྲབ་དགོས་སྐྱོ་བྱུང་།།

ཡིད་ཀྱི་གཏིང་ལ་འཛུལ་བ།།

ཞེན་པའི་ཕྲེང་ཐག་རིང་བ།།

མཚན་མོའི་སྨག་རུམ་ཁྲོད་ལ།།

སྙིང་ལ་སྦྲུམ་པའི་ཡིག་འབྲུ།།

སྐྱི་སེར་རླུང་གིས་གཤེགས་སོང་།།

སྐྱོ་བའི་སེམས་ངལ་རུམ་ནས།།

ཞེ་ལ་སྨྲེང་བ་འཁོར་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1