དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཟླ་རེའི་གཏམ་རྒྱུད། ན་ཆུང་རྒྱལ་གཅེས་པ།

དགེ་རྒན་གྱིས་རྗེས་མའི་ཟླ་བ་རེར་ཚང་མ་ལ་དོན་སྙིང་ཡོད་པའི་གཏམ་རྒྱུད་རེ་རེ་བཤད་རྒྱུ་ཡིན་པས་མ་ཚད། ང་ཚོས་སེམས་ནང་དུ་བཞག་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་དེ་རིང་བཤད་རྒྱུ་ནི་ན་ཆུང་རྒྱལ་གཅེས་པ་ཞེས་པ་དེ་རེད།

རྦ་རླབས་ཆིལ་ཆིལ་དུ་གཡོ་བའི་རྒྱ་མཚོའི་ཐོག་ལ་འཛམ་གླིང་ས་ཆ་སོ་སོའི་འགྲུལ་པས་གང་བའི་ཧྥ་རན་སིའི་གྲུ་གཟིངས་ཤིག་ཞི་པན་ཡ་ནས་དབྱི་ཐ་ལའི་རེ་ན་ཡར་སྐྱོད་བཞིན་འདུག གྲུ་གཟིངས་ཐོག་ལོ་བཅུ་གཅིག་སོན་པའི་ན་ཆུང་ཞིག་ཡོད། བཞིན་རས་སེར་ཞིང་ཤ་ཞན་པ་དང་། ལུས་ལ་ཧ་ཅང་རྙིང་ཧྲུལ་ཅན་གྱི་གྱོན་གོས་གོན་འདུག ཁོ་རང་རྒྱང་རིང་ནས་མི་རྣམས་ལ་གབ་ཅིང་སྐབས་རེར་སྡང་མིག་གིས་ཕྱོགས་བཞིར་ལྟ་བཞིན་འདུག

ཕྲུ་གུ་འདི་ནི་ཧ་ཅང་ལས་ངན་ཞིག་རེད། ལོ་གཉིས་ཀྱི་སྔོན་དུ། ན་ཆུང་དེ་དབུལ་ཞིང་ཕོངས་ཐག་ཆོད་པའི་ཕ་མས་ཟློས་གར་ཚོགས་པར་བཙོངས་པ་རེད། འཁྲབ་ཚན་དེ་དག་ཤེས་པའི་ཆེད་དུ་ཁོ་རང་ཉིན་རྟག་པར་བཙན་ཤེད་དང་གཤེ་རྡུང་རག་གི་ཡོད་ལས་ཕོ་བ་རྒྱགས་པའི་ཟས་ཐེངས་གཅིག་ཀྱང་མི་རག་པ་རེད། ཞི་པན་ཡའི་པ་སི་ལའོ་ནའི་གྲོང་དུ་ཁྲིད་ནས་འཁྲབ་སྟོན་བྱེད་པའི་ཚེ། ཁོས་མནར་གཅོད་དང་བཀྲེས་ལྟོགས་བཟོད་མ་ཐུབ་ནས་ཅི་ཐབས་གང་དྲག་བྱས་ནས་བྲོས་ཏེ་དབྱི་ཐ་ལའི་གཞུང་ཚབ་ཁང་དུ་ར་མདའ་འཚོལ་བ་རེད། གཞུང་ཚབ་པས་ཁོ་ལ་སྙིང་རྗེ་སྐྱེས་ཤིང་རོགས་རམ་བྱས་ནས་མེས་རྒྱལ་དུ་སྐྱེལ་བར་ཐག་གཅོད་པས་མ་ཚད་རེ་ན་ཡའི་ཉེན་རྟོག་པ་ལ་འཕྲིན་ཡིག་བྲིས་ནས་ཁོ་རང་ཕ་མའི་མདུན་དུ་བསྐྱལ་རོགས་ཟེར་བ་རེད། དེ་ནས་ཁོ་རང་གྲུ་གཟིངས་འདིའི་རིམ་པ་གཉིས་པའི་གྲུ་ཤག་ནང་དུ་བཀོད་བསྒྲིགས་བྱས་པ་རེད།

ལས་རྒྱུ་གང་ཡང་མེད་པའི་འགྲུལ་པ་ཚོར་ཁྱད་མཚར་གྱི་སྣང་བས་ཁེངས་ནས་ཁོའི་ཉེ་འགྲམ་དུ་བཅར་བའམ་ཁོ་དང་བཤད་ཆ་བཤད་བསམ་པ་རེད། རེད་དེ་ཁོས་མི་སུ་ལ་ཡང་ཨ་ཡ་བྱེད་འདོད་མེད་ཅིང་ཁ་དམ་དུ་བཙུམས་ནས་དྲི་བ་ཚང་མར་ལན་ཚིག་གཅིག་ཀྱང་མི་ལབ་པ་རེད། རེད་དེ་བློ་མི་བདེ་བའི་མི་ཁ་ཤས་ཀྱིས་མ་འདྲིས་འདྲིས་མདོག་བྱེད། ཆང་འཐུང་བཞིན་པའི་མི་གསུམ་སྤྲོ་སྣང་ཆེ་བས་ན་ཆུང་དེ་ལ་ཁ་ཡ་རྒྱུན་ཆད་མེད་པར་བྱས་ཤིང་ཆད་ཆད་མཐུད་མཐུད་ཀྱི་སྒོ་ནས་ཁོར་སྐད་ཆ་བཤད་པར་བསླུ་ཁྲིད་བྱས་པ་རེད།

མཐར་ན་ཆུང་གིས་ཨུ་ཚུགས་དེ་འདྲ་མི་བྱས་ནས་ཞི་པན་ཡ་དང་ཧྥ་རན་སིའི་སྐད་འདྲེས་མ་ཡིན་པའི་དབྱི་ཐ་ལིའི་སྐད་དང་ལག་བརྡ་ཁ་ཤས་བསྣན་ནས་རང་ཉིད་ཀྱི་སྐྱོ་སྡུག་མྱོང་ཚུལ་བཤད་པ་རེད། འགྲུལ་པ་གསུམ་པོས་ཉན་ཞོར་དུ་གདུང་སེམས་མཉམ་སྐྱེས་ཀྱིས་ལུས་པོའི་ཐོག་ནས་ཟངས་ཀྱི་ཊམ་དངུལ་ཁ་ཤས་བླངས་ནས་མདུན་ཅོག་སྟེང་དུ་འཕངས་ཏེ་གཏོང་ཕོད་ཆེ་མདོག་གིས་འདི་ཚང་མ་ཁྱོད་ལ་བྱིན། ཁུར་སོང་ཞེས་བཤད། ན་ཆུང་གི་སྐད་དམའ་མོས་བཀའ་དྲིན་ཆེ་ཞུས་ཤིང་སེམས་ཧ་ཅང་དགའ་བའི་ངང་ནས་དངུལ་ཉར་ཚགས་བྱས་ནས་རང་གི་ཉལ་མལ་དུ་ལོག་སྟེ་སྐྱིད་ལྷང་ལྷང་གིས་མ་འོངས་པའི་ཕུགས་རེར་འདང་རྒྱག་འགོ་ཚུགས།

དངུལ་འདི་དག་ཡོད་དུས། ང་རང་གིས་ཐོག་མར་ཟ་མ་ཚ་སུར་སུར་ཞིག་ཟ་ཐུབ་རྒྱུ་རེད།

རེ་ན་ཡར་བསླེབས་དུས་ངས་གོས་གསར་པ་ཞིག་ཉོས། དེ་ནས་ལྷག་པའི་དངུལ་རྣམས་སྙིང་རྗེ་བའི་ཨ་ཕ་དང་ཨ་མར་སྤྲད་ན་ཁོ་ཚོ་སེམས་དགའ་ནས་མགོ་ཡུ་འཁོར་འགྲོ་རྒྱུ་རེད།

ན་ཆུང་གིས་དངུལ་འདི་དག་ཚགས་ར་བྱེད་པ་དེ་ནི་རྒྱུ་ནོར་ནོམ་ཆེན་ཞིག་བཟུང་ཡོད་པ་དང་འདྲ་བར་དྲན་གྱིན་དྲན་གྱིན་སེམས་ངར་ཇེ་ཆེར་སོང་། འགྲུལ་པ་གསུམ་པོས་ད་དུང་ཆང་འཐུང་ཞོར་དུ་རང་རང་སོ་སོའི་ཡུལ་སྐོར་ཐད་ཀྱི་ལྟ་སྟངས་སྐོར་ལ་ཁ་བརྡ་བྱེད་བཞིན་འདུག དབྱི་ཐ་ལིའི་སྐོར་བཤད་པའི་ཚེ། མི་གཅིག་གིས་དབྱི་ཐ་ལའི་འགྲུལ་ཁང་ཧ་ཅང་ཐབས་རྡུགས་པོ་རེད་ཅེས་ལེ་བདའ་བྱེད་ཅིང་། གཅིག་གིས་ཁོ་ཚོའི་མེ་འཁོར་ཡང་ཧ་ཅང་སྡུག་པོ་རེད། འགྲིམ་འགྲུལ་ཆ་རྐྱེན་དེ་བས་ཀྱང་ཞན་པ་འདུག་ཅེས་སྐྱོན་བརྗོད་བྱས།

ཆང་གི་ངར་ཤུགས་དང་བསྟུན་ནས་མི་གསུམ་ཀ་ཧ་ལམ་བཟི་ཚར་བ་འདྲ། སེམས་ཤུགས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཞིང་སྐད་ཆ་བཤད་ཚད་ཐམས་ཅད་ཀྱང་ཚད་ལས་བརྒལ་བ་ཤ་སྟག་རེད།

མི་ཞིག་གིས་གལ་སྲིད་ཡུལ་སྐོར་འགྲོ་བ་ཡིན་ན་དབྱི་ཐ་ལིར་འགྲོ་བ་ལས་བྱང་སྣེར་འགྲོ་ན་དགའ། དབྱི་ཐ་ལི་ཁ་ཐོར་དགུ་ཐོར་དུ་གནས་ཤིང་གང་སར་ཁྲམ་པ་དང་ཇག་པ་ཤ་སྟག་རེད་ཅེས་བཤད།

མི་གཞན་ཞིག་གིས་ཆ་སྣོན་ཡ་སྣོན་བྱས་ནས་དབྱི་ལ་ལིའི་དཔོན་པོ་ཚོས་ཡི་གེ་མི་ཤེས་ཤིང་ཕག་པ་ཁྱུ་གཅིག་དང་འདྲ།

འཁྲུལ་མེད་རེད། གླེན་རྨོངས་ཤེས་མེད་ཀྱི་མི་རིགས་ཤིག

མཐར་གྲལ་རྒྱལ་དམངས་ཇག་ཅེས་མི་གསུམ་ཀས་པ་ཞེས་ཁ་ནས་བུད་རན་ཁར་ཟངས་ཀྱི་དངུལ་ཊམ་དུ་མ་སེར་བ་བབ་པ་ལྟ་བུ་ཁོ་ཚོའི་ལུས་ཐོག་ལ་རྒྱག་བྱུང་།

འགྲུལ་པ་གསུམ་པོ་ཁོང་ཁྲོ་ལངས་ནས་ཡར་བལྟས་དུས་ཡང་ཟངས་ཊམ་སྙིམ་པ་གང་ཐད་ཀར་ཁོ་ཚོའི་གདོང་ལ་རྒྱག་པ་རེད། ཁྱོད་ཚོའི་དྲི་ངན་བྲོ་བའི་དངུལ་ཕར་ཁྱེར་ཞིག ན་ཆུང་ཁོང་ཁྲོ་ཆེན་པོ་ལངས་ནས་ཁྱོད་ཚོས་ངའི་མེས་རྒྱལ་ལ་འཕྱ་དམོད་བྱས་ན་ང་རང་ལ་ཁྱོད་ཚོའི་སློང་བ་མི་དགོས་ཞེས་སྐད་བརྒྱབ་པ་རེད།

ལེའུ་གཉིས་པ། ཟླ་བ་བཅུ་གཅིག་པ།

དུ་ཁུང་ཕྱགས་པའི་ཕྲུ་གུ

ཁ་སང་གི་དགོང་མོ། ང་རང་བུད་མེད་སློབ་ཆུང་དུ་ཨ་ཅེ་ཞུའེ་ཨེར་ཝེ་བཙལ་དུ་སོང་བ་ཡིན། སློབ་གྲྭའི་ཐད་ཀའི་ཁུགས་ལམ་ཞིག་ཏུ་བསླེབས་པའི་ཚེ་ངས་ཤ་ཞན་ལ་གཟུགས་ཆུང་བའི་དུ་ཁུང་ཕྱགས་མཁན་བུ་ཆུང་ཞིག་མཐོང་། ཁོས་ཕྲག་པར་ཁུག་མ་ཆེན་པོ་ཞིག་ཁུར་བ་དང་། ལུས་པོ་ཚང་མར་དུ་དྲེག་ནག་པོ་འགོས་ཤིང་འུ་ཐུག་ནས་དེར་ལངས་འདུག ཁོས་ལག་གཡས་སུ་གཞོག་གྲི་ཁྱེར་ཞིང་ལག་གཡོན་གྱིས་ངོ་བཀབ་ཅིང་མགོ་སྒུར་ནས་ངུ་བཞིན་ཡོད་པ་འདྲ། ལོ་རིམ་གསུམ་པའི་བུ་མོ་སློབ་མ་འགའ་སློབ་གྲྭ་གྲོལ་ནས་ཕྱིར་ཡོང་བས་ཁོའི་མདུན་དུ་སོང་ནས་ཁྱོད་རང་ཅིའི་ཕྱིར་ངུ་བ་ཡིན་ནམ་ཞེས་དྲིས་ཀྱང་།

བུ་ཆུང་གིས་ལན་མི་འདེབས་ཤིང་སྔར་ལྟར་མིག་ཆུ་གཏོང་གི་འདུག

ད་མ་ངུ། ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་། མགྱོགས་པར་ང་ཚོར་ཤོད་དང་། བུ་མོ་ཚོས་ཡང་ཡང་དེད་འདྲི་བྱས།

ངས་དུད་ཚང་ཁ་ཤས་ཀྱི་དུ་ཁུང་ཕྱགས་རོགས་བྱས་ནས་ཟངས་ཊམ་སུམ་ཅུ་ལོན་སོང་། བུ་ཆུང་གི་མགོ་བོ་ཡར་བཏེགས་ནས་མཛུབ་མོས་དུང་ཡོད་པའི་གོས་ཁུག་ཅིག་བསྟན་ནས་དུས་ནམ་ཙམ་ཡིན་མི་ཤེས་པར་དངུལ་དེ་དག་ཟགས་འདུག གལ་ཏེ་ང་རང་ལག་སྟོང་ལོག་པ་ཡིན་ན། དགེ་རྒན་གྱིས་ང་རང་རྡུང་ངེས་རེད། ཅེས་སྐད་ཆ་བཤད་མཚམས་མ་རྫོགས་པར་ཁོས་བསྲན་མ་ཐུབ་པར་སླར་ཡང་མགོ་སྒུར་ནས་ངུས་པ་རེད། བུ་མོ་ཚོས་ཀྱང་ཕངས་སེམས་སྐྱེས་ནས་མིག་ཀྱང་དམར་པོར་གྱུར་སོང་།

ཞྭ་མོའི་ཐོག་བྱ་སྒྲོ་སྔོན་པོ་བཙུགས་ཡོད་པའི་བུ་མོ་ཆེ་བས་ཁུག་མའི་ནང་དུ་ཟངས་ཊམ་གཉིས་བླངས་ནས་ང་རང་སར་གཉིས་ལས་མེད། ང་ཚོས་ཞལ་འདེབས་ཆུང་ངུ་ཞིག་བྱས་ན་འདང་ཨ་མི་འགྲོ་ཞེས་བཤད།

ང་རང་ལ་ཡང་གཉིས་ཡོད། སེམས་ཁྲལ་མ་བྱེད། བུ་མོ་གཞན་ཞིག་གིས་ཀྱང་རང་གི་དངུལ་དེ་ཡར་བླངས་ཤིང་མི་འདི་འདྲ་མང་པོས་ཟགས་ཊམ་སུམ་ཅུ་བསྡུ་ཐུབ་ངེས་རེད་ཅེས་བཤད།

དེ་མུར་མི་ཁ་ཤས་ཀྱིས་དང་ལེན་ཞུ་སོང་། དེ་ནས་དགའ་ཞེན་ཆེ་བའི་བུ་མོས་རང་གི་སློབ་གྲོགས་རྣམས་བོས་འགོ་ཚུགས། ཡ་མ་ལི་ཡ། ལུའུ་དབྱི་སི། ཡ་ཉི་ན། མི་རེས་ཟངས་ཊམ་རེ་ཁུར་ཤོག ད་དུང་སུ་ལ་དངུལ་ཡོད། ཚུར་སྤྲད་རོགས་ཀྱིས།

ཨོ། ངའི་སར་ཁ་ཤས་ཡོད།

མི་ཇེ་མང་ནས་ཇེ་མང་དུ་འདུས་ཤིང་སློབ་མ་མང་པོས་བསམ་བློ་གཏོང་ཁོམ་མེད་པར་རང་གི་མེ་ཏོག་དང་། སྦྲང་ཀ་ར། ཡང་ན་དཔེ་དེབ་ཉོ་སའི་དངུལ་རྩག་རྩིག་ཡར་བླངས་པ་རེད། བྱ་སྒྲོ་སྔོན་པོ་བཙུགས་ཡོད་པའི་བུ་མོས་དངུལ་རྣམས་གཅིག་བསྡུས་བྱས་ནས་སྐད་ཆེན་པོས་བརྒྱད། བཅུ། བཅོ་ལྔ་བཅས་རྩི་བཞིན་འདུག རེད་དེ་ད་དུང་བུ་ཆུང་གི་དགོས་པའི་གྲངས་ཀ་འདང་གི་མེད། དགེ་རྒན་འདྲ་བའི་བུད་མེད་ལོ་ཆུང་ཞིག་ཚུར་ཡོང་ནས་བཀོད་ལེགས་ཀྱི་དངུལ་ཁུག་ནས་དངུལ་ཊམ་ཞིག་ཡར་བླངས་པས་ཚང་མས་དགའ་སྤྲོའི་ཐལ་སྒྲ་སྒྲོག་པ་རེད། ཁྱོད་ཀྱིས་ཤེས་སམ། དངུལ་ཊམ་གཅིག་གི་རིན་ཐང་ནི་ཟངས་ཊམ་བཅུ་ཡིན་པ་རེད་ཨང་། ཚང་མ་ཧ་ཅང་དགའ་ནས་མོ་རང་ལ་བཀའ་དྲིན་ཆེ་ཞུས།

ད་དུང་ལྔ་འདང་གི་མི་འདུག སུ་ལ་ཡོད། ལྟོས་དང་། ལོ་རིམ་ལྔ་པའི་ཨ་ཅེ་ཚོ་བསླེབས་བྱུང་། ཁོ་ཚོར་ཡོད་ངེས་རེད། ཕྲུ་གུ་ཚོ་སེམས་ཤུགས་སྐྱེས་ནས་སྐད་ཆེན་པོས་འབོད་ཤགས་བྱས། ཏག་ཏག་བག་མཛེས་ཤིང་གཅེས་སུ་འོས་པའི་བུ་མོ་ཆེ་བ་ཚོ་བསླེབས་པ་དང་དེ་མ་ཐག་ཟངས་ཊམ་སུམ་ཅུ་སྡུད་ཐུབ་སོང་།

དུས་དེར། མི་ཚོགས་ད་དུང་ཆུ་འབྲུབ་པ་བཞིན་དེའི་ཕྱོགས་སུ་རྒྱུགས་བྱུང་། དུ་ཁུང་ཕྱགས་པའི་བུ་ཆུང་དེར་གོས་དང་སྨད་གཡོགས་གཙང་མ་གྱོན་ཞིང་ཞི་འཇམ་གྱི་དགོད་འཛུམ་མངོན་པའི་བུ་མོ་ཚོས་བསྐོར་བ་དང་། ངོ་གདོང་ཆུང་ཆུང་དམར་སིང་སིང་དུ་ཆགས་ཤིང་གསུབ་ཐབས་བྲལ་བའི་འཚེར་སྣང་ཞིག་ཤར་ཞིང་། བརྗོད་མི་ཚར་བའི་བཀའ་དྲིན་ཞིག་ཀྱང་མངོན་གྱིན་འདུག

ཟངས་ཊམ་སུམ་ཅུ་སྔར་ནས་འདང་ངེས་ཀྱང་དངུལ་ཊམ་ད་དུང་རྒྱུན་ཆད་མེད་པར་བསླེབས་བྱུང་། དངུལ་ཁུར་མེད་པའི་བུ་མོ་ཆུང་ཆུང་ཚོས་ཀྱང་གང་ཞིག་སྐྱེལ་འདོད་པ་ལྟར་མི་ཚོགས་གསེབ་ནས་འཛུལ་ཏེ་ཚོན་སྣ་ལྔ་ལྡན་གྱི་མེ་ཏོག་ཆུན་པོ་ཁོར་སྐྱེལ་བ་རེད།

ཁྱོད་རྣམ་པ་བཀའ་དྲིན་ཆེ། ཁྱོད་ཚོ་ཚང་མ་བཀའ་དྲིན་ཆེ། བུ་ཆུང་དགའ་ཐག་ཆོད་སོང་། ལྟོས་དང་། ཁོའི་ལག་པའི་ནང་དུ་བདེ་དྲོད་དང་བསུང་དྲི་བྲོ་བའི་དངུལ་ཁུར་འདུག་ལ། སྟོད་གོས་ཀྱི་ཁུག་མ་དང་ཞྭ་མོ་ཅས་སུ་མེ་ཏོག་གིས་གང་འདུག ད་དུང་མེ་ཏོག་གི་འདབ་མ་ཁ་ཤས་ཁོའི་རྐང་འགྲམ་དུ་ལྷུང་འདུག དུ་ཁུང་ཕྱགས་པའི་བུ་ཆུང་གིས་རང་ཉིད་ལམ་འགྲོ་འདི་ལྟར་རྒྱུག་པར་ཡིད་ཆེས་གཏན་ནས་བྱེད་མི་ཕོད་ཅིང་དགའ་སྤྲོའི་མིག་ཆུ་ཤོར་སོང་།

གྲོགས་པོ་བཟང་པོ་ཁ་ལུང་།

ང་རང་དང་ཁ་ལུང་མཉམ་དུ་བསྡད་པའི་དུས་ཚོད་ཇི་ཙམ་མང་ན་ཁོ་ཡང་དེ་ཙམ་གཅེས་འོས་པ་ཞིག་རེད། ཉིན་གཉིས་ཀྱི་གུང་གསེང་ལས་མེད་ཀྱང་ངས་ཁོ་རང་ཐུག་འདོད་ཆེན་པོ་སྐྱེས།

ཁ་ལུང་གི་ཨ་ཕ་ནི་མེ་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཡིན། ཨ་ཕའི་རྒྱུད་རྒྱུ་ཐོབ་ཡོད་པའི་རྐྱེན་དང་དེའི་ཁར་ནད་ཕོག་ནས་སློབ་གྲྭར་འགྲོ་རྒྱུ་ལོ་གཉིས་ཕྱིས་པས་ཁ་ལུང་ནི་འཛིན་གྲྭའི་ནང་གི་གཟུགས་ཆེས་མཐོ་བ་དང་། ལུས་ཤུགས་ཆེས་ཆེ་བའི་སློབ་མ་བུ་ཞིག་ཡིན། ཁོས་ལག་པ་ཅིག་གིས་ཙོག་ཙེ་ཞིག་བཏེགས་ཐུབ། སྐྱེ་ཤེད་མགྱོགས་པའི་རྐྱེན་གྱིས་ཡིན་ཚོད་རེད། ཁ་ལུང་གི་གོས་ཕལ་ཆེར་ལུས་པོར་མི་འཚམ་ཞིང་། ཞྭ་མོ་ཆུང་ཆུང་གིས་མགོ་ཆེན་རིལ་རིལ་པོ་དེར་ཐར་གྱིན་མེད། ཁོའི་ཕྱི་གོས་ཚང་མའི་གོས་སྲུབས་ཕྱིར་མངོན་ཞིང་ཀོ་ལྷམ་ཡང་ཧྲལ་ཧྲུལ་དུ་གྱུར་བ་དང་། སྐེ་བཅིངས་ཀྱང་ནམ་རྒྱུན་འཕུར་མཉེད་བྱས་ནས་རྒྱུན་བུ་གཅིག་ཏུ་གྱུར་འདུག འདི་འདྲའི་དགོད་བྲོ་བའི་ཆས་གོས་ཀྱིས་མི་རྣམས་དགོད་ངར་ལངས་སུ་བཅུག ཁོ་རང་མི་ཁེངས་སྐྱུངས་ལྡན་པ་ཞིག་ཡིན་ཞིང་མི་གཞན་དག་གིས་ཁོར་ཅི་ཞིག་དགོས་ཟེར་ན་ཁོས་ཕངས་སེམས་མེད་པར་ཡར་བླངས་ནས་ཚང་མར་བགོས་པས་ཀུན་གྱིས་ཁོར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། རེད་དེ་ཁེངས་དྲེགས་ཆེ་བ་ཁ་ཤས་ཀྱིས་ཁོར་ཧ་ཅང་མི་དགའ་བ་རེད། རྒྱུ་མཚན་ནི་ཁ་ལུང་ནི་མི་དྲང་བདེན་རྟུལ་ཕོད་ཅན་ཞིག་ཡིན་པས་སློབ་གྲོགས་རྣམས་གཅེས་སྐྱོང་བྱེད་པས་མ་ཚད་ཧམ་སྤྱོད་བདེན་མེད་ཀྱི་བྱ་སྤྱོད་དེ་དག་ལ་གཏན་ནས་མི་སྐྲག་པས་རེད། ག་དུས་ཡིན་ནའང་ཁོ་རང་ནུས་ཞན་ཚོའི་སྲུང་སྐྱོབ་ལྷ་ཞིག་བྱེད་འདོད་ཡོད་ཅིང་མིར་ཐུབ་ཚོད་གཏོང་བའི་ངན་པ་རྣམས་ལ་བྱ་ངན་བསྒྲུབ་རྒྱུའི་གོ་སྐབས་སྟེར་ཡེ་མེད་པ་རེད།

ཁ་ལུང་གི་རྩིས་རིག་སྦྱངས་འབྲས་ཧ་ཅང་ཡག་ཅིང་། སློབ་ཁྲིད་བྱེད་པའི་དུས་སུ། ཁོ་རང་ཧ་ཅང་ནན་ཏན་ཆེ་ཞིང་སྐད་ཆ་གང་མོས་ཅིས་ཀྱང་མི་ཤོད་པས་མ་ཚད་སློབ་ཁྲིད་ཁང་དུ་སྐད་ཆེན་པོས་གད་མོ་ཡང་མི་དགོད་པ་རེད། ཁོའི་ལུས་པོ་དེ་ལྟ་བུ་ཞིག་ལ་མཚོན་ན་གུ་དོག་པའི་འདུག་ས་ནི་བཙོན་གཟེབ་ཅིག་དང་འདྲ་མོད། ཡིན་ན་ཡང་ཁོ་རང་འགུལ་ཙམ་ཡང་མི་བྱས་ཤིང་མདའ་ལྟར་དྲང་པོར་བསྲང་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་རེད། ང་རང་ཁོམ་སྐབས་ཡོད་དུས་ཁོ་རང་ལྟ་རུ་ཕྱིན་པའི་ཚེ་ཁོས་མིག་ཟུམ་ཟུམ་བྱས་ནས་དགོད་རྐྱང་བྱེད་ཅིང་། ཝེ། ཨན་ལི་ཁའོ། སློབ་ཁྲིད་ནན་ཏན་གྱིས་ཉོན་ཞིག་ཅེས་བཤད་པ་དང་མཚུངས།

སློབ་གྲོགས་ཚང་མ་དང་འདྲ་བར་ཁ་ལུང་ལ་ཡང་རང་ཉིད་ལ་དབང་བའི་ནོར་བུ་མཆོག་གྱུར་ཞིག་ཡོད་ལ་ཉིན་རྟག་པར་དགའ་དྲགས་ནས་འཇོག་མི་འདོད་པ་རེད། ཁོའི་ནོར་བུ་མཆོག་གྱུར་དེ་ཧ་ཅང་དམིགས་བསལ་ཅན་ཞིག་ཡིན། དེ་ནི་ལག་ཡུའི་ཐོག་ཏུ་མུ་ཏིག་གི་ཕྲ་བཀོད་པའི་ཤོག་གྲི་ཆེན་པོ་དེ་ཡིན་ལ། ཁོས་ཕྱི་རོལ་དུ་རྙེད་པ་དང་། ཉིན་ཞིག་ཤོག་གྲི་འདིས་ཧ་ལམ་མིན་ན་ཁོའི་མཛུབ་མོ་བཅད་པ་རེད། ཡིན་ན་ཡང་ཁོས་མི་རྣམས་ལ་སེམས་ཁྲལ་མི་སྟེར་བའི་ཆེད་དུ་རང་ཉིད་རྐྱང་པས་རྨ་ཁ་དཀྲིས་ནས་འཁོན་སྒྲ་ཅིག་ཀྱང་མི་གྲག་པ་རེད།

ཁ་ལུང་བྱམས་སེམས་ཆེ་ཞིང་དྲང་བདེན་ཅན་ཞིག་ཡིན། ང་ཚོས་དུས་རྒྱུན་མཉམ་དུ་ཀུ་རེ་སྣ་ཚོགས་བྱེད་ཀྱང་ཕན་ཚུན་རྩོད་གླེང་གཏན་ནས་མི་བྱེད། རེད་དེ་གལ་སྲིད་མི་ཞིག་གིས་ཁོར་ཁྱོད་ཀྱིས་རྫུན་བཤད་པ་རེད་ཅེས་བཤད་ཕོད་ན་དེ་ནས་ཇུས་ཉེས་སོང་བ་རེད། ཁོས་རང་ཉིད་ཀྱི་སྙན་གྲགས་ལ་དོ་གཟབ་ཆེན་པོ་བྱེད་ཅིང་ཞེ་སྡང་སྐྱེ་བའི་ཞོར་དུ་ཁོང་ཁྲོ་མེ་ལྟར་འབར་བས་ཁུར་ཚུར་ཆེན་པོ་དབྱུགས་ནས་བཤར་སྲིད་ལ། རྐུབ་སྟེགས་བཅག་ཀྱང་སྲིད། རེད་དེ་གནས་ཚུལ་འདི་འདྲ་འབྱུང་ཧ་ཅང་དཀའ་ཞིང་ང་ཚོས་ཁོ་ནི་དྲང་བདེན་བློས་འཁེལ་རུང་བའི་མི་ཞིག་ཡིན་པ་ཡིད་ཆེས་ཡོད་ཅིང་ཁོས་རྫུན་གཏན་ནས་བཤད་མི་སྲིད།

གཟའ་སྤེན་པའི་སྔ་དྲོར། ཁ་ལུང་གིས་ལོ་རིམ་གཉིས་པའི་སློབ་མ་ཞིག་གིས་དངུལ་བོར་ནས་ཁྲོམ་ལམ་དུ་ལངས་ནས་ངུ་བཞིན་ཡོད་པ་མཐོང་བས་ཚམ་ཚོམ་མེད་པར་རང་གི་རྩིག་དངུལ་ཁོར་སྦྱིན་པ་རེད། ཨ་མའི་འཁྲུངས་སྐར་གྱི་ཉིན་མོའི་དུས་སུ། ཁ་ལུང་གི་ཉིན་གསུམ་གྱི་དུས་ཚོད་སྤྱད་ནས་ཤོག་གྲངས་བརྒྱད་ཡོད་པའི་འཕྲིན་ཡིག་ཅིག་བྲིས་ནས་རང་གི་བཀའ་དྲིན་དང་སྨོན་འདུན་མཚོན་པ་རེད། ཁྱོད་ཀྱིས་ཡིད་ཆེས་སམ། འཕྲིན་ཤོག་རེ་རེའི་ཕྱོགས་བཞི་ཀར་ཁོས་སྤུས་ལེགས་ཀྱི་མཐའ་ཤན་སྤྲས་པ་རེད།

དགེ་རྒན་གྱིས་ཁ་ལུང་ཧ་ཅང་དགའ་ཞིང་། ཁོའི་འགྲམ་དུ་འགྲོ་ཐེངས་རེར་ལྟག་རྒྱབ་ལ་བྱམས་བརྩེ་ཆེན་པོས་རྡེག་ཙམ་བྱས་ཤིང་ཆེས་དགའ་བའི་བུ་ཕྲུག་ཅིག་ལ་ཁ་ཡ་བྱེད་པ་དང་ཀུན་ནས་མཚུངས། ང་རང་ལ་མཚོན་ན་ཁ་ལུང་ལ་དགའ་བར་ཕུད་ད་དུང་ཁོ་དང་བྲལ་ཐབས་མེད་པ་རེད། ཁ་ལུང་ལ་ཞི་འཇམ་གཤིས་བཟང་ཞིག་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅིང་། རིན་དོད་གང་ལའང་མི་འཛེམས་པར་གྲོགས་པོ་ལ་རོགས་རམ་བྱེད་སྲིད་པས་ངས་དུས་ནམ་ཡང་ཁོ་ལ་དགའ་ཞེན་བྱེད་རིན་ཡོད་པ་ཡིན།

མུ་མཐུད་དུ་འགོད་རྒྱུ།


རྩོམ་ཡིག་རྗེས་མ།
2018ལོའི་དེབ་3པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1