མུན་ནག་ཁྲོད་ཀྱི་ངུ་སྐད།

བོད་རྩེ་རྒྱལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


དགོང་མོ་དེར་མི་རྐྱང་ནོར་བུས་དུས་རྒྱུན་དང་འདྲ་བར་ཨ་རག་རྔམ་འཐུང་བྱས། ཁོ་ལ་མཚོན་ན། ཨ་རག་ནི་ཁོ་ལ་རོགས་རམ་བྱེད་མཁན་གཅིག་པུ་དེ་ཡིན། ཆུང་མ་ཤི་རྗེས། ཁོ་ལ་དམིགས་ཡུལ་མེད་པར་གྱུར་ནས་ནམ་རྒྱུན་ཨ་རག་སྨྱོ་འཐུང་བྱེད་ཀྱིན་ཡོད། ཁོས་ཨ་རག་སྨྱོ་འཐུང་བྱས་པས་གཉེན་ཉེ་དང་གྲོགས་པོ་དག་ཀྱང་རྒྱང་ནས་རྒྱང་དུ་གྱེས་སོང་།

ད་ལྟ་ཁོ་ལ་ཡོད་པའི་གྲོགས་པོ་ནི་ཆང་དེམ་སྣ་ཚོགས་དང་། ཁོ་ལ་ཡོད་པའི་ཁྱིམ་མི་གཅིག་པུ་ནི་ཉལ་སྟན་ཁུག་གི་སྐྱག་པའི་སྟེང་ན་འགྲེ་ལོག་བརྒྱབ་སྟེ་ངུ་ངག་འདོན་གྱིན་པའི་བྱིས་པ་རློན་ནག༼ཡུལ་སྐད་དེ།བྱིས་པ་དམར་འབྱར་ལ་གོ༽དེ་ཡིན། ཁོས་ཆང་འཐུང་ཞོར་བྱིས་པ་རློན་ནག་དེར་སྡང་མིག་བསྒྲད་དེ་ཁ་ནང་དུ་གང་ཡོང་གི་དམོད་མོ་བཏོན།

 མི་རྐྱང་ནོར་བུས་བྱིས་པ་རློན་ནག་དེར་བལྟས་ཀྱིན་བལྟས་ཀྱིན་ཁོང་ཁྲོ་ལང་འོངས་བས། ཁོས་ལས་དབང་བཙན་པོ་ལ་བྱེད་མི་ཐུབ་པའི་སྦྱོར་བ་ནག་པོ་ཞིག་བྱིས་པ་རློན་ནག་དེའི་སྟེང་དུ་ཚད་མགོ་བརྩམས། ཁོ་འཁྱལ་འཁྱོལ་གྱིས་ཡར་ལངས་ཏེ་ཆང་དེམ་སྟོང་བ་དེ་ཤེད་ཀྱིས་ཐང་དུ་བརྡབས་པས། ཤེལ་དེམ་ལས་ཆོམ་སྒྲ་རྣ་ལ་གཟན་པ་ཞིག་བྱུང་བ་དང་མཉམ་པོར་ཆག་རོ་ཕྱོགས་བཞིར་མཆོད་པས། བྱིས་པ་རློན་ནག་དེའི་ངུ་སྐད་དེ་ལས་ཀྱང་ཇེ་ཆེར་ཕྱིན་ཞིང་རྡོ་ཁང་ཆུང་ཆུང་དེ་བརྟོལ་ནས་ཕྱི་རོལ་ཡུལ་དུ་ཁྱབ། ཁོ་ཕར་སོང་ནས་བྱིས་པ་རློན་ནག་དེ་ཉལ་སྟན་ཁུག་ཏུ་གཅུད་རྗེས་མཆན་འོག་ཏུ་བརྫངས་ནས་སྨག་ནག་པའི་ཕྱི་རོལ་གྱི་མུན་དོང་དུ་བརྒྱུགས་སོང་།

ཕྱོགས་གཅིག་ན་མི་རྐྱང་ནོས་བུས་བྱིས་པ་རློན་ནག་དེ་གང་ཞིག་ཏུ་འདོར་བའི་འཆར་གཞི་འགོད་ཀྱིན་ཡོད་དུས། ཕྱོགས་གཞན་ཞིག་ན་བཟའ་ཚང་གཉིས་ལ་བྱིས་པ་མེད་པར་སེམས་སྡུག་བྱུང་ནས་ནམ་ཟླ་སུན་གཅོང་གིས་སྐྱེལ་གྱིན་ཡོད།

འདས་པར་ཕྱིར་འདང་ཞིག་བརྒྱབ་ན། བཟའ་ཚང་གཉིས་ཀྱིས་བྱིས་པ་ཞིག་ཆགས་ཆེད་སྨན་ཁང་ཆེ་ཆུང་མང་པོར་སོང་ཞིང་སྨན་སྣ་འདྲ་མིན་སྣ་ཚོགས་འཐུང་ཡང་། མཐར་ཕན་པ་ཅིའང་མ་བྱུང་བར་རེ་ཐག་ཡང་ནས་ཡང་དུ་ཆད་དགོས་བྱུང་། བཟའ་ཚང་གཉིས་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱས་པའི་འབྲས་བུ་ནི། ཁོ་གཉིས་ལ་བྱིས་པ་སྐྱེ་རྒྱུའི་ཆ་རྐྱེན་མི་ལྡན། གལ་ཏེ་བརྟག་དཔྱད་བྱས་པའི་འབྲས་བུ་དེ་ལྟར་མིན་ཚེ། ཁོ་གཉིས་སྔོན་མ་ནས་འདི་ལྟར་གྲོས་བྱས་ཡོད། གལ་ཏེ། རྒད་པོ་ལ་བྱིས་པ་སྐྱེ་རྒྱུའི་ཆ་རྐྱེན་མི་ལྡན་ན། ཆུང་མས་སྐྱེས་པ་གཞན་ཞིག་གི་ས་ནས་མངལ་ཆགས་རྒྱུའི་གྲ་སྒྲིག་དང་། ཡང་གལ་ཏེ་ཆུང་མ་ལ་བྱིས་པ་སྐྱེ་རྒྱུའི་ཆ་རྐྱེན་མི་ལྡན་ཚེ། རྒད་པོས་བུད་མེད་གཞན་ཞིག་བཙལ་ནས་བྱིས་པ་ཞིག་བསྐྲུན་རྒྱུའི་གྲ་སྒྲིག་བྱ་རྩིས་ཡོད།

འོན་ཀྱང་། བརྟག་དཔྱད་བྱས་པའི་མཇུག་འབྲས་དེས་ཁོ་གཉིས་ཡང་བསྐྱར་སེམས་སྡུག་ཏུ་བཙུད། ཁོ་གཉིས་ཀྱི་ཚོར་བ་ཞིག་ལ། ཁྱིམ་ཚང་འདིར་བྱིས་པ་ཞིག་ཡོད་ཚེ་ད་གཟོད་ཆ་ཚང་བའི་ཁྱིམ་ཚང་ཞིག་ཏུ་འགྱུར་སྲིད། དེའི་ཕྱིར་ན། ཁོ་གཉིས་ཀྱིས་ཡང་བསྐྱར་གྲོས་བྱས་ཏེ་བྱིས་པ་ཞིག་གཉོར་སྐྱོང་བྱ་རྒྱུ་བྱས། ཡིན་ནའང་། ཁོ་གཉིས་ཀྱི་བསམ་པར་བདག་པོ་མེད་པའི་བྱིས་པ་ཞིག་རྙེད་སྲིད་དམ་སྙམ། ཁོ་གཉིས་ཀྱི་ཐེ་ཚོམ་གྱི་སེམས་ཚོར་དེ་མི་རྐྱང་ནོར་བུའི་སེམས་ཚོར་དང་འདྲ་བར། བླང་དོར་གཉིས་ཀྱི་ཕྱོགས་ལ་རེ་ཐག་ཆད་དེ་ཡོད།

ཏག་ཏག་དགོང་མོ་དེར། མི་རྐྱང་ནོར་བུས་བྱིས་པ་རློན་ནག་དེ་མཆན་འོག་ཏུ་བཙུད་དེ་སྨྱོས་པ་ལྟར་མུན་ནག་ཁྲོད་ནས་ཡར་རྒྱུག་མར་རྒྱུག་བྱས་བྱས་མཐར། བྱིས་པ་རློན་ནག་དེ་མུན་ནག་གི་གྲུ་ག་གང་ཞིག་ཏུ་འཕངས་ཏེ་བརྒྱུགས་སོང་།

སྐབས་དེར་ཁོ་གཉིས་མལ་དུ་ཉལ་ནས་རྨི་ལམ་ཡང་རྨི་བཞིན་པའི་དུས་ཤིག་ཡིན། ཁོ་གཉིས་ཀྱི་རྣ་ལམ་དུ་ཐག་རིང་ཐག་རིང་ཞིག་ནས་བྱིས་པ་ཞིག་ངུ་བཞིན་པ་ཐོས། དེ་ནས་ངུ་སྐད་དེ་ཇེ་ཆེ་ནས་ཇེ་ཆེར་གྱུར་བས་ཁོ་གཉིས་གཉིད་ལས་སད། བཟའ་ཟླ་གཉིས་ཀྱིས་ཕན་ཚུན་ལ་རང་གིས་ཅི་ཞིག་རྨིས་པ་བཤད་མ་ཐག བྱིས་པའི་ངུ་སྐད་དེ་ཡང་བསྐྱར་ཕྱི་རོལ་ནས་ནང་དུ་གྲག་འོང་བས། ཁོ་གཉིས་ཅུང་ཙམ་སྐྲག་ལ་ཡང་ཅུང་ཙམ་ཡ་མཚར་སྐྱེས་ནས་ཕྱི་རོལ་དུ་བརྒྱུགས།

ཁོ་གཉིས་ཀྱིས་ར་སྒོ་རུ་འཕངས་པའི་བྱིས་པ་རློན་ནག་དེ་ཁྱིམ་དུ་བཟུང་ནས་བལྟས། བྱིས་པ་རློན་ནག་དེའི་རྐང་ལག་བཞི་བོ་སྐྱག་པས་ཤན་ནས་རྫིང་དྲི་ཤུར་ཤུར་སྣ་ནང་དུ་འཛུལ་འོང་། ཁོ་གཉིས་མིག་མདུན་གྱི་བྱིས་པ་རློན་ནག་དེ་ལ་ཅེར་ནས་ཅུང་ཙམ་ཧད་སོང་། དུས་དེར། བྱིས་པ་རློན་ནག་དེས་ངུ་སྐད་བརྒྱབ་ནས་ཁོ་གཉིས་སད་དུ་བཅུག་པས། ཁོ་གཉིས་ཀྱིས་ད་གཟོད་བྱིས་པ་དེ་མཐོང་བ་ལྟར་ཁང་ཆུང་དེ་ནས་བྲེལ་བ་བརྒྱབ།

རྒད་པོས་མེ་བུས་ཏེ་ཆུ་ཁོལ་བསྐོལ་ཞིང་ཆུང་མས་འཁྲུད་རས་ཀྱིས་བྱིས་པ་རློན་ནག་དེའི་ལུས་སྟེང་གི་གཅིན་སྐྱག་ག་ལེར་ཕྱིས། རྒད་པོ་ཁང་ཆུང་ནས་ཕར་ཚུར་སོང་ཞིང་གཡས་གཡོན་དུ་ཅི་ཞིག་བཙལ་འཚོལ་བྱས། རྒན་མོས་སྔོན་མ་ནས་གྲ་སྒྲིག་བྱས་ཟིན་པའི་འོ་ཕྱེ་ཆུ་ཁོལ་ནང་དུ་བསྲེས་ཤིང་ཕུ་བཏབ་སྟེ་བྱིས་པ་རློན་ནག་དེར་འཐུང་དུ་བཅུག དེ་ནས་ཡར་ལངས་ནས་ཕར་སོང་ལ། ཡང་ཚུར་འོངས་ནས་བྱིས་པའི་འགྲམ་དུ་བསྡད། ཡང་བྱིས་པ་པང་དུ་བཟུང་ནས་གཟབ་ནན་གྱིས་བལྟས། བྱ་བ་དེ་དག་བསྒྲུབས་པའི་གོ་རིམ་ནང་། ཁོ་གཉིས་འཕྲུལ་ཆས་ལྟར་བསམ་བློ་གཏོང་མི་ཤེས་པར་རྐང་ལག་གིས་ཅི་བྱས་ན་སེམས་པ་ཡང་དེའི་རྗེས་སུ་རྒྱུག་དགོས་བྱུང་།

རིམ་བཞིན་བྱིས་པ་རློན་ནག་དེ་གཉིད་དུ་ཡུར་བ་དང་བསྟུན་ནས། ཁོ་གཉིས་ཀྱང་དལ་གྱིས་ལྷོད་ལ་བབས་པས། བྱིས་པ་དེའི་འབྱུང་ཁུངས་ལ་བསམ་བློ་གཏོང་དགོས་བྱུང་། ཁོ་གཉིས་ཀྱིས་བསམ་བློ་ཡར་མར་བཏང་བཏང་མཐར། བྱིས་པ་དེ་དཀོན་མཆོག་གསུམ་གྱིས་ཁོ་གཉིས་ལ་གནང་བ་ལས་གཞན་རྒྱུ་མཚན་ཅིའང་མི་རྙེད་པར་གྱུར་བས། ཉིན་དེ་ནས་བཟུང་། ཁོ་གཉིས་ལ་དཀོན་མཆོག་གསུམ་གྱིས་གནང་བའི་བྱིས་པ་དེའི་མིང་ལ་དཀོན་མཆོག་སྐྱིད་ཅེས་བཏགས་ཤིང་བཟའ་ཟླ་གཉིས་དགོང་མོ་མལ་དུ་ཡང་གཉིད་མི་བྲ་བར་བྱིས་པ་དེ་ལ་གཅེས་སྐྱོང་བྱས།

དཀོན་མཆོག་སྐྱིད་ཀྱི་བྱིས་དུས་ནི་བྱིས་པ་གཞན་དང་འདྲ་བར་ཕ་མའི་གཅེས་སྐྱོང་དང་རྩེད་མོའི་ཁྲོད་ནས་འདས། གལ་ཏེ། བྱིས་པ་གཞན་དང་མི་འདྲ་བའི་གནས་ཤིག་འཚོལ་དགོས་ཚེ། དེ་ནི་ཁོ་མོའི་སྐྱེས་གཟུགས་མཛེས་མོ་དང་གླུ་སྐད་སྙན་མོ་དེ་གཉིས་ལོས་ཡིན། ནམ་རྒྱུན་མི་ཀུན་གྱིས་རྩེད་མོ་དང་ངོ་མའི་ཚུལ་གྱིས། བྱིས་པ་འདི་དཀོན་མཆོག་གསུམ་གྱིས་གནང་བ་ཡིན་ཁོ་ཐག་རེད། ཡག་མོ་སྒོ་འཛོམས་པའི་ཐོག་ཏུ་གླུ་སྐད་ཀྱང་དེ་འདྲ་སྙན་པོ་འདུག་ཅེས་ཀུ་རེ་བྱེད།

ཁོ་མོའི་མི་ཚེ་ཁྲོད་ཀྱི་བྱིས་དུས་ནི་ཆེས་བདེ་སྐྱིད་ལྡན་པའི་དུས་སྐབས་ཤིག་ཡིན་ཞེས་བཤད་ཀྱང་ཚད་ལས་བརྒལ་མེད། རྒྱུ་མཚན་ཁོ་མོ་ནར་སོན་གྱིན་སོན་གྱིན་བར་ཆད་དང་དཀའ་སྡུག་གི་ལོ་ཟླ་ཇེ་མང་ནས་ཇེ་མང་དུ་སོང་། སློབ་ཆུང་མཐར་ཕྱིན་དུས། ཁོ་མོ་སྐྱོང་མཁན་གྱི་ཨ་ཕར་ནད་ངན་ཞིག་བྱུང་ནས་ཕྱི་མར་ཆས་སོང་བས། ཁོ་མོ་མུ་མཐུད་དུ་སློབ་གྲྭར་འགྲོ་མ་ཐུབ་ཅིང་ཁྱིམ་ཚང་གི་མ་རྒན་ལ་གཡོག་བྱེད་པའི་ལས་འགན་ཕྲག་ཏུ་ལེན་དགོས་བྱུང་།

ཁྱིམ་ཚང་སྐྱོང་བའི་ཆེད་དུ། མོ་ལོ་བཅུ་དྲུག་ལ་སོན་པའི་དཀོན་མཆོག་སྐྱིད་ཀྱིས་གླུ་ཁང་ཞིག་ནས་བྱ་བ་བཙལ་བས། རྐྱེན་ངན་པ་མ་བྱུང་ན་ཁོ་མོ་དང་ཁོ་མོ་གསོ་མཁན་གྱི་ཨ་མ་གཉིས་ལ་འཚོ་བའི་དཀའ་ངལ་ཅིའང་མེད། འོན་ཀྱང་། སྐད་ཆ་ཕྱིར་བསྐོར་ནས་བཤད་ན། སྐབས་ལན་རེར་ཡག་མོ་སྒོ་འཛོམས་པ་དེ་རྐྱེན་ངན་ཞིག་ཡིན། ཁོ་མོས་གླུ་གར་ཁང་ནས་བྱ་བ་སྒྲུབ་པའི་རིང་ལ། མགྲོན་པོ་དང་ལས་མི་མང་པོས་ཁོ་མོར་ཡིན་མིན་གྱི་སྦྱོར་བ་བྱ་མགོ་བརྩམས་ཀྱང་། ཁོ་མོས་བློ་ཐབས་སྣ་ཚོགས་ལ་བརྟེན་ནས་ཐར་ཐབས་བྱས། ཁོ་མོ་གསོ་མཁན་གྱི་ཨ་མས་ཁོ་མོའི་གདོང་གི་སྐྱོ་ཉམས་ཉིན་རེ་བཞིན་མང་དུ་ཕྱིན་གྱིན་པ་མཐོང་ནས་ཁོ་མོར་དེ་ལས་འབུད་དགོས་པའི་བསྐུལ་མ་བྱས་ཀྱང་། ཁོ་མོས་དགོད་ཞོར་དུ་སྐྱོན་མེད། ང་རང་བདེ་མོ་འཚམ་པོ་ཡིན་ཞེས་བཤད།

ཡིན་ནའང་། མི་ཚེ་ཟེར་བ་འདིར་ཁ་ལས་དར་ཟེར་བ་ཞིག་ཡོད་ན། མི་ཚེ་འདིར་ཁ་ལས་རྒུད་ཟེར་བའི་དོན་ངན་ཞིག་ཀྱང་ཡོད། ཉིན་དེར། དཀོན་མཆོག་སྐྱིད་ཡོད་སའི་གླུ་ཁང་དུ་བོད་ཡུལ་ན་སྐད་གྲགས་ཡོད་པའི་གླུ་པ་ཞིག་ཐོན། ཁོ་མོ་གླུ་པ་དེར་དད་གུས་ཤིན་ཏུ་ཆེ་བས་ཁོའི་འགྲམ་དུ་ཕྱིན་ནས་འཚམས་འདྲི་ཞུས། གླུ་པ་དེས་ཁོ་མོ་མཐོང་མ་ཐག ཁོ་མོའི་ཡག་མོ་སྒོས་ཡིད་དབང་བཀུག འོན་ཀྱང་། རིམ་བཞིན་གླུ་པ་དེའི་ཁོག་ལ་སྦྱོར་བ་ནག་པོ་ཞིག་དྲན།

མགྲོན་པོ་ཡོད་ཚད་ཕེབས་ཟིན་པའི་གླུ་ཁང་ནས། གླུ་པ་དང་དཀོན་མཆོག་སྐྱིད་ཀྱི་སྦྱིན་བདག ད་དུང་ཁོ་མོའི་ལས་གྲོགས་དང་ཁོ་མོ་བཅས་གླུ་གར་ལ་རོལ་ནས་ཡུན་རིང་ཞིག་འགོར། མཇུག་མཐར་གླུ་པ་དེས་ལྦུ་ཆང་ཤེལ་དམ་གཉིས་བཟུང་ནས་གཅིག་ཁོ་མོར་གཏད་ཅིང་གཅིག་ཁོ་རང་གི་སྐལ་དུ་འཁྱེར་སྟེ་གཙང་བཞེས་བྱེད་དགོས་པའི་རེ་བ་བཏོན། ནམ་རྒྱུན་ཡིན་ན། ཁོ་མོས་ཆང་བཏུང་མ་མྱོང་ལ་ཆང་འཐུང་ཡང་མི་ཤེས་མོད། དགོང་མོ་དེར་གླུ་པ་དེའི་ཁ་ངོ་གཅོག་མ་ནུས་པར་གཅིན་དང་མཚུངས་པའི་ལྦུ་ཆང་ཤེལ་དམ་གང་དེ་མ་ཁད་གཙང་བཞེས་བྱས་པས་ཁོ་མོའི་མིག་ལམ་མྱུར་གྱིས་རབ་རིབ་ཏུ་གྱུར་ཞིང་རིག་པ་ནག་ཐོམ་མེར་བུད་སོང་།

ཕྱིར་ཉིན་ཁོ་མོ་གཉིད་ལས་སད་དུས། མགྲོན་ཁང་ཞིག་གི་མལ་ཁྲིའི་སྟེང་ན་གཅེར་བུར་ལུས་ནས་ཡོད། ཁོ་མོ་འཚབ་འཚུབ་ཀྱིས་ལངས་ཏེ་གོས་གོན་པར་རྩོམ་དུས། ཞབས་ལ་ཚ་གཟེར་རྒྱུ། ཁོ་མོས་ལག་པ་ཞབས་སུ་འཁྱེར་ནས་མདུན་དུ་བླངས་པ་ན།ལག་པའི་ངོས་སུ་ཁྲག་ཆུ་འདྲེས་མས་ཤན། དེ་ནས་མལ་ཁྲི་རུ་བལྟས་པས་མལ་སྟན་དཀར་བོ་དེ་ཁྲག་གིས་ཤན་ནས་ལྟ་མི་བསམ་པ་ཞིག་བྱས་ཡོད།

ཁོ་མོས་ད་དུང་ཡང་ཅི་བྱུང་མ་གོ སེམས་སུ་ཟླ་མཚན་ཡོང་བ་ཡིན་ནམ། རེད་དེ། རང་གི་གོས་ཇི་ལྟར་ཕུད་པ་ཡང་མ་དྲན་ཞིང་མགོ་བོ་ལས་ཟུག་གཟེར་དུམ་དུམ་དུ་རྒྱུ། དེ་ལྟར་ཡར་མར་བསམ་བློ་མང་པོ་ཞིག་བཏང་རྗེས། ཁོ་མོས་གཞི་ནས་རང་གིས་སུ་ལའང་སྟེར་མ་མྱོང་བའི་མེ་ཏོག་དེ་མི་ངན་གང་ཞིག་གིས་ཕྲོགས་སོང་བ་ཤེས།

ནམ་རྒྱུན་ཀུན་གྱིས་ལྐོག་ནས་བཤད་ཀྱིན་པའི་སྐད་ཆ་དེ་དག་མཐར་མངོན་སུམ་ཁྲོད་ཀྱི་མེད་ཐབས་བྲལ་བའི་གླེང་གཞི་རུ་གྱུར་འགྲོ་བ་ནི་འཚོ་བའི་ཆོས་ཉིད་ཙམ་ཡིན།  ཉིན་མང་པོ་ཞིག་ལ། དཀོན་མཆོག་སྐྱིད་ངོ་ཚ་དང་གདུང་བས་མནར་ནས་མགོ་ཡང་བཀྱག་མི་ཕོད་པར་གྱུར། གླུ་པ་དེས་དཀོན་མཆོག་སྐྱིད་ཀྱི་མེ་ཏོག་འཕྲོག་པའི་ཐོག ཁོ་མོ་གཅེར་བུར་ཉལ་ཡོད་པ་བརྙན་ཐུང་དུ་བླངས་ནས་སྦྱིན་བདག་གི་ལག་ཏུ་སྤྲད། དུས་དེ་ནས་བཟུང་། སྦྱིན་བདག་གིས་དཀོན་མཆོག་སྐྱིད་ཀྱི་ལང་ཚོ་ལ་རོལ་ཅི་ཐུབ་བྱས་ཤིང་། བརྙན་ཐུང་དེ་ཡི་འཇིགས་སྐུལ་འོག སྦྱིན་བདག་གི་སྤོབས་པ་དེ་ལས་ཇེ་ཆེར་ཕྱིན་ཞིང་དཀོན་མཆོག་སྐྱིད་རང་གི་འབྲེལ་བ་འཛུགས་བྱེད་ཀྱི་ལག་ཆ་རུ་འཁྱེར་ནས། དཔོན་པོ་དང་ཚོང་བདག་སྣ་ཚོགས་ལ་དཀོན་མཆོག་སྐྱིད་ཀྱི་ལུས་པོ་རིན་མེད་ངང་རོལ་དུ་བཅུག

དཀོན་མཆོག་སྐྱིད་ཀྱིས་རང་སྲོག་གཅད་རྩིས་བྱས་མོད། ཁོ་མོ་སྐྱོང་མཁན་གྱི་ཨ་མ་ཉིན་རེ་བཞིན་རྒས་ཤིང་ནད་ངན་གྱིས་ཀྱང་མནར་གཅོད་བྱས་ཏེ་ཡོང་བས།སེམས་སུ་ཤ་ཚ་ནས་རང་གཅིག་པུས་དཀའ་སྡུག་མང་པོ་ཁོག་ཏུ་སྦས།

ཉིན་ཞིག སྦྱིན་བདག་གིས་ཁོ་མོ་ཕྱི་ལ་བདས། ཁ་གཡར་ས་ནི། སྨད་ཚོང་མ་ཞིག་ཁོའི་དྲང་བདེན་གྱིས་གཉེར་བའི་གླུ་གར་ཁང་དུ་དགོས་དོན་མེད་ཅེས་པ་དེ་རེད། འོན་ཀྱང་། དོན་དངོས་ནི། བུད་མེད་མང་པོས་དཀོན་མཆོག་སྐྱིད་རང་གི་ལག་ཆར་འཁྱེར་ནས་ཁོ་ཚོའི་བཟའ་ཟླ་དང་ཉལ་དུ་བཅུག་པ་གོ་ནས། ལས་ཁང་མང་པོར་ཞུ་གཏུག་བྱེད་ཀྱིན་པ་རྟོགས་ཏེ་ཁོ་མོ་བདས་པ་རེད། ཁོ་རང་གི་སྐད་ཆ་ལྟར་བཤད་ན། ཆུ་མ་ཡོང་གོང་གི་ཆུ་རགས་དང་རླུང་མ་ཡོང་གོང་གི་རླུང་རགས་ལས་པ་ཙམ་རེད།

འཇིག་རྟེན་འདིར་མི་ངན་འགའ་རེ་ལ་ལས་རྒྱུ་འབྲས་ཀྱིས་སྐྱིན་པ་ཞིག་མ་བླངས་ན། གཞན་ཁྲིམས་ཀྱིས་ལེན་ཟེར་ན་དཀའ་མོ་རེད། དཀོན་མཆོག་སྐྱིད་སྦྱིན་བདག་གི་རྩེད་ཆས་སུ་བཀོལ་བཀོལ་ནས། མཐར་སྙིགས་ཟོམ་དུ་དོར་བ་ལྟར་ཕྱི་ལ་བདས་ཀྱང་། མི་གཅིག་གིས་ཀྱང་སྦྱིན་བདག་གི་བྱེད་སྟངས་ལ་རྒོལ་བ་མི་བྱེད་པར། ལྡོག་སྟེ་དཀོན་མཆོག་སྐྱིད་ལ་སྨད་ཚོང་མའམ་མགོ་ཡང་མའི་མཚང་མིང་བཏགས་ཏེ་གང་སར་བསྒྲགས།

སྐབས་འགའ་རེར། ཞབས་བཙོང་ནས་སྒོར་མོ་བཙལ་བ་ནི་བུད་མེད་མང་པོ་འཚོ་བས་མནར་ནས་འགྲོ་ས་དང་འདུག་ས་མེད་པའི་རྐྱེན་གྱིས་ཡིན། དཀོན་མཆོག་སྐྱིད་ལ་སེམས་པ་བཟང་བོ་ཞིག་ཡོད་ཅིང་རང་སྐྱོང་མཁན་གྱི་ཨ་མ་ལ་ཤིན་ཏུ་བྱམས་བརྩེ་ཆེ་མོད། ལས་དབང་བཙན་པོས་ཁོ་མོའི་སྤྱོད་བཟང་དེ་ཚོར་བལྟས་ཏེ་དཀའ་སྡུག་ཕྲན་ཙམ་ཡང་མེད་པར་མ་བཟོས། དེ་ལས་ལྡོག་སྟེ། ལས་དབང་གིས་ཁོ་མོ་སྐྱོང་མཁན་གྱི་ཨ་མར་ངན་སྐྲན་གྱི་ནད་ངན་འགོ་རུ་བཅུག་པས། དཀོན་མཆོག་སྐྱིད་ལ་དངོས་གནས་ཐབས་ཟད་ཅིང་མི་སྒེར་ལ་དབང་བའི་བརྩི་མཐོང་ཉག་ཙམ་ཡོད་པ་དེ་ཡང་མེད་པར་བཟོས་ཏེ་སྨད་ཚོང་མའི་ལས་སུ་ཞུགས་དགོས་བྱུང་།

དཀོན་མཆོག་སྐྱིད་དང་ཉལ་དགོས་ན། སྒོར་མོ་སྟོང་གཅིག་ལྷག་རིན་པར་དགོས། རིན་གོང་དེ་ལྟར་མཐོན་པོ་ཡོད་ནའང་། ཁོ་མོའི་སྐྱེས་གཟུགས་ལ་བལྟས་ཏེ་དེ་རུ་ཡོང་བའི་མགྲོན་པོ་ནི་འཛད་མཐའ་མེད། དེ་དང་བསྟུན་ནས་ཁོ་མོའི་ཡོང་སྒོ་ཡང་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་མང་མོད། ཁོ་མོའི་ཨ་མ་ངན་སྐྲན་གྱིས་བཟུང་བ་ཇེ་དྲག་ཏུ་ཕྱིན་ནས་སྨན་ཁང་ཆེན་པོར་རྒྱུན་སྡོད་བྱེད་དགོས་བྱུང་རྐྱེན། ཁོ་མོ་ཉིན་རེར་སྐྱེས་པ་བཅུ་ལྷག་དང་ཉལ་ནའང་སྨན་ཡོན་མི་འདང་བར་གྱུར།

དེའི་ཕྱིར། ཁོ་མོས་ཁོ་མོའི་སར་ཡོང་བའི་ནག་ཚོགས་ཀྱི་སྐྱེས་པ་འགའ་ལ་དུག་རྫས་འཚོང་རོགས་བྱ་རྒྱུ་བྱས་པས། ཁོ་མོས་དུག་རྫས་དག་ཁོ་མོའི་སར་ཡོང་བའི་སྐྱེས་པ་དག་ལ་བཙོང་ཐབས་བྱས། དུག་རྫས་བཙོང་བ་དང་སྨད་ཚོང་གི་ལས་ཀ་གཉིས་ལས་ཐོབ་པའི་སྒོར་མོ་མཉམ་སྡོམ་བྱས་ཚེ། ད་གཟོད་ཨ་མའི་སྨན་ཡོན་འདང་བ་ཙམ་བྱུང་། དངོས་གནས། ཚེ་སྲོག་གཅིག་སྐྱོབ་པའི་རིན་པ་ལ་ཚེ་སྲོག་མང་པོ་ཞིག་བརླགས་ནས་འཇལ་དགོས་པ་ནི་སེམས་ཀྱི་མནར་གཅོད་ཅིག་ཡིན་ཏེ། དཀོན་མཆོག་སྐྱིད་ཀྱིས་ནམ་རྒྱུན་དགོན་པའི་ནང་དུ་ཕྱིན་ནས་སྒོར་མོ་འགའ་རེ་རྒྱུ་འབྲས་སེལ་ཐབས་སམ་སེམས་སྡུག་སེལ་ཐབས་སུ་འཇོག་གིན་ཡོད།

ཉིན་ཞིག ལོ་ལྔ་བཅུ་ལྷག་ལ་བུད་པའི་མི་རྐྱང་ནོར་བུས་སྒོར་སྟོང་གཉིས་འདར་འདར་སུག་སུག་གིས་འཁྱེར་ནས་ཁོ་མོའི་སར་ཐོན། མི་རྐྱང་ནོར་བུས་བཤད་ན། སྒོར་སྟོང་གཅིག་ནི་ཁྱོད་དང་ཉལ་གླ་ཡིན་ལ། དེ་མིན་སྟོང་གཅིག་ནི་དུག་རྫས་ཀྱི་རིན་པ་ཡིན་ཞེས་བཤད། ཁོ་མོས་མདུན་གྱི་རྒན་པོ་ལ་བལྟས་ཏེ་མིག་ཆུ་འཐོར། ཁོ་མོས་བཤད་རྒྱུར། ཨ་མྱེ་ལགས། ཁྱོད་ཀྱིས་སྒོར་མོ་འདི་དག་དགོན་པར་འབུལ་ན་བཟང་། ལོ་འདི་འདྲ་ཆེན་པོར་སོན་ཡང་བྱ་བ་ངན་པ་འདི་ཚོ་འདོར་མ་ཐུབ་ན་སྐྱེས་བ་ཕྱི་མར་དམྱལ་བ་རུ་ལྷུང་རྒྱུ་རེད་ཅེས་བཤད་པ་ན། མི་རྐྱང་ནོར་བུ་མྱུར་གྱིས་ཁོང་ཁྲོ་ལངས་ནས། ཅི་ཟེར།སྨད་བཙོང་མ་ཞིག་གིས་ང་ལ་ཁ་ཏ་བྱེད་ཁུལ་བྱེད་ཀྱིན་འདུག་གམ། སྐྱག་ལོག་ཟ་རྒྱུ་མ། ངས་ཅི་བསྒྲུབ་ཁྱོད་ལ་ཁུར་སྟངས་མེད། ཁྱོད་སྨད་བཙོང་མཁན་ཞིག་གིས་དགོན་པ་ཚོ་གླེང་ན་སྡིག་སྒྲིབ་རེད། གོ་ཨེ་སོང་། དེ་བས་མགྱོགས་པར་དོར་མ་ཕུད་དང་། ང་རྒད་པོའི་སྤུན་ཆུང་ལ་གསོལ་སྟོན་ཞིག་རོལ་དུ་ཆུག་ཅེས་བཤད་པས། དཀོན་མཆོག་སྐྱིད་ཀྱང་ཁོང་ཁྲོ་ལངས་ནས་མི་རྐྱང་ནོར་བུ་ཡར་འཐེན་ནས་དྲུད་མ་དེད་ཀྱིས་སྒོ་རྩར་ཕུད།

མི་རྐྱང་ནོར་བུས་ཕྱི་རོལ་ནས་སེམས་སུ་དྲན་དྲན་གྱི་གཏམ་ངན་ཚིག་བཙོག་གང་བྱུང་དུ་བཤད་རྗེས་གང་ཞིག་ཏུ་བུད་སོང་། དཀོན་མཆོག་སྐྱིད་ཀྱིས་གདོང་དུ་ལྷུང་བའི་མིག་ཆུ་དག་ཕྱིས་རྗེས་མལ་ས་རུ་གནར། དུས་དེར། ཁོ་མོའི་ལག་འཕྲིན་ལས་དྲིལ་སྒྲ་གྲག་བྱུང་བས། ཁོ་མོས་ལག་ཏུ་བླངས་ནས་བལྟས་པ་ན། འཆར་ཤེལ་དུ་སྨན་ཁང་ཞེས་ཤར་འདུག་པ་མཐོང་བས་མྱུར་གྱིས་ཉན། ཡིན་ནའང་། ལག་འཕྲིན་གྱི་ཕར་ཕྱོགས་ལས་གྲག་ཡོང་བ་ནི་གཏམ་ངན་ཞིག་རེད།

དཀོན་མཆོག་སྐྱིད་ཀྱི་ཨ་མ་ཕྱི་མའི་ཡུལ་དུ་ཆས་སོང་བས་སེམས་པ་སྟོང་སང་སང་དུ་གྱུར་ནས་རེ་ཞིག་ཅིའང་བཤད་མ་ཐུབ། ཁོ་མོར་ཡོད་པའི་ཁྱིམ་མི་གཅིག་པུ་དེ་ཡང་དེ་ལྟར་ཕྱི་མའི་ཡུལ་དུ་ཆས་སོང་བས་ཁོ་མོ་གཏན་དུ་དྭ་ཕྲུག་ཏུ་གྱུར་ཞིང་བདག་མེད་དུ་ལུས། ད་ལྟ་མོ་ལ་རང་གིས་སྒྲུབ་ཀྱིན་པའི་བྱ་བ་འདི་ལ་སྙིང་བོ་ཏིལ་འབྲུ་ཙམ་ཡང་མེད་པ་ཞིག་ཏུ་ཕྱིན་པའི་ཚོར་བ་བྱུང་ནས་ངུ་སྐད་དྲག་ཏུ་བཏོན་ཡང་། ལོ་ངོ་དུ་མའི་སྔོན་གྱི་མཚན་མོ་དེར་མི་རྐྱང་ནོར་བུས་གཅིག་པུར་འཕངས་བ་བཞིན་མི་ཚེ་ལ་ཁ་ཕྱོགས་མེད་ཅིང་འཚོ་བ་ལ་འཇིགས་སྐྲག་གིས་གང་བར་གྱུར།།


རྩོམ་ཡིག་སྔོན་མ།
གྲོག
རྩོམ་ཡིག་རྗེས་མ།
དགེ་སྡིག་གི་ཁྲིམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1