དྲན་པས་ཟིན་པའི་ལོ་ཟླ།
ཨ་པན། (གཙོས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
གཅིག
ལོ་དེར་ང་ལོ་བརྒྱད་ཡིན། ཁོ་མོ་ང་ལས་ལོ་ངོ་གཉིས་ཀྱིས་ཆུང་།ཉི་འོད་སྔར་བཞིན་ཁང་ཀླད་ནས་འཕྲོས་ཤིང་།འོད་ཀྱི་ཉག་མ་རེ་རེ་ནི་སེམས་ཀྱི་གསང་སྒོ་འབྱེད་པའི་ལྡེ་མིག་བཞིན་འདས་དོན་གྱི་དྲན་པ་སྣ་ཚོགས་ཕྱི་རུ་བསྟར་བྱུང་།
ཁོ་མོ་འཛུམ་བྱུང་། དྭངས་གསལ་གྱི་མིག་ཟུང་ལས་འཕྲོས་པའི་འོད་མདངས་དེ།ངའི་ཡིད་ཀྱི་ཉ་མོ་འགུགས་པའི་ལྕགས་ཀྱུ་བཞིན། ནང་སེམས་དམ་ལ་བཏགས་ཟིན། ད་ལྟ་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་སོང་ཞིང་། བསམ་གཞིག་གི་གོ་རིམ་འཆོལ་བར་བྱས་སོང་། ངོ་ཚོའི་ཕྱི་གོས་ཀྱིས་གཡོགས་པའི་གདོང་རས་དེའང་ཚ་སོབ་སོབ་ཏུ་གྱུར་བའི་ཚོར་བ་སྐྱེ་འོང་། ཁོ་མོ་བགད་བྱུང་། དགོད་སྒྲ་སང་སང་དེ་སིལ་སྙན་དཀྲོལ་བ་བཞིན་ངའི་སྒྲ་འཛིན་དུ་མཆེད་ཅིང་། ཆར་ཟིམ་བཞིན་སེམས་ཁོངས་སུ་ཤག་ཤག་ངང་བྱོ་བས། ངའི་སེམས་ཀྱི་རྩ་ལམ་སོ་སོ་ན་འོད་དང་དྲོད་ཀྱིས་བསྐྱངས་པའི་དུང་བའི་ས་བོན་དག་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་འགོ་ཚུགས། སྐབས་འདིར་ངའི་སེམས་འགྱུ་རླུང་ལྟར་རྒོད་པས། ང་རང་རྙི་ལ་ཚུད་པའི་རི་དྭགས་བཞིན། སྟོན་རླུང་གིས་བདས་པའི་ཤིང་ལོ་བཞིན། མཚོ་མོའི་མཁའ་ཡི་རླབས་རིས་ལྟར་ཡུལ་ཁམས་ངེས་མེད་དུ་འཕྱོ་འཕྱོ་མཐར་ཁྱེད་ཀྱི་དབང་དུ་གྱུར་སོང་། འདི་ནི་ང་ལ་མཚོན་ན་དྲན་ཡུལ་ལས་འགོངས་པའི་ལས་ཀྱི་ལམ་ཐུག་ཅིག་གམ་ཡང་ན་རྨིས་མྱོང་པའི་རྨི་ལམ་ཞིག་དོན་སྨིན་བྱུང་བའི་དགའ་ཚོར་སེམས་ཀྱིས་མྱོང་སྟངས་ཤིག་ཡིན་སྲིད་ལ། ཡང་ན་ལྷད་མེད་རྣམ་དག་གི་སེམས་ངོགས་སུ་དུང་བའི་རི་མོ་ཕབ་པའི་གོམ་ཁ་དང་བོ་དེ་ཅི་ལ་མིན་ཨང་། དེ་བས་ངས་ནམ་རྒྱུན་ཟོབ་ཟོབ་དང་རྫུ་བག་བྲལ་བའི་ནང་སེམས་ཀྱི་ཞལ་འཛོམས་ཐོག་མ་དེ་བདེ་སྐྱིད་ཅིག་དང་། ཡང་ན་སྤྲོ་ཁོལ་ཞིག་གི་ཚུལ་དུ་ཡིད་ལ་སིམ་ཤིང་སྙིང་ལ་བཅངས་ནས་ཡོད།
ཁོ་མོ་ངུས་བྱུང་། མིག་ཟུང་ཕུར་ཙམ་ཕུར་ཙམ་གྱིས་མིག་ཆུའི་དོགས་པ་རེ་རེ་ས་རུ་ཟགས། སྐྱོ་སྡུག་འདྲེས་མའི་མིག་མདངས་དེས་ང་ལ་བལྟ་ཙམ་བྱེད་བཞིན་ཡང་བསྐྱར་མིག་ཆུ་འབྱིད་ཙམ་བྱས་པས། ང་ནི་ནམ་ཡང་མོའི་བློ་ཕུགས་སྙིང་གསུམ་གཏད་ཆོག་པའི་ཞེ་བརྟེན་གྱི་སྤྲོ་ཁོལ་ཉག་གཅིག་ཡིན་པ་འདྲ་བྱུང་། ཡིན་པ་ནི་ཁྱིམ་མཚེས་ཀྱི་བྱིས་པ་པྲ་ཚག་དེས་མོའི་ཨ་ཕས་ཉོས་པའི་ལྒང་ལི་ཁྲ་རིས་དེ་འཕྲོག་སོང་། ངས་ཚམ་ཚོམ་ཅི་ཡང་མེད་པར་བྱིས་པ་དེའི་མགོའི་རལ་བར་འབྱར་ནས་ཚ་བེར་བེར་གྱི་འགྲམ་ལྕགས་ཐེངས་གཉིས་གཞུས་རྗེས་ལག་ནས་ལྒང་ལི་ཕྱིར་འཕྲོག་སྟེ་ཁོ་མོར་བྱིན། དེ་མུར་ཕུ་རུང་གི་འདབས་ཁས་མོའི་མིག་ཆུ་གཙང་ཕྱི་བྱེད་བཞིན། ང་ཡོད་པས་ཁྱེད་ལ་གཞུག་ནས་ཐུབ་ཚོད་གཏོང་མཁན་ཡོད་མི་སྲིད་ཅེས་ངག་འཇམ་པོས་ཁོ་མོར་སེམས་གསོ་བྱེད་བཞིན་ངུ་ཁ་བླངས་པས། མོས་མགོ་བོ་ངའི་བྲང་གཞུང་ལ་བསྙེས་ཙམ་བྱེད་བཞིན་ཨུན་ཨུན་ཟེར། འདི་ནི་སྲུང་སྐྱོབ་ཅིག་གམ་ཡང་ན་སེམས་ཀྱི་མེ་ཏོག་གཅེས་པས་སྐྱོང་ཚུལ་ཞིག་ཅི་ལ་མིན་ཨང་། ཁོ་མོ་སྟོན་སྤྲིན་གྱི་གསེབ་ནས་བུད་པའི་ཉི་མ་བཞིན་འཛུམ་ཤིག་ཤིག་ངང་བཞད་བྱུང་། མོའི་འཛུམ་སྟངས་དེ་པད་མའི་འདབ་བརྒྱ་གྲོལ་བ་བཞིན་ཅི་འདྲའི་སྙིང་དུ་སྡུག་ཨང་། འཛུམ་མདངས་དེས་ང་ནི་ནམ་ཡང་མོའི་ཡིད་སེམས་དང་བློ་ཕུགས་གཏད་ཆོག་པའི་རྟག་བརྟན་གྱི་རྒྱབ་རི་བཀན་མོ་ཞིག་ཡིན་སྲིད་པའི་ངེས་ཤེས་ཤིག་ཀུན་ནས་སྐྱེ་འོང་།
གཉིས།
ཁོ་མོ་འཛུམ་གྱི་ལེར་ང་ལ་བཅར་བཞིན་། སྙིང་རྗེ་བའི་ལག་ཆུང་ངའི་སར་བསྲིངས་བཞིན་འུ་གཉིས་ཀྱི་རྡོ་གཡར་མའི་རྩེད་ཁང་ཕུབ་ཟེར་།ཉི་འོད་སྔར་བཞིན་སེར་གྱི་ལེར་ཁང་ཀླད་ནས་འཕྲོས་ཤིང་། ཁུ་སིམ་སིམ་གྱི་ཁོར་ཡུག་འདིའི་ངེད་གཉིས་ལ་རང་དགར་རྩེད་འཇོར་རོལ་བའི་བག་ཡངས་ཀྱི་གནམ་ས་ཞིག་མཁོ་འདོན་བྱས་ཡོད་པ་འདྲ་སྟེ། ལྗང་ནེམ་ནེམ་གྱི་གྲོ་ཞིང་མཐའ་ན་ངེད་གཉིས་ཀྱི་ཁུ་སིམ་དཀྲོག་མཁན་ཕྱེ་ལེབ་སྒེག་མོ་མ་གཏོགས་མེད་པ་འདྲ། རྡོ་ཁང་སྐྱ་ལེབ་དག་གཞི་ནས་གྲུབ་སོང་། ཁོ་མོའི་དྭངས་ལྕིག་ལྕིག་གི་མིག་ཟུང་འོད་ཀྱིས་ཁེངས་བཞིན་། ཁྱེད་ཨ་ཕ་ཡིན་པས་གོང་ནས་ཙོག་དགོས་ཟེར། དེ་མུར་མོས་རྡོ་ལེབ་ཆུང་ཆུང་སྟེང་རྩྭ་ལྗང་གི་འདབ་ལོ་རེ་འགའ་བཏོགས་རྗེས་བཟའ་བཏུང་གི་ཚུལ་དུ་ང་ལ་དྲངས་བྱུང་། མོས་སྤྲོ་འཛུམ་ཤིག་ཤིག་གིས་མགོ་བོ་ཆུང་ཆུང་དེ་ཕྲག་པར་བསྙེས་ཙམ་བྱེད་བཞིན་བདག་མོས་གཡོས་པའི་ཟ་མ་ཞིམ་པོ་ཨེ་འདུག་ཟེར། ངས་ཡིད་ཚིམ་ཚིམ་ངང་མགོ་བོ་ལྡེམ་ཙམ་བྱེད་བཞིན་ཞིམ་པོ་ཡོད་སྣང་བསྟན། ཐེངས་ཤིག་ངས་སློབ་བྱོལ་བྱས་པས་ཕ་མའི་གཅར་རྡུང་ལ་སྐྲག་སྟེ་གྲོ་ཞིང་གི་རྩྭ་ཕོན་གསེབ་ནས་སྦེད་ཐབས་བྱས། མཚམས་ཤིག་ལ་ཐྲིག་ཐྲིག་གི་གོམ་སྒྲ་ཞིག་ཁོའི་ཉེ་བར་གྲགས་ཤིང་། ཟླ་བ་ལྟར་སྒོར་བའི་ཁོ་མོའི་ཞལ་རས་འཛུམ་གྱི་ལེར་ཡང་བསྐྱར་ཁོའི་མིག་ལམ་དུ་མངོན་ཡོང་། ཁོ་མོས་ངས་སློབ་བྱོལ་བྱས་པའི་གནས་ཚུལ་དེ་གོ་རྗེས་ལྟོགས་སྐོམ་བྱུང་ཡོད་ངེས་བསམས་ནས་ལྐོག་ལྐོག་སུད་སུད་ཀྱིས་མོའི་ཨ་ཕས་རྫོང་མཁར་ནས་ཉོས་འོང་བའི་སིལ་ཏོག་དང་ཀ་ར་གོ་རེ་དག་རང་ཉིད་ཀྱིས་བཟའ་མ་ཕོད་པར་ང་ལ་བསྐྱལ་འོང་། ངས་དེ་མུར་གཡག་ལྟོགས་ཀྱིས་རྩྭ་ཟ་བ་བཞིན་བཟའ་བཏུང་ཞིམ་པོ་དག་ངོམ་མེད་ཚིམ་མེད་ངང་ཟོས་པས། ཁོ་མོས་འཛུམ་དམུལ་ལེར་ཁྱེད་ཀྱིས་བཟའ་བཏུང་ལ་རོལ་སྟངས་དེ་ངོ་མ་སྙིང་རྗེ་བོ་འདུག་ཟེར། ངེད་གཉིས་གཅིག་ངོར་གཅིག་གིས་བལྟས་རྗེས་ཡང་བསྐྱར་འཛུམ་ཤིག་ཤིག་ངང་ཐེངས་གཅིག་དགོད་དགོས་བྱུང་། ངས་མགོ་བོ་འགྱོགས་ཙམ་བྱས་ནས་ཉི་མ་ལ་ཐེངས་གཅིག་བལྟས་པ་ན། སེར་ལམ་ལམ་གྱི་ཉི་གཞོན་དེའང་འོད་གསེར་སྟོང་ཕྲག་འཕྲོ་བའི་དབུས་ན་དགོད་འཛུམ་ཤིག་ཤིག་ངང་ངེད་གཉིས་ལ་དགའ་བའི་སྨོན་ཚིག་གྱེར་བཞིན་པ་དང་མཚུངས། ངེད་གཉིས་འདི་ལྟར་བྱིས་དུས་ཀྱི་ལོ་ཟླས་བསྐྱངས་པའི་རྩེད་ཡ་དགོད་གྲོགས་འདང་ཅན་ཞིག་ཏུ་གྱུར་སོང་།
གསུམ།
ལོ་ཟླ་ཆུ་བོ་བཞིན་བཞུར་ནས་ཕྱིར་དྲན་གྱི་གཏམ་རྒྱུད་སྣ་ཚོགས་མེ་ལོང་ངོས་ལ་ཧབ་བཏབ་པ་བཞིན་མག་མོག་རབ་རིབ་ཏུ་གྱུར་ཡང་། བྱིས་བློའི་དག་གཙང་གི་ཤོག་དཀར་སྟེང་ཕབ་པའི་དུང་ཞེན་གྱི་རི་མོ་དག་ཅིས་ཀྱང་བསུབ་ཐབས་མེད་པ་འདྲ་སྟེ། ན་ཚོད་བསགས་ནས་དར་མའི་ལ་སྒང་འགྲིམ་དུས་འདིར་འདུ་འབྲལ་དང་དགའ་སྐྱོ། ཁེ་གྲགས་དང་ཕམ་ཉེས་སོགས་གང་ལ་འཕྲད་ཀྱང་དེ་དག་རེ་རེ་ལ་འོས་འགྲིག་གི་ཐབས་ཤིག་བཙལ་ནས་ནང་སེམས་ཀྱི་མཁར་རྫོང་དེར་གཡོ་སྐྱོམ་དྲག་པོ་ཐེབས་མ་བཅུག་པ་འདྲ་མོད། ཡིན་ནའང་བློས་མི་ཐོངས་པའི་བྱིས་དུས་ཀྱི་གཏམ་རྒྱུད་དག་ཁ་སང་བྱུང་བ་ནང་བཞིན་དྲན་ཡུལ་གྱི་མེ་ཏོག་ཚལ་དུ་བུང་བ་བཞིན་འཁོར་འོང་བས། བསྐྱུར་འདོད་ཀྱང་བསྐྱུར་ཐབས་ཡེ་ནས་དཀའ་ཨང་།
ཕྱིས་སུ་ཁོ་མོས་གནས་ཡུལ་འགྲིམས་སོང་། འཁོར་བའི་འདམ་རྫབ་ཁྲོད་དཀའ་སྡུག་གི་ལོ་ཟླ་གྲངས་མེད་ཕར་ལ་བསྐྱལ་ཤིང་། ལོ་ཟླའི་རླུང་འཚུབ་ཀྱིས་བརྐོས་པའི་གཉེར་རིས་དག་སྙིང་རྗེ་བའི་ཞལ་རས་སྟེང་ཤ་ཤུར་ངང་བབ་འདུག བུ་བུ་མོ་གཉིས་ཀྱི་ཨ་མར་གྱུར་ནས་འཁོར་བའི་ལས་ཚེགས་མཐའ་དག་ཕྲག་ཏུ་བླངས་ནས་འདང་མེད་ཁེབས་མེད་ཀྱི་ཁྱིམ་གཞིས་འདིའི་དོན་དུ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་པའི་ཁོ་མོར་མཚོན་ན་ཅི་ཁག་ཨང་། ཉི་ཟེར་དམར་ཐག་ཆོད་ཅིང་མཚམས་སྤྲིན་གྱིས་འཕྱོ་སྒེག་སྟོན་པའི་ས་སྲོད་དེར་ངེད་གཉིས་སྡེ་འདབས་ཀྱི་ཆུ་མིག་ཁར་ཐེངས་གཅིག་ཐུག་བྱུང་། ང་ཧ་ཅང་ཚབས་དྲགས་པས་སྐད་ཆའི་གོ་རིམ་འཆོལ་ཡོད་རྐྱེན་སེམས་ཀྱི་ཕྱི་ནང་ཐམས་ཅད་ཕྱི་སློང་ནང་སློང་བྱས་ཀྱང་བབ་བསྟུན་གྱི་ཚིག་གཅིག་ཀྱང་རྙེད་མ་སོང་བས། ལུས་སེམས་ལྷོད་ལ་ཕབ་ནས་ཁོ་མོར་སེམས་རྣལ་མས་ཁམས་བདེ་ཞིག་ཀྱང་ཞུ་མ་ཐུབ། འདི་ནི་ང་ལ་མཚོན་ན་ནམ་ཡང་རང་སེམས་ལ་ཚ་འདྲི་བྱེད་པའི་བློ་འགྱོད་སེམས་ཀྱིས་མི་ཐེག་པ་ཞིག་ཅི་ལ་མིན་ཨང་། མོས་མཆུ་སྒྲོས་འགུལ་ཙམ་བྱེད་བཞིན་ཅི་ཞིག་ཤོད་རྩིས་བྱས་མོད། ཡིད་ཀྱི་ཁང་བཟང་ནས་འོས་འགྲིག་གི་ཚིག་གཅིག་ཇི་ལྟར་བྱས་ཀྱང་མ་རྙེད་པ་འདྲ་བས། མཐར་སྨྲ་སྒོ་དམ་དུ་བསྡམས་ནས་ཅི་ཡང་མི་སྨྲ་བར་མགོ་བོ་ཐུར་དུ་དུད་བཞིན་གོམ་འགྲོས་དལ་བར་དལ་བུར་ང་དང་གྱེས་སོང་། ངས་ཁོ་མོའི་རྒྱབ་གཟུགས་ལ་ཅེར་ནས་རེ་ཞིག་དེ་གར་ཧད་ཅིང་། སྨྲ་མི་སྤོབས་པའི་སྐད་ཆ་དག་རྒྱང་རིང་དུ་ཡལ་བའི་ཁོ་མོའི་གོམ་སྒྲ་དང་བསྡོངས་ནས་སེམས་ཁོངས་སུ་བཙན་ཚུགས་སྒོས་ཕྱིར་མིད་ཐབས་བྱ་དགོས་བྱུང་།
བཞི།
ལོ་ཟླ་ཆུ་བོ་བཞིན་མུ་ནས་མུ་རུ་བཞུར་ཅིང་། ངེད་གཉིས་ཀྱང་ལོ་ཟླའི་ཆོས་ཉིད་ཀློང་ནས་གཞོན་ལང་ཚོའི་འདབ་མ་ཡལ་ནས་དར་མའི་ལ་སྒང་འགྲིམ་དུས་འདིར། ཕྲུ་གུའི་ཕ་མ་གྱུར་བའི་ངེད་གཉིས་ལ་མཚོན་ན་ཁ་གྱེས་སྟངས་འདི་ལས་ལྷག་པའི་གདམ་གསེས་ཤིག་གང་ན་ཡོད་སྲིད། དེ་བས་ངས་གཞུང་དྲང་གཤིས་འཇམ་གྱི་ཁོ་མོའི་སྣང་བརྙན་ཀུན་བརྗེད་མེད་སེམས་ལ་སིམ་པའི་དྲན་གདུང་གི་ལོ་ཟླ་དང་བསྡོངས་ནས་ཡིད་ཀྱི་སྒམ་ཆུང་དུ་འཇུག་རྒྱུ་ལས་ལམ་གཞན་ཅི་ཞིག་ཡོད་སྲིད་ཨང་། ལོ་ཟླས་མི་རྣམས་ལ་གུ་ཡངས་སྟེར་མི་སྲིད་ཟེར་བ་ངོ་མ་བདེན་པ་འདུག་སྟེ། མོ་ལོ་སུམ་ཅུའི་གྲངས་ཟིན་པའི་ཁོ་མོ་ཡང་སྡུག་འཁོར་བའི་འདམ་དོང་ལས་འཕག་ར་ཡང་ཡང་བྱས་མཐར་ཚིགས་དྲུག་སྨྱུག་བཞིན་དྲང་བའི་ལུས་ཕུང་དེ་ད་ལྟ་ཅུང་སྒུར་ཡོད་ལ། བཅོ་ལྔའི་དུང་ཟླ་འདྲ་བའི་ཞལ་རས་དེ་ཅུང་སྨུག་མདོག་ཏུ་གྱུར་འདུག དཔྲལ་བའི་གཉེར་མཚམས་སུ་ལོ་ཟླའི་རླུང་འཚུབ་ཀྱིས་ཕབ་པའི་གཉེར་རིས་ཤ་ཤུར་རྣམས་སྐྱེ་རྒ་ན་འཆིའི་གཟུར་མེད་ཀྱི་ཆོས་ཉིད་བཙན་པོ་རང་ངོ་སྤྲད་པ་བཞིན་ང་ཚོའི་མིག་སྒོར་བཤམས་འོང་།
འདི་དག་རིག་ཐེངས་རེ་ངའི་སེམས་ཁོངས་ཧྲིལ་བོ་རྫ་སྨུག་འཐིབས་པ་བཞིན་སྐྱོ་སྣང་བན་བུན་ཞིག་གིས་བསྟུམས་འགྲོ་ལ། ནམ་ཞིག་གི་ཚེ་ལྷོད་བག་གི་གོ་སྐབས་རེ་ཡོད་ཚེ་མཐུན་འགྲིག་གི་བཟའ་ཚང་འདི་ལ་ཕོག་ཐུག་མེད་པའི་རོགས་རམ་ཆུང་ཆུང་རེ་ཐུབ་ན་ཅི་འདྲའི་བཟང་ཨང་སྙམ་པའི་སེམས་འདུན་ཀུན་ནས་བརྟས་འོང་།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1