ཚིག་གི་རྨི་ལམ།
ཁ་གྱའི་ཁྱུང་སྔོན། (མདོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
རྨི་ལམ་དཀྲོགས་པའི་མཚན་མོ་དེར།།
ཁ་བའི་འདབ་མ་ས་རུ་ལྷུང་།།
ཡི་གེའི་འདབ་མ་ཕྱོགས་སུ་རྒྱས།།
རྨི་ལམ་དེ་ཡིས་ང་རང་བསླངས།།
མཚན་དེའི་སྨུག་རུམ་སྟུག་པོ་དེ།།
ཆར་གྱིས་བྱབས་ཤིང་དེད་པས་ན།།
ཀུན་གསལ་དབྱིངས་ཀྱི་ཟླ་བ་ཡང་།།
གོས་བྲལ་སྒྲེན་མོའི་གཟུགས་སུ་མཐོང་།།
སྒོ་ཁྱིའི་ཟུག་སྐད་གཉོམ་དུང་ཡང་།།
ནམ་སྨད་ཡིན་ཡང་སོ་སྲུང་གི།
བཙག་རླུང་འགེམ་བཞིན་རི་གྲོང་འཚོ།།
ཙོག་པུར་སྡོད་ཅིང་ཀུ་ཅོ་འདོན།།
སྐར་མའི་འདུ་ལོང་འཁྲིགས་ན་ཡང་།།
རྨི་ལམ་ཁ་དོག་འཁྲིགས་མ་བྱུང་།།
གངས་ཀྱི་རྐེད་ལ་དཀྲིས་པའི་རས།།
ལག་པས་ཡངས་པོར་བཏེགས་པ་ན།།
མཚན་མོས་ཡོལ་རས་ཡངས་པོར་ཕྱེ།།
གསེར་གྱི་ལོ་མ་བསྡུ་བའི་རླུང་།།
ཤར་ནས་ལྡང་སྟེ་ནུབ་ཏུ་བསྐྱོད།།
མཚན་ལ་ཉལ་བའི་དྲི་བཞོན་ཁྱོད།།
རྨི་ལམ་གཞུང་ནས་ཐེངས་ཤིག་མཇལ།།
སེམས་ཀྱི་གྲུ་དར་ཡངས་མོ་དེ།།
ཐུན་གསུམ་མལ་ནས་ལྷབ་ལྷུབ་གཡོ།།
མཚན་སྨད་སྒྲ་ཡི་འབོད་པ་དེས།།
སྦྲ་ནག་ཁ་ཚབ་ཕྱེས་ཤིང་བཀྱགས།།
ཆར་གྱི་ཐིག་ལེ་མེ་ཏོག་མས།།
གདོང་དང་འགྲམ་པ་ཡང་ཡང་བཀྲུས།།
དེ་ལྟ་མོད་ཀྱི་རྨི་ལམ་ཞིག།
སུ་ཡིས་རྨིས་ཡོད་སུ་ཡིས་འགྲེལ།།
སྤྲིན་པའི་ཟེ་བ་དམར་ཆུང་གིས།།
གནམ་སྔོན་ཞལ་ལ་འཚལ་གྱིས་བརྒྱན།།
འབྲུག་ཆུང་ལྡིར་བའི་དབྱིངས་རིམ་ན།།
སྣང་བའི་རྒྱལ་ཁམས་གོར་གོར་ཞིག།
ཟླ་བ་ལྷ་མོའི་ལན་བུའི་དཔྱངས།།
སྐར་མའི་གྲོགས་ཀྱིས་བྱིལ་ཅིང་བྱུགས།།
འདོད་པས་བརྩེ་ཞིང་མགུ་བ་དང་།།
དགའ་བས་བགད་ཅིང་མྱོས་དང་སོགས།།
ཡིད་ལ་སྤྲོ་བའི་ལོངས་སྤྱོད་ཅིག།
རྨི་ལམ་ཡིན་ཡང་རྟག་པར་བཟུང་།།
སྒེག་ལྡན་སྨྱུག་མའི་གཟུགས་འཆང་གིས།།
ཉ་གང་གཞོན་ནུ་ལྕུག་ལྕུགས་བྱེད།།
མཛེས་པ་མིག་གི་རྐུན་པོ་དེས།།
བླ་དང་སྲོག་གི་རྣམ་ཤེས་བྲུས།།
སྤྲིན་པ་ཆུ་ལ་བབས་པ་ན།།
རྒྱ་མཚོའི་མེ་ཏོག་ཅིག་ཅར་བཞད།།
དབང་བོའི་དར་གྱི་ཡོལ་བ་དེ།།
རྨི་ལམ་ཁུགས་ནས་གོས་སུ་གྱོན།།
མ་ལའི་དྲི་ངད་ཕྱོགས་སུ་བཀྱེད།།
ཁ་དོག་སྨུག་པོར་མདངས་ཀྱིས་འཁྱུད།།
མཚན་གྱི་རྨི་ལམ་ལོ་མ་དེར།།
ལྕེ་ཡིས་རེག་ཅིང་འཇིབ་པར་བྱེད།།
དབྱར་ཟླའི་ཁུད་ཀྱི་རྩྭ་ལྗང་ཕོན།།
མལ་གདན་བྱས་པའི་མཚན་མོ་དེར།།
ཆང་གིས་སྦྲིད་ཅིང་འཐོམ་པ་བཞིན།།
དྲན་ཤེས་གཅིག་ཏུ་མ་འདུས་སོ།།
གསང་བ་འབོར་སའི་མལ་ཁང་དུ།།
ལྷ་མོའི་སྟོད་གོས་སྨད་ཤམས་ལུས།།
སེམས་ཀྱི་ལ་ཁའི་ན་བུན་དེ།།
སྣ་ལྔའི་འཇའ་ཡི་གོས་ལྟར་མཛེས།།
ལུས་ཀྱིས་བེད་དུ་བྱས་པས་ན།།
བདེ་སྟོང་དབྱིངས་ཀྱི་རྨི་ལམ་རྙེད།།
ཁ་དོག་ཚོན་གྱིས་མ་བསྡེབ་པ།།
སྙན་པ་རོལ་མོས་མ་བརྒྱན་པ།།
དྲི་ངད་སྤོས་ཆུས་མ་བྱུགས་པ།།
མངར་བ་སྦྲང་རྩིས་མ་སྦྲན་པ།།
གོས་འཇམ་རེག་བྱས་མ་བཀླུབས་པ།།
མཚན་མོའི་གཞུང་རྟ་ལ་འཁྱུད་པའི།།
རྨི་ལམ་ལོ་མའི་ལྟེང་ཀ་རུ།།
ངག་རིག་བསིལ་མ་འཛུམ་པའི་མུར།།
ཚིག་གི་མེ་ཏོག་གློ་དམར་བཞད།།
ཚོར་འདུའི་ཀློང་གི་ན་བུན་དར།།
ལུས་སུ་སྤྲས་འདོད་སྲེད་པའི་ལྕེ།།
དར་གཅིག་གཡུག་པའི་ཆོ་འཕྲུལ་གྱིས།།
དཔལ་གྱི་གྲོང་ཚོའི་ནམ་མཁའ་ལྡག།
དུས་ཀྱིས་བསྐྲུན་པའི་གར་སྟེགས་སུ།།
ངག་རིག་སྟངས་སྟབས་ལུས་ཀྱི་འགྲོས།།
ལྡེམ་ལྡེམ་ཚིག་གི་བྲོ་གར་དེས།།
ཀློག་འདོད་གཞོན་ནུར་སྨན་བཞིན་ཤོག།