ཡིད་ཀྱི་ཐང་ཆེན་ནས་ལྷམ་མེར་ལྷན་ནེར་བཞད་པའི།།
ཚེ་ཡི་ཕྲ་རྒྱན་དུ་བཏགས་པའི་མེ་ཏོག་དམར་པོ།།
ལས་འཕྲོའི་དགོས་འདུན་ལ་བཅར་བའི་སྟེས་དབང་ཞིག་གིས།།
ཁྱོད་ཀྱི་ལེགས་སྐྱེས་སུ་ཁ་མིན་དོན་གྱིས་དབུལ་འདོད།།
བརྩེ་བའི་རི་མོ་ལ་ལྷན་སྐྱེས་འཛུམ་མདངས་ལྟེམས་པའི།།
མི་ཚེ་ཐུང་ཐུང་གི་འཇིག་རྟེན་སྣང་བ་འདི་ཀོ།
སྒྱུ་མའི་འཕྲུལ་སེམས་ཀྱི་རྟོག་འགྱུ་ཚོན་གྱིས་བྱུག་ནས།།
འཁོར་བའི་ཕུན་ཚོགས་ལ་ལྷན་པ་ཨེན་ཙམ་བརྒྱབ་སོང་།།
སྐྱིད་ན་མེ་ཏོག་གི་ཟེའུ་འབྲུ་མགོ་ལྕོག་ལྡེམ་ལྡེམ།།
སྡུག་ན་མེ་ཏོག་གི་གང་བུ་ཕར་གཡོ་ཚུར་གཡོ།།
གཞོན་པའི་ལང་ཚོ་ལ་བཏེགས་པའི་སེམས་གཅོང་ནོར་བུ།།
བྱང་གི་དག་ཞིང་འདིའི་ཕྱོགས་ལ་ཁད་ཀྱིས་བབས་ཡོང་།།
འདི་དང་ཕྱི་མ་ཞེས་ཡིད་ཀྱི་རིན་ཆེན་མེད་ཀྱང་།།
གཙང་བོའི་ཕ་རོལ་ལ་བཏབ་པའི་རེ་བ་དེ་ཡིས།།
ལྷག་བསམ་མཆོད་པ་ཡི་མེ་ཏོག་དམ་དུ་བཟུང་ནས།།
ད་རེས་འཕྲད་པ་ལ་ལས་ཀྱི་སྣམ་བུ་འཐག་ཡོད།།
རྒས་དང་མ་རྒས་ཀྱི་ཉོན་མོངས་གདུང་བའི་གསེབ་ལ།།
འཕྲད་དང་མི་འཕྲད་ཀྱི་སྨོན་པའི་བུ་ལོན་བསྒྲེས་ནས།།
རྒྱང་རིང་མཚོ་མཐའ་ན་གནས་པའི་ཨ་ཇོ་དེ་ལ།།
འུ་གཉིས་ལྷན་འཛོམས་ཀྱི་མཆོད་པའི་མེ་ཏོག་བཏབ་ཡོད།།
ཞེ་ཡི་ཉིན་སྲིབ་ལ་འཁྱིལ་བའི་བདུད་རྩི་བསིལ་མ།།
འདང་གི་ཁ་ཞབས་ལ་བརྐོས་པའི་ཡོལ་གོར་བླུགས་ནས།།
ཁྲེལ་གཞུང་དམུ་ཐག་གི་སྐ་རགས་དབུ་རུ་བླངས་པས།།
མཆོད་ཅིང་དགྱེས་པ་དེས་ཡིད་ལ་ངལ་གསོ་ཐོབ་སྐད།།
དྲུག་པའི་སེར་ཆེན་ལྟ་བུའི་འབྲོག་མོ་ཞིག
གཤིས་ལ་འཛུམ་པའི་པད་མོ་རྒྱས་པ་ཡི།།
ཉི་ཤུའི་སྣང་བར་ཐོགས་པའི་མི་མོ་གང་།།
སུམ་རྩེན་ས་རུ་འཕོས་འདྲའི་ཕ་ཡུལ་གྱི།།
དྲུག་པའི་སེར་ཆེན་འདི་ཡི་མཚེ་མ་ཡིན།།
ཁྱོད་བཞིན་དཀར་དམར་དཔལ་གྱི་ལང་ཚོ་རུ།།
དབྱངས་ཅན་བདག་མོ་སྐྱེངས་པའི་གཟི་བྱིན་ཡོད།།
ཁ་སྒོ་སྐྱེ་འབྲས་མཚར་བའི་འབྲོག་མོ་ནི།།
འཇིག་རྟེན་ཆུང་ཆུང་ཞིག་གི་ལྟད་མོ་ཡིན།།
ཞལ་རས་ཤིན་ཏུ་མཛེས་པས་མ་བཟི་རུང་།།
གཤིས་ལ་བལ་དཀར་ལྟ་བུའི་འཇམ་ཞིག་ཡོད།།
གཞོན་ཤ་བཀྲག་མདངས་ལྡན་པས་མི་སྨོན་ཡང་།།
ངག་ལ་ཁུ་བྱུག་ལྟ་བུའི་འཇེབས་ཤིག་གདའ།།
གསོག་གསོབ་ཚུལ་འཆོས་ཚིག་སྒྲོས་མ་བཤམས་པར།།
ཁ་ཡག་ངོ་དགའི་ཆོ་ལོ་མ་བསྩལ་བར།།
ཡིད་དུ་འཐད་པའི་གཏམ་གྱི་གཤོག་པ་དེ།།
བཅོ་ལྔ་ཉི་ཤུའི་སྣང་བར་དལ་གྱིས་བརྐྱངས།།
མོ་ལོ་ཉི་ཤུ་ཡིན་པའི་འབྲོག་མོ་ཞིག།
རི་དང་ཆུ་བོའི་པང་དུ་ནར་སོན་པས།།
བློ་ནི་དྲི་མེད་ཤེལ་ལྟར་དྭངས་ཤིང་གཙང་།།
གཤིས་ནི་ཉག་ཕྲན་མདའ་བཞིན་རབ་ཏུ་དྲང་།།
ཁྱོད་ནི་རུ་སྡེ་ཞིག་གི་མེ་ཏོག་ཡིན།།
ཁྱོད་ནི་གཞོན་རབས་ཤིག་གི་མེ་ལོང་ཡིན།།
ཁྱོད་ཉིད་དྲུག་པའི་སེར་ཆེན་རྟགས་ཅན་ཞིག།
ཁྱོད་ལ་བལྟས་ཀྱིན་བལྟས་ཀྱིན་ངལ་ཞིང་དུབ།།