དྲིས་ལན་མེད་པའི་ལྡོག་འགལ་གྱི་དཀའ་གནད་སྒྲོམ་གཞི།
སྟག་ལྷ་འབུམ། (ཁྲི་འདུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
མི་རིགས་གང་དང་གང་ཡིན་རུང་རང་རང་ལ་ཐུན་མིན་གྱི་རིག་གནས་མ་ལག་རེ་ཡོད། རིག་གནས་མ་ལག་དེས་ཁོ་ཚོར་གཞན་དང་མི་འདྲ་བའི་རིག་གནས་ཀྱི་སེམས་ཁམས་རེ་བསྐྱེད་ཅིང་། དེས་ཀྱང་མི་སྒེར་སོ་སོའི་འགྲོ་འདུག་སྤྱོད་གསུམ་དང་། གསར་རྩོམ་གྱི་དགོངས་གཞི་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཤུགས་རྐྱེན་ཐེབས་སྲིད། ང་ཚོས་དེང་རབས་བོད་ཀྱི་རྩོམ་རིག་གླེང་དུས། དེ་ནི་སྲོལ་རྒྱུན་དང་མི་འདྲ་བའི་བྱ་དངོས་དང་རིག་གནས་གསར་བ་གསར་རྐྱང་ཞིག་གིས་བསྐྱེད་པར་འདོད་པ་ལས། ལོ་ངོ་སྟོང་ཕྲག་དུ་མའི་རིང་རིམ་གྱིས་གྲུབ་པའི་ཐུན་མོང་གི་བག་ཉལ་འདུ་ཤེས་དེར་དོ་སྣང་བྱེད་ཀྱིན་མི་འདུག དོན་ལ་དེང་རྩོམ་ཕལ་མོ་ཆེ་ཞིག་གི་མཚོན་སྟངས་དང་བརྗོད་བྱའི་དགོངས་གཞི་དག་གི་ཤུགས་སུ་མི་མངོན་པའི་གཅིག་མཐུན་གྱི་བག་ཉལ་འདུ་ཤེས་ཤིག་གིས་རང་རིགས་ཀྱི་གནའ་དེང་རྩོམ་རིག་བར། གཟུགས་མེད་ཀྱི་ཐག་པ་ཞིག་གིས་དུས་གཏན་དུ་སྦྲེལ་ནས་ཡོད། དེས་ཕྱིར། རྩོམ་ཆོས་འདིའི་རིགས་གླེང་དུས། དཔྱད་བརྗོད་པ་དག་གི་འོས་འགན་ཡང་ཐུན་མོང་གི་བག་ཉལ་འདུ་ཤེས་དེ་སྔོག་འདོན་དང་། གསར་བྱུང་རིག་གནས་ཀྱི་ཤུགས་རྐྱེན་གཉིས་སྐྱ་འཐབ་ནས་སྲོལ་རྒྱུན་ལས་ཐོལ་བརྒལ་བྱུང་བའི་དེང་རྩོམ་གྱི་གྲུབ་སྟངས་ལ་ཞིབ་དཔྱོད་བྱེད་རྒྱུར་འབད་པ་ལས། མཐའ་གཅིག་ཏུ་རིག་གནས་ཀྱི་མ་ལག་མི་གཅིག་པའི་ནུབ་གླིང་མཚན་ཉིད་རིག་པ་རྐྱང་རྐྱང་བཀོལ་ནས། རྩོམ་ཆོས་ལ་གཤགས་བཅོས་བྱེད་པ་ནི་དེ་འདྲའི་འོས་འཚམས་ཤིག་ཏུ་མི་མཐོང་།
དེ་ཡང་ནང་ཆོས་རིག་གནས་དེ་སྤྱི་ལོའི་དུས་རབས་བདུན་པ་ནས་བོད་དུ་དར་འགོ་ཚུགས་ཤིང་། དུས་ཀྱི་འགྲོས་དང་བསྟུན་ནས་སྲེག་བཅད་བརྡར་གསུམ་བྱས་པ་བརྒྱུད། རང་རིགས་ཀྱི་མི་བུ་རེ་རེའི་ཤ་གསེང་རུས་གསེང་དུ་འཐིམས་པའི་འདུ་ཤེས་ཀྱི་མ་ལག་ཅིག་ཏུ་གྲུབ་ནས་ཡོད། དེང་གི་ཤེས་ཡོན་པའི་སྡེ་ན་ནང་ཆོས་དང་སྲོལ་རྒྱུན་གྱི་རིག་པའི་རྣམ་གཞག་སྤྱད་དེ་རྩོམ་ཆོས་གླེང་བར་མ་རེངས་པའི་བསམ་འདུན་སྟོན་མཁན་གྱི་སྐྱེ་བུ་ཡང་མང་དུ་ཡོད་མོད། རྩོམ་ཐུང་འདིའི་འོས་འགན་ནི་དེ་དག་གི་བཟང་ངན་ལེགས་ཉེས་ཀྱི་གསལ་ཁ་འབྱེད་རྒྱུ་དེ་མིན་པར། བྱ་དངོས་གསར་བར་བློ་མོས་ཅི་ཙམ་བྱས་ཀྱང་ང་ཚོའི་སེམས་པའི་གཏིང་རིམ་ན་ནམ་ཡང་མི་རབས་ནས་མི་རབས་བརྒྱུད་པའི་རྒྱུ་སྣ་ཚོགས་ཀྱིས་བསྐྱེད་པའི་ཐུན་མོང་གི་བག་ཉལ་འདུ་ཤེས་ཤིག་ཡོད་པ་ནི་བསྙོན་དུ་མེད་པས། བག་ཉལ་འདུ་ཤེས་ཀྱི་མཐོང་སྣེ་དེ་རྒྱུད་ནས་སྐབས་དོན་གླེང་གཞིར་དངོས་སུ་འཇུག་རྒྱུའོ།།
དང་པོ། སོས་ཐབས་བྲལ་བའི་རྨ་ཁ།《རྣམ་སྨིན》ཞེས་པའི་རྩོམ་འདིར་རྩོམ་མཁན་གྱིས་རྒྱུ་འབྲས་རྣམ་གཞག་གི་འདུ་ཤེས་སྔོན་འགྲོ་བྱས་ནས་རིག་གསར་ཁྲོད་མཚར་ལོངས་བྱུང་ཞིང་། རིམ་བཞིན་སྲིད་ཇུས་མི་འདྲ་བའི་དུས་རབས་སུ་གོམ་ཁ་བསྒྱུར་བའི་བུད་མེད་ཕལ་བ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཏེ། དེའི་མི་ཚེ་དང་འཚོ་བ། ལུས་དབང་། མཇུག་འབྲས་སོགས་ལ་སྒྱུ་རྩལ་གྱི་ལག་ཐབས་ཅི་ནུས་བཀོད་དེ་འབྲི་གནང་མཛད་འདུག མི་སྣ་གཙོ་བོ་བསོད་ནམས་སྒྲོལ་མའི་ནད་གཞི་ལས་འགོ་བརྩམས་ཏེ་མོའི་ཁྱིམ་ཚང་གི་ཆགས་སྒོ་བྲིས་ཡོད་ལ། གཏམ་རྒྱུད་ཀྱི་འགོ་རྔ་ཁ་ཚང་མི་སྣའི་ཁ་བརྡ་དང་ཕྱིར་དྲན་གྱི་རྣམ་པ་སྤྱད་ནས་སྐྱོ་གར་གྱི་ཁ་དབུགས་སྟུག་པོ་ཞིག་སྐྲུན་འདུག སྐྱོ་གར་དེའི་འབྱུང་རྐྱེན་ནི་ཁོ་མོའི་རིག་གསར་དུས་ཀྱི་སྤྱོད་ལམ་དང་ཐད་ཀར་འབྲེལ་ཞིང་། དེ་ལྟ་བུའི་སྤྱོད་ལམ་གྱིས་མོའི་ཚེ་གཅིག་གི་གཏན་གྲོགས་དང་ཤ་ཆད་ཀྱི་བུ་ཕྲུག་གི་ཚེ་སྲོག་སྔ་ས་ནས་འཕྲོག་སོང་པར་མ་ཟད། བྱམས་ལྡན་གྱི་ཨ་མས་ཀྱང་ཚེ་གང་བོར་མོ་དང་འབྲེལ་ཐག་བཅད། ཐ་ན་མནའ་མས་ཀྱང་མ་སྨད་གཉིས་བསྐྱུར་ནས་ཆོས་ལུགས་དང་ལྟ་གྲུབ་མི་གཅིག་པའི་ཁ་ཆེ་ཞིག་གི་རྗེས་བསྙེགས་སོང་། འདི་དག་ཡོད་ཚད་ཀྱི་འབྱུང་ཁུངས་ནི་མིའི་བྱས་ཉེས་ངན་པར་འབྲེལ་བ་ཡོད་པའི་བསྡོམས་ཚིག་ལྟ་བུ་ཞིག་གྲུབ་འདུག ང་ཚོས་བརྩམས་ཆོས་འདིར་རོལ་མྱོང་བྱེད་སྐབས་རྩོམ་པ་པོས་མི་ཚེ་དང་ཀུན་སྤྱོད་ལྟ་ཚུལ་ལ་བཟུང་བའི་འགལ་འདུའི་རྣམ་པ་ཞིག་མཐོང་ཐུབ་ཅིང་། དེ་ནི་ནང་ཆོས་རིག་གནས་ཀྱི་བག་ཆགས་ཁྲོད་རིམ་གྱིས་གྲུབ་པའི་གཟུགས་མེད་ཀྱི་བག་ཉལ་འདུ་ཤེས་དང་། ལོ་རྒྱུས་ཀྱི་དངོས་ཡོད་དོན་རྐྱེན་གཉིས་གདོང་ཐུག་བྱས་པའི་བསྐྱེད་འབྲས་ཤིག་རེད། ནང་ཆོས་སུ་རྒྱུ་འབྲས་ཞེས་པ་ཞིག་ཡོད་ལ། དེ་ནི་འགྲོ་བ་སེམས་ཅན་གང་དང་གང་ཞིག་ཡིན་རུང་དེ་དག་གི་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་བདེ་བ་དང་སྡུག་བསྔལ་རྣམས་ནི་རྒྱུ་མེད་གློ་བུར་དུ་བྱུང་བ་མིན་པར། རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་བྱུང་བའི་ཚུལ་གྱི་གནས་ལུགས་ཤིག་ཡིན། དེའང་སྟོན་པའི་དགོངས་པར། བདེ་བ་ཐམས་ཅད་རྒྱུ་དགེ་བ་དང་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་བར་འདོད། དེ་ལ་རྟེན་ནས་མི་དགེ་བ་བཅུ་གཏན་ཁེལ་བགྱིས་ཡོད་པ་འདི་ལྟ་སྟེ། ལུས་ཀྱི་ཆ་ནས་སྲོག་གཅོད་པ་དང་མ་བྱིན་ལེན་པ། ལོག་གཡེམ་གསུམ། ངག་གི་ཆ་ནས་རྫུན་དང་ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི། ཡིད་ཀྱི་ཆ་ནས་བརྣབ་སེམས་དང་གནོད་སེམས། ལོག་ལྟ་བཅས་གསུམ་ཡོད་ཅིང་། བསོད་ནམས་སྒྲོལ་མས་ཨ་ཁུ་སངས་རྒྱས་ཀྱི་ཕ་“བསད”་ཅིང་། དགོན་པའི་ལྷ་སྐུ་དང་འདུ་ཁང་ལ་གཏོར་བརླག་བྱས་ཏེ་ཤིང་ཆ་རྣམས་བདག་ཏུ་བཟུང་། མི་དགེ་བ་བཅུའི་ཀུན་སྤྱོད་རྣམ་གཞག་ཚད་གཞིར་བཟུང་ན། མོས་ཡ་ང་བའི་ཚིག་རྩུབ་དང་སྐྱུག་བྲོ་བའི་བྱ་སྤྱོད་བཅས་ལུས་ངག་ཡིད་གསུམ་གྱི་མི་དགེའི་ལས་མཐའ་དག་སྤེལ་ཡོད་སྐད། ལས་སྔ་དྲོ་བསགས་པ་ཕྱི་དྲོ་སྨིན་པའི་དཔེ་བཞིན། རྗེས་ཀྱི་ཆགས་སྒོ་དང་སྐྱོ་གར་རྫོགས་མཐའ་མེད་པར་བྱུང་བ་བསྟན་ཡོད། ཞོར་དུ་ཨ་ཁུ་སངས་རྒྱས་ཀྱི་གཞན་སེམས་དང་དཀྱེལ་ཡངས། བྱམས་བརྩེ་སོགས་ཀྱི་ཟུར་གང་ཐུབ་ཀྱིས་དྲངས་ནས་དགེ་སྡིག་གི་དབྱེ་བ་གསལ་འབྱེད་བྱེད་སྟངས་དང་གཟུགས་འདས་ཀྱི་ཀུན་སྤྱོད་ལྟ་གྲུབ་ལ་མནོ་བསམ་བཏང་སྟེ། ནང་ཆོས་ཀྱི་རྒྱུ་འབྲས་རྣམ་བཞག་སྤྱི་བོར་བཟུང་ནས་ཡོད་ཚད་གཞལ་བའི་རང་ཅག་གི་རིན་ཐང་ལྟ་ཚུལ་ཇེ་གསལ་དུ་བཏང་ཡོད། རེད་དེ། ང་ཚོས་བརྩམས་ཆོས་ལས་སྣང་ཚུལ་གཞན་ཞིག་མཐོང་ཐུབ་པ་ནི། བསོད་ནམས་སྒྲོལ་མའི་འགྱོད་གདུང་གི་རྣམ་འགྱུར་དེ་ཡིན། འདི་ལས་ཁོ་མོ་མ་གཞི་ནས་སྡུག་པའི་ལས་འབའ་ཞིག་སྒྲུབ་པར་སྤྲོ་བའི་ཞེ་ནག་བདུད་མོ་ཞིག་མིན་པ་ར་སྤྲོད་བྱེད་ཐུབ། དེ་ནི་ཕྱོགས་ཆེ་ས་ནས་བཤད་ན་ལོ་རྒྱུས་ཀྱི་བྱས་ཉེས་ཤིག་ཏུ་གླེང་ཆོག་ཅིང་། ཡང་གཅིག་བཤད་ན་བསོད་ནམས་སྒྲོལ་མ་ནི་རིག་གསར་གྱིས་སྐྲུན་པའི་མི་སྣ་ཉམ་ང་བ་ཞིག་རེད། འོན་ཀྱང་། རིག་གསར་གྱི་བསྐྱེད་འབྲས་མི་སྣ་དེར་གདེང་འཇོག་བྱེད་པར་ནང་ཆོས་ཀྱི་ཀུན་སྤྱོད་ལྟ་གྲུབ་སྤྱད་འདུག འདི་ནི་ལོ་རྒྱུས་ལ་རྒྱབ་བརྟེན་མེད་པའི་ནོར་འཁྲུལ་གྱི་རིན་ཐང་ལྟ་ཚུལ་ཞིག་རེད། ནོར་འཁྲུལ་གྱི་འདུ་ཤེས་འདི་ནི་རྩོམ་པ་པོ་དང་རང་ཅག་གི་སེམས་པའི་གཏིང་ན་བག་ལ་ཉལ་བའི་ཀུན་སྤྱོད་ལྟ་གྲུབ་ཀྱི་འདུ་ཤེས་ཤིག་ཏུ་སེམས། ངས་འདིར་བརྗོད་པའི་ནོར་འཁྲུལ་གྱི་ཀུན་སྤྱོད་ལྟ་གྲུབ་ཟེར་བ་ནི་སྤྱི་ཚོགས་གནོན་ཤུགས་དང་ལོ་རྒྱུས་ཀྱི་འཕེལ་སྟངས་ལ་རྒྱབ་བརྟེན་མ་བྱས་པས་ཟེར་བ་ཡིན། གང་ལྟར་རིག་གནས་གསར་བརྗེའི་ལས་འགུལ་གྱིས་མི་གཤིས་བཙོག་པོར་བསྒྱུར་བའི་ནག་ཉེས་བཟོས་ཡོད་ལ། དེ་ལྟ་བུའི་ལོ་རྒྱུས་ཀྱི་རྗེས་ཤུལ་གྱིས་གནོད་འཚེ་མྱོང་མཁན་དང་ལས་འགུལ་སྤེལ་མཁན་སུ་ཡིན་རུང་། སེམས་ལ་གསུབ་ཐབས་བྲལ་བའི་རྨ་ཁ་བཞག་ཅིང་། རྨ་ཁ་དེར་ནམ་ཡང་སོས་ཐབས་མེད་པ་མ་ཟད་ཚེ་གང་གི་འཚོ་བ་དང་སྤྱོད་ལམ་ལ་གཟུགས་དང་གྲིབ་མ་བཞིན་འགྲོགས་ནས། མི་སེམས་ལ་མནར་གཅོད་ཚད་མེད་བྱེད་ཅིང་། འབྲེལ་མེད་ཀྱི་མི་བུ་གང་གང་མང་མང་ཡང་འོས་མིན་གྱི་མནར་གཅོད་ཁྲོད་དབུགས་ཀྱང་རྔུབ་ཐབས་བྲལ་བའི་གནས་སུ་བསྐྱལ་པས། རང་གི་ཕ་ཡུལ་དང་གཉེན་ཉེ། དད་མོས་སོགས་རྒྱབ་ཏུ་དོར་ནས་ཕྱི་ཡུལ་འགྲིམས་དགོས་པ(ཁ་ཆེའི་ཆུང་མ་བྱས་པའི་མནའ་མ)འདི་ནི་ཅི་འདྲའི་བཟོད་ཐབས་བྲལ་བའི་གནོན་ཤུགས་དང་སྡུག་བསྔལ་ཞིག་རེད་ཨང་། སྤྱིར་བཏང་ང་ཚོའི་འདས་པའི་རྩོམ་ཆོས་མྱོང་རོལ་གྱི་གོམས་སྲོལ་ལྟར་ན། བརྩམས་སྒྲུང་འདི་བཀླགས་ཏེ་སྐབས་འདིར་སླེབས་དུས་སྤྱི་བསྡོམས་ལྟ་བུ་ཞིག་གི་ཚུལ་གྱིས་མཇུག་སྒྲིལ་ངེས། གང་ལྟར་དེ་ལས་ཅུང་ཐོད་བརྒལ་གྱིས་མྱོང་རོལ་བྱེད་ནའང་། རྩོམ་ཡོངས་ལ་ཧྲིལ་གྱིད་བལྟས་ནས་རྒྱུ་འབྲས་རྣམ་གཞག་དང་ནོར་འཁྲུལ་གྱི་ལོ་རྒྱུས་དོན་རྐྱེན་གྱིས་མིའི་སེམས་ལ་གསོ་ཐབས་བྲལ་བའི་འཚེ་བ་ཉིས་བརྩེགས་བྱིན་ཞིང་། ང་ཚོས་སྤྱི་གཙུག་ཏུ་བཀུར་བའི(神圣不可侵犯)རིག་གནས་ཀྱིས་བསྐྱེད་པའི་ཀུན་སྤྱོད་ལྟ་བ་དང་། རིག་གནས་གསར་བརྗེ་ཡི་མི་སེམས་བཙོག་བསྒྱུར་གྱི་བྱ་ངན་བཅས་ཀྱི་རྗེས་ཤུལ་གཉིས་རྐྱ་འཐབ་ནས། དངོས་བརྒྱུད་གཉིས་ཀྱི་སྒོ་ནས་ལོ་རྒྱུས་ཀྱི་བསྐྱེད་འབྲས་མི་སྣ་དང་དེ་འབྲེལ་གྱི་ཉེས་མེད་སྐྱེ་བོ་དུ་མའི་སེམས་ཁུངས་ལ་རྨ་ཁ་བཟོས་ཤིང་། རྨ་ཁ་དེ་ཤ་གསེང་རུས་གསེང་དུ་འཐིམས་ནས་ད་དུང་མུ་མཐུད་དུ་འཚོ་བའི་མིའི་ལས་དབང་ལ་མནོ་བསམ་གཏོང་སྲིད། གཉིས་པ། དྲི་ལན་མེད་པའི་ལྡོག་འགལ་གྱི་དཀའ་གནད་སྒྲོམ་གཞི།
རེད་དེ། གོང་གསལ་གྱི་མྱོང་རོལ་བྱེད་སྟངས་དེ་དག་གིས་རྩོམ་ཆོས་འདིའི་རིན་ཐང་ཡོད་ཚད་སྔོག་འདོན་བྱེད་མི་ཐུབ། དེ་བས་བདག་གིས་སྒྱུ་རྩལ་གསར་བཏོད་རིག་པའི་ངོས་ཐད་ནས་བརྩམས་ཆོས་འདིའི་དོན་དངོས་ཀྱི་མཐོ་ཚད་ལ་ཉམས་ཞིབ་བྱེད་འདོད། དེའང་རྩོམ་ཆོས་ལ་དབྱེ་ཞིབ་བྱས་ཏེ་མཚམས་འདིར་ཐོན་རྗེས། ང་ཚོ་གཡོལ་ཐབས་བྲལ་བའི་གནད་དོན་ཞིག་ལ་འཕྲད་སྲིད། དེ་ནི་ནང་ཆོས་ཀྱི་རྒྱུ་འབྲས་རྣམ་གཞག་སྤྱི་གཙིགས་སུ་བཟུང་ནས་དེ་ལས་ལྡོག་པའི་བྱ་ངན་སྤྱོད་ངན་སྤེལ་མི་རུང་བའི་ཆ་དང་། རིག་གསར་གྱི་དམིགས་བསལ་ལོ་རྒྱུས་དོན་རྐྱེན་གྱིས་མི་ལ་གདམ་ཀ་མེད་པའི་གདམ་ཀ་ཞིག་སྤྲད་དེ། ཀུན་སྤྱོད་ལྟ་བ་དེ་དག་དང་ལྡོག་འགལ་དུ་ལངས་དགོས་པའི་འུ་ཐུག་གི་གནས་སྟངས་གཉིས་སོ།། འོ་ན། དོན་གྱིས་རིག་གསར་མཇུག་རྫོགས་རྗེས་ཀྱི་བསོད་ནམས་སྒྲོལ་མའི་གནས་སྟངས་ལ་ང་ཚོས་གུ་ཡངས་དང་སྙིང་རྗེའི་རྣམ་འགྱུར་འཛིན་དགོས་སམ། རྒྱུ་འབྲས་གནོག་པའི་རྣམ་སྨིན་ཡིན་པར་རྒྱབ་བཅོལ་ཏེ་གཏན་ནས་གུ་ཡངས་དང་བཟོད་སྒོམ་བྱེད་མི་རུང་པ་རེད། འདི་ལ་ང་ཚོ་སུས་ཀྱང་ཁ་ཚོན་བཅད་དེ་སྤྱི་བསྡོམས་རང་བཞིན་གྱི་ལན་ཞིག་གནང་མི་རུང་ལ། གནང་ཡང་མི་ཐུབ། གལ་ཏེ་སུ་ཞིག་གིས་ནང་ཆོས་ཀྱི་རྒྱུ་འབྲས་རྣམ་གཞག་གཙིགས་སུ་བཟུང་ནས་ནམ་ཡང་དེ་དང་འགལ་མི་རུང་ཟེར་ན། རིག་གསར་ལྟ་བུའི་དམིགས་བསལ་གྱི་དུས་རིམ་ནང་སུ་ཞིག་གིས་རང་གི་དད་པའི་གཡུལ་ས་སྲུང་ནས་ཚེ་སྲོག་དང་འཚོ་གནས་སྣང་མེད་དུ་འཕང་སྟེ་འགྱུར་མེད་ཀྱི་ཉམས་ཤིག་འཛིན་ཐུབ། ཡང་དམིགས་བསལ་གྱི་དུས་སྐབས་སུ་དམིགས་བསལ་གྱི་གདམ་ཀ་བྱེད་དགོས་ཟེར་ན། “ཆོས་ལུགས་”དང་“ཀུན་སྤྱོད་”ཀྱི་རིན་ཐང་ཡལ་ཞིང་ལོ་རྒྱུས་དོན་རྐྱེན་གྱི་བྲན་དུ་འགྱུར་ཉེན་ཆེན་ཆེ་བས། བདེན་པ་དང་གནས་ལུགས། རྒྱུ་འབྲས། སྤྱོད་ཡོན་སོགས་ཀྱང་ལྗིད་ཚད་མེད་པར་གད་སྙིགས་སུ་གྱུར་པའི་མིང་བརྡ་སྟོང་པ་ཙམ་མ་ཡིན་ནམ། དེ་བས། འདི་ནི་དྲི་བ་ཞིག་རེད་ལ་གནད་དོན་ཞིག་ཀྱང་རེད། འདི་ལྟ་བུའི་གནད་དོན་ནི་འདས་པའི་ལོ་རྒྱུས་ཁྲོད་བྱུང་མྱོང་པར་མ་ཟད། ད་ལྟའི་དངོས་ཡོད་དུ་འཕྲད་རྒྱུ་ཡོད། མ་འོངས་པའི་མིའི་འཚོ་གནས་སུ་ཡང་མུ་མཐུད་ནས་འབྱུང་ངེས། འོན་ཀྱང་། ནམ་ཡིན་ཡང་ཁ་ཚོན་བཅད་ཆོག་པའི་ལན་ཞིག་འབྱུང་རྒྱུ་མེད། འདི་ནི་རྩོམ་པ་པོས་སྤྱི་ཚོགས་དང་མི་ཚེ་ལ་ཉམས་ཞིབ་བྱས་པའི་འབྲས་བུ་རེད། རྩོམ་མཁན་གྱིས་འདི་ལྟ་བུའི་དྲི་ལན་མེད་པའི་གནད་དོན་ཞིག་བདམས་ཏེ། དེའི་འགལ་འདུ་དང་རྩོད་གླེང་རང་བཞིན་གྱི་ཆ་ལ་བརྟེན་ནས། རྩོམ་རིག་གི་བླ་ན་མེད་པའི་སྒྱུ་རྩལ་གྱི་ཆ་གསར་སྐྲུན་བྱས་འདུག ཡང་སུ་ཞིག་གིས་འདི་ལྟ་བུའི་རྩོམ་ཆོས་ལ་བསྡོམས་ཚིག་རང་བཞིན་གྱི་བརྗོད་བྱའི་བསྟན་དོན་ཞིག་ཡོད་པར་གླེང་ཚེ། བརྩམས་ཆོས་ཀྱི་རིན་ཐང་བྲི་བ་ཙམ་ལས་མ་འདས། འདིར་རྩོམ་པ་པོས་སྙོམ་སྒྲིག་བྱེད་ཐབས་བྲལ་བའི་ཟུར་གཉིས་སུ་བརྐྱངས་པའི་གནད་དོན་དེའི་སྟེང་ནས་བསྐྲུན་པའི་སྒྱུ་རྩལ་གྱི་མཛེས་པ་དེ་དང་། མིའི་རིགས་ལ་བཞག་པའི་མཐའ་མེད་པ་དང་ལན་མེད་པའི་དྲི་བ་དེ་ནི། ད་གཟོད་བརྩམས་ཆོས་འདི་ལེགས་རྩོམ་ཞིག་ཏུ་བསྒྲེང་རུང་པའི་རྩ་བའི་རྩ་བའོ།། ཡང་གཅིག་བཤད་ན་འདི་ནི་ད་གཟོད་བརྩམས་ཆོས་འདི་ཡུལ་དུས་ཀྱི་བཀག་རྒྱ་ལས་ཐར་དེ་ནམ་ནམ་ཞར་ཞར་མཛེས་སྡུག་གི་འོད་མདངས་ཁྲོད་གནས་ཐུབ་པའི་གནད་དམ་པའོ།།
ཡང་གཅིག་བཤད་ན། རྩོམ་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོའི་སྤྱོད་ལམ་ལ་ལྟ་ཚུལ་འཛིན་མཁན་གྱི་མི་སྣ་གཞན་དག་ནི། ང་ཚོའི་རྒྱུད་ཀྱི་མི་ལོ་དུ་མར་བསོགས་པའི་ཐུན་མོང་གི་བག་ཉལ་འདུ་ཤེས་དེ་གཟུགས་བརྙན་གྱི་ཚུལ་གྱིས་མངོན་པ་ཡིན་ལ། བསོད་ནམས་སྒྲོལ་མའི་རིག་གསར་སྐབས་ཀྱི་སྤྱོད་ལམ་ནི་ང་ཚོ་གནད་འགག་ལ་འཕྲད་པའི་སྐབས་ཀྱི་གཤིས་སྤྱོད་གཞན་ཞིག་གོ། མདོར་ན་དེ་དག་ནི་མི་གཅིག་གི་སེམས་པའི་གཏིང་རིམ་ན་ཡོད་པའི་ལྡོག་འགལ་གྱི་གཤིས་སྤྱོད་གཉིས་རེད། དེའང་མཐར་གཏུག་ན་མི་བུ་རེ་རེར་མངའ་བའི་ཐུན་མོང་གི་ཁྱད་གཤིས་ཤིག་རེད། ཁྱད་གཤིས་དེ་ཆེས་གནད་འགག་གི་སྐབས་སུ་མ་གཏོགས་ཚོར་མི་ཐུབ། དེ་བས། འདི་དག་སྐྱེས་བུ་རང་ག་བས་མཉམ་འཇོག་མི་བྱེད་ཅིང་། དོན་དུ་ནམ་ཡང་ང་ཚོའི་རྒྱུད་ན་ཡོད་པས་ཆོས་ཉིད་ཅིག་རེད། ཆོས་ཉིད་དེའི་མདུན་དུ་ཀ་ལངས་ལངས་བྱས་ཏེ། ཀུན་སྤྱོད་རྣམ་གཞག་སྲོག་བཞིན་སྲུང་ཐུབ་མཁན་ཡོད་ཚེ། ང་ཚོས་དེར་རླབས་ཆེན་ཟེར་ཞིང་། དོན་དུ་རླབས་ཆེན་གྱི་ཐ་སྙད་འདི་སྦྱར་ཆོག་ས་ཤིན་ཏུ་ཉུང་ཉུང་ཡིན་ངེས། དེ་བཞིན་ཆོས་ཉིད་དེ་བརྩམས་ཆོས་ཀྱི་རྣམ་པས་མཚོན་པར་སྒྱུ་རྩལ་གྱི་ལག་ཐབས་མཆོག་ཏུ་གྱུར་པ་ཤིག་དགོས།
རིག་གནས་ཀྱིས་བསྐྱེད་པའི་ཀུན་སྤྱོད་རྣམ་གཞག་དང་། རིག་གསར་གྱི་དངོས་ཡོད་གཉིས་ཀྱི་གདོང་ཐུག་ནི་དེ་མཚོན་བྱེད་ཀྱི་ལག་ཐབས་བཟང་ཤོས་ཡིན་སྲིད། མཚོན་པར་བྱས་རྗེས་ཀྱི་ཆོས་ཉིད་དེར་མཚོན་ན་མཚོན་བྱེད་ཀྱི་ལག་ཐབས་དེའི་ལོ་རྒྱུས་རྒྱབ་ལྗོངས་བླངས་བཞག་ཀྱང་རྩོམ་ཆོས་ཀྱི་རིན་ཐང་ཡལ་མི་སྲིད། རྒྱུ་མཚན། དེ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་ནམ་ཡང་ཡལ་དུ་མེད་པའི་སྙོམ་སྒྲིག་བྱེད་ཐབས་བྲལ་པའི་སྣང་ཚུལ་ཞིག་ཡིན་པས་སོ།། མུ་ནས་མུར་བརྐྱངས་པའི་དུས་ཀྱི་རྒྱུན་ཐག་ཁྲོད་ཀྱི་མིའི་རིགས་ཀྱི་དྲི་ལན་མེད་པའི་ལྡོག་འགལ་གྱི་དཀའ་གནད་སྒྲོམ་གཞིའམ་སྣང་ཚུལ་དེས་རྩོམ་ཆོས་ཀྱི་རིན་ཐང་སྒྱུ་རྩལ་གྱི་མཐོ་ས་ནས་མངོན་ཐུབ་ཡོད། འདི་ནི་མྱོང་པ་ཞིག་ཡིན་པ་ལས་བསམ་བློ་མ་རེད། འདི་ནི་རིང་དུ་གནས་པའི་གནད་དོན་ཞིག་ཡིན་པ་ལས་གདམ་ཀ་མ་རེད། དེ་འདས་པ་ནས་ད་ལྟ་དང་། ད་ལྟ་ནས་མ་འོངས་པར་བསྲིངས་ཡོད་པས། རྩོམ་ཆོས་ཀྱི་ཚེ་སྲོག་ཡང་ཡུལ་དུས་ཀྱི་བཀག་རྒྱ་ལས་ཆེས་ཆེར་འགོངས་ནས་རྟག་བརྟན་གྱི་ཚུལ་དུ་གནས་ཐུབ། དེས་ཕྱིར། རྩོམ་མཁན་གྱིས་དམིགས་པའང་འགལ་འདུར་གྱུར་པའི་གདོང་ཐུག་དེ་མ་གཏོགས། རིག་གསར་གྱི་ལོ་རྒྱུས་དང་དེའི་ལེགས་ཉེས་བཟང་ངན་གླེང་བ་ཙམ་ག་ལ་ཡིན། ཡང་གཅིག་བཤད་ན། དེ་ནི་རྩོམ་མཁན་གྱིས་སྒྱུ་རྩལ་གསར་བཏོད་རིག་པའི་མཐོང་སྣེ་ནས་མནོ་བསམ་ཞིབ་མོ་བཏང་པའི་འབྲས་བུ་ཡིན་སྲིད་ལ། བདག་གིས་བརྩམས་ཆོས་འདི་ལེགས་རྩོམ་གྱི་གྲལ་དུ་འཇོག་པའི་གནད་འགག་ཡང་འདིར་ཐུག་ཡོད།
གསུམ་པ། མཇུག་བསྡུ་བ།
མདོར་ན་རྩོམ་ཆོས་འདིའི་རིན་ཐང་ནི་དེ་ཙམ་གྱིས་ག་ལ་ཚད། བརྩེགས་རིམ་དུ་མའི་སྒྲིག་གཞིའི་ཆ་ཡིས་ཀྱང་། རིག་གནས་ཆུ་ཚད་མི་འདྲ་བའི་ཀློག་མཁན་དག་ལ་གང་འཚམས་ཀྱི་གོ་བ་སྟེར་ཐུབ་ཅིང་། ཕྱིར་མངོན་པའི་ཅུང་སླ་བའི་འགྲེལ་བརྗོད་བྱེད་སྟངས་ཁོ་ནས་ཀྱང་ཀུན་གྱི་ཡིད་སེམས་འཕྲོག་ཐུབ་པས་ན། དེའི་ཕྱི་ངོས་ཀྱི་ཡོལ་བ་བརྟོལ་ནས་རིམ་པ་གཏིང་མའི་ཟབ་སར་འཇུག་པ་ནི་དེ་ལས་ཀྱང་ངོ་མཚར་པའི་སྒྱུ་རྩལ་གྱི་འགྲུལ་བཞུད་ཐེངས་ཤིག་ཅི་ལ་མིན།