བདག་ལ་བྱུ་རུ་ཞིག་བཙོང་རྒྱུ་ཡོད། ཁྱོད་ཀྱི་བྱུ་རུ་དེ་བདག་ལ་ཨེ་བཙོང་།
མྱི་ནག་པོ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
༡
ཁྱེད་ཀྱིས་བཏགས་ཡོད་པའི་བྱུ་རུ་རྫུན་མ་ཨེ་རེད། ཡང་ན་ཁྱོད་ཀྱིས་བཙོངས་བཞིན་པའི་བྱུ་རུ་རྫུན་མ་ཨེ་ཡིན། གལ་ཏེ་རྫུན་མ་མིན་ན། ངས་བྱུ་རུ་ཆ་གཅིག་ཉོས་ཏེ་ནར་སོན་ལ་མ་སོན་པའི་བུ་མོ་ཞིག་ལ་འབུལ་འདོད།
༢
ཁྱོད་རང་བྱུ་རུ་ཉོ་བར་ཨེ་དགའ། སྲང་ལམ་ན་བཙོང་བཞིན་པའི་བྱུ་རུ་ཚང་མ་རྫུན་མ་རེད། བྱུ་རུའི་ནང་སྙིང་ལྕགས་རེད་ཟེར། གལ་ཏེ་ཁྱོད་རང་བྱུ་རུ་འདོགས་པར་དགའ་ན། བྱུ་རུ་རྫུན་མ་ཡིན་མིན་ལ་མཉམ་འཇོག་བྱོས།
༣
ངས་བྱུ་རུ་ཞིག་ཉོ་ན་འདོད།ང་ལ་བྱུ་རུ་གཅིག་མ་གཏོགས་མི་མཁོ། ངས་བྱུ་རུ་དེ་མི་ཚེ་གང་བོར་སྐེ་ལ་བཏགས་ཏེ་རང་ཉིད་ལ་བྱུ་རུ་ཞིག་ཡོད་པ་བདེན་དཔང་བྱེད་འདོད། དེ་བས་ཁྱོད་ཀྱི་བྱུ་རུ་དག་མ་དེ་བདག་ལ་བཙོང་ན་ཨེ་ཆོག
༤
ང་ལ་བྱུ་རུ་ཞིག་བཙོང་རྒྱུ་ཡོད། ངས་རང་ཉིད་ཀྱི་བྱུ་རུ་དེ་བཙོངས་ནས་གཞན་གྱི་ལག་ནས་བྱུ་རུ་ཞིག་ཉོ་འདོད། འོན་ཀྱང་། བདག་གི་བྱུ་རུ་འདི་ཉོ་བར་ཆ་རྐྱེན་ཞིག་ཡོད་པ་ནི། ངའི་བྱུ་རུ་དེ་སུས་ཉོས་ན་དེས་མི་གཞན་ལ་གཏན་ནས་བཙོང་མི་ཆོག་ལ། མི་གཞན་གྱི་ལག་ནས་ཡང་བྱུ་རུ་གཞན་གཏན་ནས་ཉོ་མི་ཆོག བྱུ་རུ་དེ་རྫུན་མ་རེད་སྙམ་ན། ངས་རང་ཉིད་ཀྱི་ལྷག་བསམ་རྣམ་དག་གིས་ཁྱོད་ལ་བདེན་དཔང་བྱེད་ཨེ་ཆོག
༥
དེ་སྔོན་ངས་བྱུ་རུ་རྫུན་མ་ཞིག་ཉོས་མྱོང། རྗེས་སུ་ཡུན་རིང་ཞིག་འགོར་བ་ན་ངས་ད་གཟོད་བྱུ་རུ་དེ་རྫུན་མ་ཡིན་པ་ཤེས་སོང་། གྲོགས་པོ་ཚོས་གནས་ཚུལ་དེ་ཐོས་རྗེས་བདག་ལ་འཕྱ་དམོད་བྱེད་བཞིན་འདུག དེ་བས་ད་ལྟ་ང་རང་བྱུ་རུ་སྟོང་ལ་འཕྲད་ཀྱང་རྫུན་མ་ཡིན་མིན་ཤེས་ཐུབ།བྱུ་རུ་རྫུན་མ་ཡིན་པ་ཤེས་རྗེས། ང་རང་ཆེས་སྙིང་ལངས་ས་ནི་བྱུ་རུ་བཙོང་མཁན་དེ་མིན་པར། བྱུ་རུ་ཉོ་མཁན་ཏེ་རང་ཉིད་རེད། རང་ཉིད་ལ་བློ་མིག་ཡངས་པོ་ཞིག་མེད་རྐྱེན། ད་གཟོད་བྱུ་རུ་རྫུན་མ་ཉོས་པ་རེད། དེ་བས་ད་ནས་ངས་བྱུ་རུ་ཉོ་ན་ཕྱི་ཡི་མདོག་ལ་གཏན་ནས་ལྟ་རྩིས་མེད། ངས་བྱུ་རུ་བཅག་སྟེ་ནང་སྙིང་ལྕགས་ཡིན་མིན་ལ་ལྟ་ན་འདོད་གི དེ་བས་ད་ནས་ངས་བྱུ་རུ་རྫུན་མ་མི་ཉོ།
༦
ཁྱོད་ཀྱི་བྱུ་རུ་དག་མ་དེ་བདག་ལ་བཙོང་ན་ཨེ་ཆོག བདག་ལ་བྱུ་རུ་ཞིག་བཙོང་རྒྱུ་ཡོད། ཁྱོད་ཀྱིས་ཉོ་ཨེ་འདོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1