རྟེན་ཅིང་འབྲེལ་བ།

ཀླུ་པད་བཟང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


བཟོད་པ་ཉིད་ནི་འདབ་ལོ་བཞིན་དུ་འཐོར་ཞིང་།

རླུང་འཚུབ་ཁྲོད་ནས་གང་སར་ཉུལ་དུས།

མི་སྡུག་པའི་ཉམས་ཀྱིས་ཕུང་པོ་འདི་འགེབས་པར་བྱེད་མོད།

སྐྱེ་བོ་འགས་རྨི་ལམ་དུ་ཚེ་སྲོག་གི་རི་མོ་འབྲི་དུས།

ཁོ་མོའི་རྨི་ལམ་ལས་ང་ཡི་གྲིབ་མ་མཆེད་འོང་།

ལག་པ་བཀྱགས་ནས་སྒོ་ཆེན་དྲག་ཏུ་བརྡུངས་དུས།

ཆགས་པས་བཟི་བའི་སྐྱེ་བོ་དག་གིས་མུན་པ་ལ་མིག་ཟུང་བཙུམས་ཏེ།

རང་རང་གི་ས་ནས་སུན་སྣང་ལ་བཟོད་བསྲན་གང་ནུས་བྱས།

སྲང་ལམ་གཡས་གཡོན་ནས་མིའི་རིགས་ཀྱི་འཚང་ག་རྡོལ་དུས

ཁོ་མོའི་ཁེར་རྐྱང་ལས་ང་ཡི་གླུ་སྐད་ཀྱི་བྲག་ཆ་མཆེད་འོང་།

ལུས་སེམས་གཉིས་ཀ་ཕྲག་དོག་གིས་ཟིན་ཏེ།

སྙིང་ཏིག་ཏིག་ལྡང་བའི་མཚན་མོ་རིང་པོ་ཞིག

རྣམ་རྟོག་གིས་འཕྲེད་ཀྱིས་བཅད་ནས་རྡོ་ཤི་བོ་དག་ལས།

སེམས་པ་བསྲོ་བའི་གཏམ་རྒྱུད་ཅིག་རུམ་དུ་བསྡུས་ཚེ།

ཁོ་མོའི་སྙིམ་པ་ལས་ང་ཡི་ཞེ་སྡང་གི་ཁ་བ་ཞུ་འགྲོ།

                              

                              

སྐྱེ་བ་མེད་པ།

ཤུགས་རིང་གིས་དྲུད་ཡོང་བའི་རླངས་པ་དྲོན་པོ་དེས།

ང་ཡི་བྲང་ཁོག་ཏུ་སྨིག་རྒྱུ་ལྟ་བུའི་རྩིག་པ་བརྩིགས་ཤིང་།

རླུང་འཚུབ་སྟུག་པོའི་བར་སྣང་དུ་འཚང་ག་བྱེད།

རྟོགས་པས་བཙན་ཤེད་ཆེན་པོས་ཕར་གཡུག་ནའང་།

མངོན་སུམ་གྱི་རྩ་བར་གནས་བཅས་ཚར་འདུག

དེ་བས་མ་སྐྱེས་པའི་ཕོ་བྲང་གི་ཀློང་ནས།

སྐྱོ་གདུང་གི་སྐྲ་ལོ་སྟོན་དུས་ཀྱི་འཇག་རྩྭ་བཞིན་བྲེགས་ཏེ།

མྱ་ངན་ལས་འདས་པའི་གཟིགས་པ་དྲུག་གི་རྩེར་ཕྱིན་ནས།

མི་སྡུག་པའི་ཉམས་ཀྱིས་མར་བལྟས་ཚེ།

ངལ་དུབ་ཀྱི་འཚོ་བ་འདི་དབུ་མའི་ལུགས་ཀྱི་སྟོང་ཉིད་དུ་བསྒྱུར་མོད།

གཉིད་ལས་སད་དུས་རྨི་ལམ་ཞིག་བརྗེད་ཐབས་བྲལ་བ་ཇི་བཞིན།

སྦས་དོན་ཟབ་པའི་སྨྱུག་ཆིངས་ལ་སེམས་པ་ཡང་ཡང་ཤོར་འགྲོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1