གྲུ་ཆུང་གི་བསྒྱུར་རྩོམ་གསུམ།

གྲུ་ཆུང་གིས་བསྒྱུར། (རྨ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27



༡ ལྷའི་དབང་བོས་བཀྲམ་པའི་རྒྱུགས་ཤོག

ཉིན་ཞིག་ལ། ལྷ་དབང་ཆང་གིས་རྒྱགས་ཤིང་ཟ་མས་འགྲངས་རྗེས། གློ་བུར་དུ་སེམས་ལ"གལ་ཏེ་ད་ལྟ་འཇིག་རྟེན་དུ་འཚོ་བཞིན་པ་དག་ལ་ད་དུང་ཐེངས་གཅིག་གསོན་པའི་གོ་སྐབས་བྱིན་ན། ཁོ་ཚོས་བདམ་གསེས་ཇི་ལྟར་བྱེད་ཨང་"སྙམ། དེ་ནས། ལྷ་དབང་གིས་འཇིག་རྟེན་གྱི་སྐྱེ་འགྲོ་དག་ལ་རྒྱུགས་ཤོག་རེ་བཀྲམ་སྟེ་ཁ་སྐོང་དུ་བཅུག

རྒྱུགས་ཤོག་ཕྱིར་བསྡུས་རྗེས་དེས་ལྷ་དབང་ལ་ཧ་ལས་ཧང་སངས་སུ་བཅུག་སོང་། གཤམ་ནས་ཁོ་ཚོ་རེ་རེ་བཞིན་གྱི་དྲིས་ལན་ལ་གཟིགས་རོགས།

ཞི་ལ་ན་རེ། "གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ཙི་གུ་ཞིག་བྱ་རྒྱུ་ཡིན། ངས་བདག་པོའི་ཉ་གཅིག་བརྐུས་ནས་ཟོས་རྗེས་ཁོས་ང་ལ་གཅར་ནས་ཤི་མ་གསོན་དུ་བཏང་། ཙི་གུས་ཐབ་ཚང་དུ་སྒམ་སློག་སྒྲོམ་སློག་བྱས་ཏེ་གང་འདོད་ཅི་འདོད་ཟོས་ཀྱང་དེར་མི་རྣམས་ལ་ཐབས་ཟད་ཨུ་ཐུག་ཏུ་གྱུར་འདུག"ཅེས་བྲིས་ཡོད།

ཙི་གུ་ན་རེ།"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ཞི་ལ་ཞིག་བྱ་རྒྱུ་ཡིན། རྒྱལ་བོའི་འབྲུ་ཟ་ཆོག་བློན་གྱི་དམག་རྒྱགས་འཁྱེར་ཆོག སྐྱེས་ནས་ཤི་བའི་བར་དུ་བདག་པོས་གསོ། ད་དུང་དུས་དང་རྣམ་པ་ཀུན་དུ་ང་ཚོའི་རིགས་ཀྱིས་ཁོ་ལ་ཉ་དང་ཞ་སྨི་བསྐྱལ་དགོས་པས། ཧ་ཅང་སོས་དལ་བག་ཕེབས་རེད།"ཅེས་བྲིས་འདུག

ཕག་ན་རེ།"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ནོར་ཞིག་བྱ་རྒྱུ་ཡིན། འཚོ་བ་ཅུང་དཀའ་ཁག་ཆེ་ན་ཡང་། དེར་མཚན་སྙན་ཡོད། ང་ཚོ་ནི་གླེན་པ་བླུན་པོ་དག་གི་མཚོན་བྱེད་ཡིན་པ་འདྲ། མི་ལ་སྡིགས་དམོད་བྱེད་དུས་ཀྱང་'ཕག་རྒན'ཞེས་ཟེར་གྱི་འདུག"ཅེས་བྲིས་ཡོད།

ནོར་གྱིས་ན་རེ།"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ཕག་ཅིག་བྱ་འདོད། ངས་ཟ་རྒྱུ་ནི་རྩྭ་དང་བཞོ་བ་ནི་འོ་མ་ཡིན། ལས་ནི་ལུས་ཤུགས་ངལ་རྩོལ་ཡིན་ན་ཡང་། སུ་ཞིག་གིས་ང་ལ་བྱས་རྗེས་དང་བྱ་དགའ་གནང་མྱོང་ཡོད་དམ། ཕག་བྱས་ན་ཇི་འདྲའི་སྐྱིད་པ་ལ། ཟོས་རྗེས་གཉིད། སད་རྗེས་ཟོས། མགོ་ཚོ་ཞིང་རྣ་ཆེ། འཚོ་བ་ནི་ལྷ་ལས་ལྷག་པ་ཞིག་རེད།"ཅེས་བྲིས་འདུག

གླག་རྒོད་ན་རེ།"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ཁྱིམ་བྱ་ཞིག་བྱ་འདོད། སྐོམ་ན་ཆུ་ཡོད། ལྟོགས་ན་འབྲས་ཡོད།འདུག་ས་ཁང་བ་ཡོད། ད་དུང་བདག་པོས་སྲུང་སྐྱོབ་བྱེད། ང་ཚོ་ལོ་གཅིག་གི་དུས་བཞི་ལ་ཕྱི་རུ་འཁྱམས་ཏེ། རླུང་གིས་སྐམ་ཚ་གདུག་གིས་མནར། རླུང་གིས་གཙེས་ཆར་གྱིས་ཟགས། ད་དུང་རྟག་ཏུ་ལྐོག་གི་མདའ་དང་མདེའུ་ལ་དོགས་ཟོན་བྱ་དགོས་པས། གསོན་པ་དེ་ཡང་ཇི་འདྲའི་ཐང་ཆད་པ་ཞིག་རེད་ཨང་།"ཞེས་བྲིས་ཡོད།

ཁྱིམ་བྱ་ན་རེ། "གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་གླག་རྒོད་ཅིག་བྱ་འདོད། དེས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་ཆོག རི་བོང་དང་བྱ་བྱེའུ་གང་འདོད་དུ་བཟུང་ཆོག ང་ཚོས་སྒོ་ང་གཏང་རྒྱུ་དང་ནམ་ཚོད་འཛིན་རྒྱུ་ལས་གཞན་ཉིན་རྒྱུན་དུ་བཟུང་ནས་གསོད་རྒྱུར་འཇིགས་སྐྲག་གིས་ཁེངས་ནས་ཚེ་མཐར་བསྐྱལ་དགོས།"ཞེས་བྲིས་འདུག

སྦྲུལ་ན་རེ། "གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་སྦལ་བ་ཞིག་བྱ་འདོད། དེར་ག་ས་གང་ནས་ཀྱང་མིས་སྲུང་སྐྱོབ་འཐོབ། ང་ཚོ་གང་ལ་སོང་ཡང་མིས་རྡུང་རྡེག་བྱེད། ད་དུང་ང་ཚོའི་ཤ་ཡང་ཟ་བར་བྱེད་པས་གསོན་པར་དོན་སྙིང་ཅི་ཡོད།"ཅེས་བྲིས་འདུག

སྦལ་བ་ན་རེ། "གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་སྦྲུལ་ཞིག་བྱ་འདོད། དེ་སུས་མཐོང་ན་སུ་སྐྲག རྒྱང་བཀྱེད་དེ་འགྲོ་བར་བྱེད། སྤྱིར་ན་ང་ཚོར་བརྩི་མཐོང་ཆེན་པོ་མི་བྱེད་མོད། ད་ལྟ་མིའི་རིགས་ཀྱིས་ཐབས་བཀོལ་ནས་ཟ་བར་བྱེད་དེ། གསོལ་སྟོན་ཆང་སྟོན་དང་། ཟ་ཁང་། གསོལ་ཚིགས་ཁང་སོགས་གང་སར་མཐོང་རྒྱུ་འདུག"ཅེས་བྲིས་ཡོད།

ཆེས་དགོད་བྲོ་བ་ནི་མིའི་རྒྱུགས་ཤོག་ཡིན་ཏེ། སྐྱེས་པ་ཚང་མས་"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་བུད་མེད་ཅིག་བྱ་རྒྱུ་ཡིན། བརྙན་འཕྲིན་ནང་བཏང་བ་དང་། ཚགས་དེབ་ཏུ་བཀོད་པ། བརྡ་ཁྱབ་སྤེལ་བ། ལི་ཐོ་ཞིག་དཔར་བ་གང་ཡིན་ཡང་ཇི་འདྲའི་སྒེག་ཉམས་ལྡན་པ་ལ་ཨང་། ལས་ཀ་མེད་པའི་གཞོན་ནུ་མ་ཞིག་ཡིན་ཡང་སྐྱེས་ལུས་ཡིད་དུ་འོང་ཚེ། དྲིལ་སྒྲ་འདྲ་བའི་དགོད་སྒྲ་དང་། གཅེས་རྟགས་པའི་ཚུགས་ཀ རབ་རིབ་ཀྱི་མིག་མདངས་དག་གིས་ཀྱང་སྤམ་པོར་སྡོད་པའི་མི་ཆེན་དག་ཀྱང་བླ་སྲོག་མགོ་རྟིང་སློག་ཏུ་འཇུག་ཅེས་བྲིས་ཡོད་པ་རེད། བུད་མེད་ཀྱི་རྒྱུགས་ཤོག་ཚང་མར་"གལ་ཏེ་ང་རང་ད་དུང་ཐེངས་གཅིག་གསོན་དུ་བཅུག་ཚེ། ང་རང་ངེས་པར་དུ་སྐྱེས་པ་ཞིག་བྱ་རྒྱུ་ཡིན། རྒྱུན་དུ་ཆང་ཁང་དང་ཟ་ཁང་། གླུ་གར་ཁང་སོགས་སུ་འགྲོ་འོང་བྱས་ཏེ་ཁྱིམ་ལས་བྱེད་མི་དགོས། ད་དུང་དབང་ཅན་པོ་བྱས་ནས་བསྡད་ན་ཇི་འདྲའི་ཉམས་དོད་པོ་ཞིག་རེད་ཨང"ཞེས་བྲིས་ཡོད།

་་་་་་་།

ལྷའི་དབང་བོས་བལྟས་ཚར་རྗེས། ཤུགས་ཡོད་ཚད་ཀྱིས་"སག་སག"གི་སྒྲ་དང་བཅས་རྒྱུགས་ཤོག་ཐམས་ཅད་གཤགས་ནས་རྡུལ་དུ་བཏང་། ཁོང་ཁྲོ་ཆེན་པོས"ཐམས་ཅད་སྔར་བཞིན་ཞོགས།"ཞེས་གསུངས་སོ།།

༢ གསང་བ།

"དགོངས་པ་མ་ཚོམ། ཁྱེད་ལ་བྱིས་པ་འདིའི་སྐད་ཆར་མཉན་ཁོམ་ཞིག་ཡོད་དམ།" དེ་ནི་ངས་དབྱི་སི་ལེ་ཡི་ཚོང་ཁང་ཆེན་མོར་བྱ་བ་ལས་སྐབས་འཕྲད་ཅིང་ཚེ་གང་བོར་བརྗེད་ཐབས་མེད་པའི་དོན་དག་ཅིག་ཡིན།

ལོ་ན་སུམ་ཅུ་ལྷག་ལ་སོན་པའི་ཨ་མ་ཞིག་གིས་ང་རང་བོས་བྱུང་ལ། ཡ་ཧུ་དཱ་པ་བའི་བྱིས་པ་ཞིག་འཚབ་འཚུབ་ངང་ཁོའི་ཨ་མའི་ལོགས་སུ་ལངས་ཏེ་མཆུ་འདབ་གཉིས་མགྲོན་བུ་བཞིན་བསྡམས་ནས་མིག་ཟུང་གིས་ས་ངོས་སུ་བལྟས་འདུག

ཁོའི་ཨ་མས་"རེམས། ཨ་ནེ་འདི་ཧ་ཅང་བྲེལ་བ་ཆེ་ནི་རེད།"ཅེས་ཁྲོ་གཏམ་བཤད། ང་ལ་ཁ་དབུགས་ཀྱང་གློ་བུར་དུ་འཚབ་འཚུབ་ཏུ་གྱུར་བའི་སྣང་བ་ཞིག་ཤར། ངས་ཕྱོགས་གཅིག་ནས་དོན་དངོས་སུ་དོན་དག་ཅི་ཞིག་ཡིན་ནམ་སྙམ་བཞིན་ཚོད་དཔག་བྱས་ལ་ཡང་ཕྱོགས་གཅིག་ནས་མ་བུ་འདི་གཉིས་ལ་ཞིབ་ཏུ་བལྟས། སྐབས་དེར་ངས་བུ་ཆུང་དེའི་ལག་ཏུ་དངོས་པོ་ཞིག་བཟུང་ཡོད་པ་མཐོང་། ཁོའི་ལག་པ་ཆུང་ཆུང་གཉིས་འདར་སིག་སིག་བྱེད། དེ་ནི་སྐབས་དེར་བྱིས་པ་དག་གིས་ཧ་ཅང་དགའ་བསུ་འཐོབ་པའི་རྩེད་ཆས་ཤིག་ཡིན། རྩེད་ཆས་འདིའི་རིགས་ནང་འདྲེན་བྱེད་ཐེངས་རེར་མགྱོགས་པོར་བཙོང་ཚར་འགྲོ་བར་མ་ཟད། བརྐུས་ཟིན་པའི་ཁ་གྲངས་ཀྱང་བཙོང་ཟིན་པའི་ཁ་གྲངས་ལས་ཉུང་ཉུང་མིན།

"ཅི་བྱུང་སོང་། ཁྱོས་ཅང་མི་བཤད་དམ།"ཅེས་ཁོའི་ཨ་མ་ཁོང་ཁྲོ་ལངས་ཤིང་། མིག་གོང་དུ་མཆི་མས་གང་ཡོད། སྐབས་དེར་བུ་ཆུང་དེ་དངངས་ནས་ངུ་བཞིན་འདུག

ངའི་སྙིང་ཁར་ཟུག་གཟེར་ཞིག་བྱུང་བ་དང་འདྲ་ཞིང་། ང་རང་ཡང་བསྐྱར་བྱིས་པ་ལ་ཁ་གཏད་དེ། ངས་ངེས་པར་དུ་ཁོས་ཅི་ཞིག་བཤད་པར་མཉན་དགོས་སྙམ་པར་མ་ཟད་ཏག་ཏག་སྐབས་འདིའི་དོན་དག་གིས་བྱིས་པའི་མ་འོངས་པའི་མི་ཚེ་ལ་ཁ་ལོ་སྒྱུར་སྲིད་ཀྱང་སྙམ་བྱུང་།

སྐབས་འདིར། ཁོ་ངོ་གནོང་བཞིན་ལག་པ་བསྲིང་ཡོང་། འཆིང་ནས་ཧྲུལ་བོར་བཟོས་པའི་ཤོག་ཐུམ་ནས་རྩེད་ཆས་ཕྱིར་མངོན་འདུག

"ངས་ཁྱེར་འདོད་པ་མིན།"ཞེས་ཁོས་ཤུགས་ཆེན་པོ་བཀོལ་ནས་ད་གཟོད་སྐད་ཆ་དེ་བཤད་བྱུང་། ངས་ད་ལྟ་ད་དུང་དྲན་པ་ནི། ཆེས་མཐའ་མཇུག་བྱིས་པ་དེས་ངུ་སྐད་དང་འདྲེས་ནས་"དགོངས་པ་མ་ཚོམ།"ཟེར་བ་དེ་རེད། ཨ་མ་དེའི་སྐབས་དེའི་རྣམ་འགྱུར་ནི་བརྗོད་ལས་འདས་པ་ཞིག་ཡིན་ཏེ། ངས་མོའི་སེམས་བདེ་ལ་བབས་ཏེ་དབུགས་གཏོང་བ་དང་འདྲ་སྙམ་བྱུང་།

དེ་ནས། ཁོའི་ཨ་མས་ཐད་ཀར་ང་ལ་བཤད་རྒྱུར། "ཁྱེད་ཀྱིས་ཁྱོད་ཚོའི་འགན་འཛིན་པ་འབོད་རོགས། ངས་ཁོང་ལ་བཤད།"ཟེར། སྐབས་འདིར། ངས་ཐོག་དང་པོར་ཨ་མས་བྱིས་པ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་བུ་བུ་མོར་སློབ་གསོ་གཏོང་བ་དེ་ལས་སླ་མོ་ཞིག་མིན་པ་རྟོགས་བྱུང་ལ། ང་རང་ཁོའི་ཨ་མའི་རྣམ་འགྱུར་དེས་སེམས་གཏིང་ནས་ཡིད་འགུལ་ཐེབས་སུ་བཅུག་སོང་།

"མི་དགོས། ངས་རྩེད་ཆས་འདིའི་རིན་གོང་བླངས་རྗེས་དོན་དག་འདི་འུ་ཚོ་གསུམ་པོའི་བར་གྱི་གསང་བ་ཡིན། བྱིས་པས་ཀྱང་རང་གིས་ལས་པ་འཆུག་ཡོད་པ་ཤེས་ཡོད་པས། དེས་ཆོག"

ངས་རང་གི་སེམས་ཁམས་ཀྱི་ཕྱེད་ཅིག་ཕྱིར་མངོན་སོང་སྙམ། མིག་ཆུ་སྔར་ནས་མཁུར་མགོར་ཐོན་འདུག་ལ་ཨ་མ་དེས་ལུས་སྟོད་སྒུར་ནས་ང་ལ་དགོངས་དག་ཡང་ཡང་ཞུས་པའི་རྣམ་པ་དེ་ངས་ད་ལྟའང་བརྗེད་ཐབས་མི་འདུག ནམ་ཡང་བརྗེད་མི་སྲིད།

ཡིད་འོང་གི་ས་བོན་ཞིག་བྱིས་པའི་སེམས་རྒྱུད་ཀྱི་གཤིན་ས་རུ་བཅུག་རྗེས། དེ་ལ་རིམ་བཞིན་མཛེས་སྡུག་གི་མེ་ཏོག་མང་པོ་བཞད་ངེས་ལ་བགྲང་གིས་མི་ལང་བའི་ངོ་མཚར་གྱི་འབྲས་བུ་ཡང་སྨིན་ངེས་སོ།།

༣ བུད་མེད་དགེ་རྒན་གྱི་ཁྱད་འཕགས་ནུས་པ།

གལ་ཏེ་ས་སྨྱུག་མེད་གྱུར་ཚེ། སློབ་ཁྲིད་ཇི་ལྟར་བྱ་དགོས་པ་ཁྱོད་ཀྱིས་ཤེས་སམ།

ཁྱེད་ཀྱིས་ང་ལ་གཏམ་རྒྱུད་ཅིག་བཤད་དུ་འཇུག་རོགས་ཞུ།

གཏམ་རྒྱུད་འདི་ནི་ལུང་ཁུག་ཏུ་ཡོད་པའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་བྱུང་བ་ཡིན། སྡེ་བའི་སྟོད་རྒྱུད་དུ་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་རེད།

ཉིན་ཞིག་ལ། གློ་བུར་དུ་སློབ་ཁྲིད་ལ་ངེས་པར་མཁོ་བའི་ས་སྨྱུག་ཚར་སོང་། བུད་མེད་དགེ་རྒན་དེས་བསམ་བློ་ཞིག་བཏང་མཐར་ཐབས་བཀོད་ཅིག་རྙེད། མོས་ཆུ་ཕོར་བ་གང་བཙལ་ཏེ་བྱིས་པ་ཚོ་ལ"ཤོག དགེ་རྒན་གྱིས་ཆུ་ལ་བསྒྲེ་ནས་སྒོ་སམ་དུ་ཡི་གེ་འབྲི། སློབ་ཁྲིད་ཚོགས།"ཅེས་བཤད།

བྱིས་པ་ཚོས་ཧ་གོ་བའི་བརྡ་རུ་མགོ་བོ་ལྡེམ་ལྡེམ་བྱས་ཏེ་འཐད་པའི་བརྡ་བསྟན།

དེ་ནས། མོས་ཡི་གེ་འབྲི་ལུགས་རེ་རེ་བཞིན་བསླབས་ཤིང་བྱིས་པ་དག་གིས་རེ་རེ་བཞིན་སྦྱངས།

དེ་ལོས་ཡིན་ཏེ། འདི་ལ་མྱུར་ཚད་མཁོ། རྒྱུ་མཚན་ནི་ཁྲིད་པ་དལ་དྲགས་ན་ཡང་ན་ཡིད་ལ་བཟུང་བ་དལ་དྲགས་ན། ཆུས་བྲིས་པའི་ཡི་གེ་དེ་མགྱོགས་པོར་སྐམ་ནས་མེད་པར་གྱུར་འགྲོ་བ་རེད།

རྗེས་ནས་ཀྱང་ས་སྨྱུག་མེད་དུས་སུ། བུད་མེད་དགེ་རྒན་གྱིས་ཆུས་ས་སྨྱུག་གི་ཚབ་བྱས། སྙིང་རྗེ་བའི་བྱིས་པ་དག་ཀྱང་རིམ་བཞིན་ངོ་མཚར་གྱི་ཁྲིད་ཐབས་དེར་གོམས་པར་གྱུར།

ཉིན་ཞིག བུད་མེད་དགེ་རྒན་དེ་ངུས་བྱུང་། མོས་ལུའུ་ཞུན་གྱི་སྨྱུག་འོག་གི་ཁོང་དབྱི་ཅི་དྲན་པས་རེད། སྐྲ་འཛིང་ཞིང་ངོ་ལ་དྲི་ནག་ཆགས་པའི་ཁོང་དབྱི་ཅི་ཡིས་ཞིན་ཧེན་མགྲོན་ཁང་གི་ཞབས་ཞུ་བས་ཡི་གེ་ཤེས་ཆེད་དུ་ཁོའི་སེན་མོ་རིང་བོ་ཆང་ལ་བསྒྲེས་ནས་སྒྲོམ་སྟེགས་སུ་"茴香豆"ཅེས་པའི་"茴"ཀྱི་ཡི་གེ་དེ་བྲིས་མྱོང་། ཡིན་ཡང་དེ་རིང་། སྒེག་ལྡན་གྱི་བུད་མེད་དགེ་རྒན་འདིས་ལྷའི་བུ་མོའི་མཛུབ་གུ་འདྲ་བ་དེ་ཆུ་ལ་བསྒྲེས་ནས་སྒོ་སམ་སྟེང་དུ་ཡི་གེ་འབྲི་ཞིང་། འཁྱག་སབ་སིབ་ཀྱི་སྒོ་སམ་སྟེང་དུ་འབད་པའི་ས་བོན་བཏབ།

ཡང་མོས་བསམ་བཞིན་བསམ་བཞིན་དགད་བྱུང་། རང་གི་མཛུབ་གུའི་རྩེ་མོ་ཟད་པར་གྱུར་ཡང་བྱིས་པ་ཚོའི་སེམས་རྒྱུད་ཕྱུག་པོར་བཏང་བས་འོས་སོ་སྙམ།

མོས་བག་ཕེབས་ངང་། སྣང་དོགས་མེད་པའི་ངང་། སྔར་བཞིན་དེ་ལྟར་བསྒྲུབས་སོ།།

ཡང་ཉིན་ཞིག་ལ། མོ་སློབ་ཁང་དུ་སོང་ནས་སློབ་ཁྲིད་བྱ་གྲབས་བྱེད་སྐབས། གློ་བུར་དུ་ཕོར་བའི་ནང་གི་ཆུ་ཡོད་ཚད་ཕྱིར་ཟགས་ཚར་བ་མཐོང་། དེ་ཡང་ཁག་མི་འདུག་སྟེ། ཆུ་སྣོད་དེ་ཧ་ཅང་རྙིང་དྲགས་པ་ལ་བལྟས་ཚེ་གནའ་བོའི་མི་རིགས་འདིའི་ལོ་རྒྱུས་གཏིང་ཟབ་མོ་ཞིག་དྲན་ཡོང་།

ཆུ་མེད་ན། སྒོ་སམ་ཇུས་འགོད་ཇི་ལྟར་བྱ།

ཆུ་མེད་ན། སློབ་ཁྲིད་ཇི་ལྟར་བྱ།

ཡོད་ཚད་ཚར་འདུག་པའི་སྐབས་འདིར། བུད་མེད་དགེ་རྒན་འདིས་གློ་བུར་དུ་རང་གི་ལག་གཡས་པའི་མཛུབ་མོའི་སྟེང་དུ་འོད་འཚེར་འཚེར་བྱེད་པའི་ཆུ་ཐིགས་འཛགས་ཀྱིན་པ་ཚོར།

ཆུ།

ཆུ།

ཆུ་ཡོད་ན་སློབ་ཁྲིད་བྱ་ཐུབ་པ་རེད།

བུད་མེད་དགེ་རྒན་དེ་མྱུར་དུ་ཁ་ཕྱིར་འཁོར་ནས་སྒོ་སམ་སྟེང་དུ་མཚམས་མི་ཆད་པར་བྲིས་བྱུང་།

མོས་བྲིས་པ་ཧ་ཅང་མགྱོགས་ལ་བྱིས་པ་ཚོས་ཀྱང་སེམས་སུ་བཟུང་བ་ཧ་ཅང་མྱུར།

འདི་ལྟར། མོས་ཁ་ཕྱིར་འཁོར་ནས་སྒོ་སམ་ཇུས་འགོད་བྱེད་སྐབས། མཛུབ་གུའི་སྟེང་གི་ཆུ་ཐིགས་ཀྱང་ཏག་ཏག་བཞུར་ནས་ཐོན་ཡོང་།

གནམ་རྒན་མ། དེ་ནས་བཟུང་མོ་ལ་ཁྱད་འཕགས་ཀྱི་ནུས་པ་ཞིག་འདུག་ཨང་།

ཉིན་ནས་ཉིན་འདས་ཏེ་ལོ་ནས་ལོ་འདས།

འདི་ལྟའི་སློབ་གསོ་ཡ་མཚན་གྱི་ངོ་མཚར་མཇུག་འབྲས་ནི།རྟོགས་པ་མྱུར་བ། ཡིད་འཛིན་མྱུར་བ། རྩིས་རྒྱག་མྱུར་བའི་བྱིས་པ་ཁྱད་འཕགས་ཅན་སྐོར་ཅིག་སྐྱེད་སྲིང་བྱས་པ་དེ་རེད། འདི་འདྲའི་ངོ་མཚར་གྱི་མྱུར་ཚད་འདིའི་རྐྱེན་གྱིས་བྱིས་པ་ཁྱད་འཕགས་ཅན་འདི་དག་སློབ་ཆེན་སྐད་གྲགས་ཅན་ཞིག་གིས་དམིགས་བསལ་གྱིས་བསྡུས་སོང་།

རྗེས་སུ། མི་ཞིག་གིས་ཆེད་དུ་བྱིས་པ་ཁྱད་འཕགས་ཅན་འདི་དག་ལ་ཞིབ་འཇུག་བྱས་པ་ན། ཁོ་ཚོ་ཚང་མར་ཁྱད་འཕགས་ཀྱི་ནུས་པ་ཡོད་པ་ཤེས། དེ་ནི་མིག་ཆུས་སྦངས་མྱོང་བའི་ས་ཆ་ཞིག་ཡིན་ན། ཁོ་ཚོས་ཡང་དག་པའི་སྒོ་ནས་སྔོན་ཆད་འདི་ནས་སྐྱོ་གར་ཡིན་ནམ་ཡང་ན་སྤྲོ་གར་ཡིན་པའི་དོན་དག་ཅི་ཞིག་བྱུང་མྱོང་ཡོད་པ་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད།

དེས་ན། བུད་མེད་དགེ་རྒན་དེའི་མཛུབ་གུའི་སྟེང་ལྷོག་ལྷོག་ཏུ་བཞུར་བའི་གཤེར་གཟུགས་དེ་དོན་དངོས་སུ་ཅི་ཞིག་ཡིན་ནམ།

མི་ཞིག་གིས་རྫས་འགྱུར་བརྟག་དཔྱད་བྱས་པ་ན། ཆུ་དེ་ནི། མིག་ཆུའི་རྫས་འགྱུར་གྲུབ་ཆ་དང་གཅིག་པ་གཅིག་རྐྱང་རེད་ཟེར་་་་་་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1