འཁོར་བའི་དོགས་སྣང་།
རྫ་ཕྲུག (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
འཁོར་བ་མེ་ལྕེས་དེད་བཞིན་སྡུག་བསྔལ་ངོ་བོ་ཉིད། །
མི་ཚེ་སྡོང་ལོ་འགྱུར་བཞིན་མི་རྟག་ཆོས་ཉིད་མངོན། །
སེམས་ནི་སྒོ་ཁྱི་བཞིན་དུ་སྲིད་པའི་ལས་གྱི་བྲན། །
རྣམ་ཤེས་ཁ་བའི་ཟེགས་བཞིན་བར་སྣང་ཡུལ་དུ་འཁྱམ། །
དགེ་སྡིག་ཚ་གྲང་རེག་བཞིན་ངོ་བོ་རང་གིས་རྟོགས། །
ལས་འབྲས་སྐོམ་པ་སེལ་བཞིན་བསླུ་མེད་ངང་གིས་མངོན། །
ཆོས་དངོས་ཆུ་ཡི་རིས་བཞིན་སྐད་ཅིག་ཙམ་གྱི་འབྲས། །
སྐྱེ་འཆི་གོ་ལ་འཁོར་བཞིན་ཡུན་ནས་ཡུན་དུ་འཁོར། །
ངེས་མེད་ཕྱི་ཡི་ཁམས་ལ་ཆགས་པའི་སྲེད་པ་དང་། །
དགོས་མེད་ཁྲག་དྲི་སྦགས་པའི་ཡིད་ཀྱི་སྡང་བ་གཉིས། །
མ་རིག་ཉི་ཟླ་སྒྲིབ་བཞིན་མ་དག་གཏི་མུག་གསུམ། །
དུག་གསུམ་མུན་ནག་གྱོན་པས་ཟེར་ཕྲེང་ཁབ་ཀྱི་རྩེ། །
ཁྱོད་ནི་བདག་ལ་མི་རྟོན་བདག་ནི་འདུས་བྱས་ཙམ། །
བདག་ཡང་ཁྱོད་ལ་མི་ཆགས་ཁྱོད་ནི་འཁྲུལ་ཤེས་ཏེ། །
རྟོན་དང་མི་རྟོན་ཁྱོད་དང་བདག་ལ་མི་དབང་བ། །
རྟོན་བྱ་རྟོན་བྱེད་ངོ་བོ་ཆོས་ལ་ངེས་པ་འདོད། །
བྱིས་དུས་གཞོན་ལ་རེ་བས་བྱིས་སེམས་དྲ་རྒྱས་བཅིངས། །
གཞོན་དུས་སང་གི་ཕྱིར་དུ་གཞོན་ནུའི་ལང་ཚོ་ཟད། །
མ་འོངས་ཆར་རྗེས་འཇའ་ཚོན་རྒྱང་ནས་ཡིད་སེམས་འཕྲོག །
དུས་གསུམ་སྐད་ཅིག་བར་ལ་གློགས་ཞགས་བཞིན་དུ་འཁྱུགས།།
མི་ཁོམ་ཆོས་དང་བྲལ་བའི་དལ་བའི་གནས་བརྒྱད་དང་། །
འབྱོར་པ་བཅུ་པོ་དགེ་ལས་དབང་གིས་ཚང་བས་ན། །
རིན་བྲལ་འཇིག་རྟེན་མི་ལུས་རྙེད་པ་དཀའ་བ་དེ། །
ཆུད་ཟོས་མི་གཏོང་ཕྲལ་དང་ཡུན་དུ་སྙིང་པོ་སྒྲུབས། །