སེམས་ཚོར།
ཞོགས་ཉི། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ཉེ་འགྲམ་གྱི་རླུང་བུ་དག་ག་ལེར་འཇགས་ལ། རྒྱང་རིང་གི་བསིལ་རླུང་དག་ཀྱང་ཞི་འཇམ་གྱིས་བཞུད་རྗེས། ང་ནི་རླུང་བུ་མེད་པའི་རྒྱ་མཚོའི་འཇིངས་ཀྱི་གཡོར་གྲུ་ཡིན། དུས་བཞིའི་སོ་མཚམས་ནས་འགྲེང་སྟེ་སང་ཉིན་འཚོལ་བའི་ཁ་ཕྱོགས་བོར་སོང་།
མ་གཞིར་ང་ནི་རྨི་ལམ་དང་འགྲོགས་ནས་ལམ་ལ་ཆས་ཤིང་རྨི་ལམ་གྱི་ཆེད་དུ་འདུར་རྒྱུག་བྱེད་བཞིན་ཡོད་ནའང་། སྐབས་དང་སྐབས་སུ། ངས་ཐོག་རེག་བྲལ་བའི་བར་སྣང་གི་དབྱིངས་ནས་རང་གི་གྲིབ་གཟུགས་མ་རྙེད།
ལན་རེར་ཕྲག་པར་དཔྱངས་པའི་སྐྲ་ལོའི་ཁ་དོག་རལ་བཞིན་པར་སྣང་ལ། ཡུན་རིང་སེམས་སུ་ཉར་བའི་དམ་བཅའི་མདུད་པ་དག་ཀྱང་རིམ་གྱིས་ལྷོད་བཞིན་པ་ཚོར་ན། སྤྱི་ཚོགས་ཟེར་བའི་རྒྱ་མ་ཆག་པོ་དེས་ངའི་ཕྱི་ནང་འབྲུད་ཀྱིན་པ་ཚོར་ཡོང་།
ད་ལྟ་ངའི་ཉེ་འགྲམ་ཡོད་ཚད་ལྷིང་འཇགས་ལ་གོམས་ཤིང་། མི་ཚོགས་ཀྱི་སྨྲ་ལྕེའི་སྦུབས་སུ་རིམ་ནད་ཕོག་ལ། སེམས་པའི་མེ་ལོང་ངོས་ཀྱི་གངས་རི་དག་སྨག་ནག་གིས་བསུབས་རྗེས། ངའི་མགྲིན་པ་འགག་ལ་ཡིད་ཀྱི་ལྗོན་རྩེའི་ལོ་འདབ་དག་ལྷགས་རླུང་གིས་ཕྱོགས་མེད་ཁྱེར།
སྐབས་དང་སྐབས་སུ། ང་ལ་གཤོག་པ་ཡོད་ཀྱང་བར་སྣང་མེད་པ་འདྲ་ལ། རྐང་པ་ཡོད་ཀྱང་རང་གི་ལམ་ལ་འགྲོ་ཐུབ་ཀྱིན་མེད། ཟག་ལྷམ་རྙིང་བ་དེ་གྱོན་ནས་ལམ་གསར་བར་ཨུ་ཚུགས་ཀྱིས་སྤོ་ཁུལ་བྱེད་དུས། ལན་རེར་ངའི་ལྷམ་རྙིང་བ་འདྲ་ལ་སྐབས་རེར་ངའི་ལམ་དེའང་བདེ་རྒྱུ་མེད་སྣང་འཆར།
མི་ཚེ་ནི་ཐང་ཆེན་པོ་ཞིག་སྟེ། མཐའ་མི་མངོན་པའི་ཐང་ཆེན་པོ་ཞིག་ཡིན། ཐང་ཆེན་འདི་ན་མི་ཚོགས་ཀྱིས་རང་རང་གི་རྨི་ལམ་འཚོལ་བའི་རྡོག་བྲོ་འཁྲབ་བཞིན་ཡོད། ཚང་མས་ཉི་མར་ཁ་གཏད་དེ་འགྲོ་བཞིན་ཡོད། ཡིན་ནའང་། འཇིག་རྟེན་ན་མཚན་མོ་ཟེར་བ་ཞིག་ཀྱང་ཡོད་པས། ཉི་ནུབ་ཀྱི་སོ་མཚམས་ནས་ཁ་ཕྱོགས་ལ་གོ་འཛོལ་མང་དུ་ཐེབས་ཤིང་དཀར་ནག་གི་གཏམ་རྒྱུད་ཀྱང་ས་ཆེན་གྱི་གཞི་ལ་དཔར་ཡོད།
དེ་བས། བར་སྐབས་འདི། རང་ཉིད་ལ་ཚང་རྩིས་རྒྱག་པའི་དུས་ཤིག་ཡིན་འདུག ཕྱི་ནང་གསང་གསུམ་ཡོད་ཚད་ལ་ཚང་རྩིས་རྒྱག་དགོས་འདུག འདས་མ་ད་གསུམ་གྱི་རང་ཉིད་དངོས་མ་དེ་འཚོལ་དགོས་འདུག
བར་སྐབས་འདིར། ཏག་ཏག་ང་ཚོར་རྨས་སྐྱོན་ཐེབས་བཞིན་འདུག