དགེ་སྡིག་གི་ཁྲིམས།

མཛོད་འཕྲིན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


དགྲ་འདུལ་གྱིས་མིག་གཉིས་ཕྱེས་ནས་བལྟས་པས།རང་ཉིད་མུ་མཐའ་མེད་པའི་ཐང་ཆེན་པོ་ཞིག་ཏུ་སླེབས་འདུག་ཅིང་། དེར་སྐབས་འགར་ཉི་འོད་ཕྲ་མོ་ཞིག་འཕྲོས་འདུག། ལན་རེར་རླུང་བུ་ཕྲན་ཙམ་རེ་བསིར་སྒྲ་དང་བཅས་གཡུག་ཡོང་། ཁོས་ཕྱོགས་བཞི་མཚམས་བརྒྱད་དུ་བལྟས་ཀྱང་འགྲོ་བ་སེམས་ཅན་གྱི་རིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག། རླུང་བུ་ཕྲན་ཙམ་དེས་ཁོ་ལ་འཁྱག་སྣང་གི་ཚོར་བ་ཞིག་བྱིན་པས་ད་གཟོད་རང་ཉིད་ཀྱི་མགོ་ལུས་ཡོངས་སུ་གོན་སྣེ་གཅིག་ཀྱང་གྱོན་མེད་ཅིང་གཅེར་བུ་ཡིན་པ་ཚོར། ཁོ་རང་མདུན་ཕྱོགས་སུ་ཆས། ཉི་འོད་ཕྲ་མོ་དེའང་ནུབ་རིའི་ཕག་ཏུ་ཡིབ་ལ་ཉེ་ཞིང་། མྱ་ངམ་གྱི་ཐང་ཆེན་དེ་ནས་རླུང་བུ་ཕྲན་ཙམ་དེ་བསིར་སྒྲ་དང་བཅས་ཁོའི་ཉེ་འཁོར་ཀུན་ཏུ་རྒྱུ་བཞིན་ཡོད་པས་ཁོ་ལ་སྐྲག་སྣང་དང་ཞེད་སྣང་གི་ཚོར་བ་འགོག་མེད་དུ་སྐྱེས། མུ་མཐུད་དེ་མདུན་ཕྱོགས་སུ་བསྐྱོད་པས་ད་གཟོད་རང་ཉིད་དང་བར་ཐག་ཤིན་ཏུ་རིང་ས་ཞིག་ཏུ་ནག་ཡོར་ཡོར་ཞིག་འགུལ་གྱིན་ཡོད་པ་མཐོང་།དེར་བློ་རྩེ་བསྒྲིམས་ནས་བལྟས་པས་ནག་ཡོར་ཡོར་དེའི་གཞུག་ནས་ས་རྡུལ་དག་སྤུར་བཞིན་པ་ལས་ནག་ཡོར་ཡོར་དེ་ཅི་ཡིན་མ་ཤེས། དགའ་སྣང་དང་བཅས་དངོས་པོ་དེར་ལྟ་ཞོར་དུ་སོང་བ་དང་། དངོས་པོ་དེ་རང་ཉིད་དང་ཐག་ཇེ་ཉེ་ཇེ་ཉེར་སོང་བས་རང་ཉིད་ཀྱི་ཕྱོགས་སུ་ཡོང་གི་ཡོད་པ་ཤེས་ཐུབ། ཐང་དེར་མུ་མཐའ་མེད་པས་དངོས་པོ་དེ་ཅི་ཞིག་ཡིན་པ་ད་དུང་གསལ་པོ་ཤེས་མི་ཐུབ་རུང་། རང་ཉིད་ཀྱི་གོམ་འགྲོས་དང་བསྟུན་དངོས་པོ་དེ་ཇེ་ཆེར་འགྲོ་བཞིན་འདུག ཁོའི་མིག་གིས་གཡས་གཡོན་གང་དུའང་ལྟ་ཁོམ་མེད་པར་དངོས་པོ་དེར་ཅེར་ནས་སོང་། མཚམས་ཤིག་ནས་ནག་ཐོ་དེ་ངོས་ཟིན་པའི་བར་ཐག་ཏུ་སླེབས་བྱུང་ལ། དེ་ནི་རླངས་འཁོར་ཞིག་རེད། རླངས་འཁོར་དེ་ཐལ་རྡུལ་དེ་དག་ལ་བྱོལ་བ་བཞིན་ཁོའི་ཕྱོགས་སུ་རྒྱུག་ཡོང་། དངོས་པོ་དེ་རླངས་འཁོར་ཞིག་ཡིན་པ་ཤེས་པས་དགའ་ཚོར་ཚོད་མེད་ཅིག་སྐྱེས་པ་དང་། ལག་པ་ཡར་བཀྱགས་ཙམ་བྱས་པས། རླངས་འཁོར་དེ་ཁོའི་གམ་དུ་བསིར་སྒྲ་དང་བཅས་བསྡད་བྱུང་ལ། རླངས་འཁོར་གཞུག་གི་ཐལ་རྡུལ་དག་ཡལ་རྗེས་རླངས་འཁོར་ལས་གླང་མགོ་ཅན་དང་། ཕག་མགོ་ཅན་གྱི་ཞྭ་མོ་གྱོན་མཁན་གྱི་མི་གཉིས་བབས་བྱུང་། མི་དེ་གཉིས་ཀྱི་གཟུགས་བྱད་རིང་ཞིང་དྲག་ཆས་ཉེན་རྟོག་པའི་ལ་བ་རེ་གོན་འདུག “ད་མགྱོགས་པོར་ནང་དུ་འཛུལ”ཟེར། དགྲ་འདུལ་དགའ་སྤྲོ་དང་བཅས་ནང་དུ་འཛུལ་བས། ཉེན་རྟོག་པ་དེ་གཉིས་ཀྱང་ཡར་འཛུལ་བྱུང་། ཁོ་ཚོ་མི་གསུམ་འདུག་ཅིང་ཉེན་རྟོག་པའི་ལ་བ་རེ་རེ་གོན་འདུག་པར་བལྟས་ན་ཁོ་ཚོ་ས་ཆ་ག་གེ་མོ་ཞིག་གི་ཉེན་རྟོག་པ་རེད་འདུག་སྙམ། དགྲ་འདུལ་ཡར་འཛུལ་ཚར་བ་དང་རླངས་འཁོར་ཁ་ཕྱིར་བསྐོར་ནས་བུད་སོང་།  གམ་གྱི་ཉེན་རྟོག་པ་ཞིག་གིས “ཡ།དགྲ་འདུལ།དཀའ་སོང་ངམ།”ཟེར་བས།དགྲ་འདུལ་ཅུང་ཡ་མཚར་སྟེ།  “སྐུ་ཞབས་ལགས། ཁྱེད་རང་གིས་ངའི་མིང་ཇི་འདྲ་ཤེས་བྱུང་།” “ངེད་རྣམས་ཆེད་དུ་ཁྱོད་བསུ་རུ་ཡོང་བ་ཡིན།” “ས་ཆ་འདི་གང་ཞིག་རེད། ང་འདིར་ཇི་ལྟར་ཐོན་པ་རེད། ཁྱེད་ཚོ་གང་གི་ཡིན། ད་ང་ཚོ་གང་དུ་འགྲོ་རྒྱུ་རེད” “ས་ཆ་འདི་བར་དོ་རེད། ཁྱོད་ལས་ཀྱི་དབང་གིས་འདིར་ཡོང་བ་རེད། ང་ཚོ་ནི་གཤིན་རྗེའི་ལས་མཁན་ཡིན།ད་ང་ཚོ་གཤིན་རྗེའི་འཕྲང་ལམ་བརྒྱུད་དེ་དམྱལ་བའི་ཡུལ་དུ་འགྲོ་དགོས་པ་རེད།”ཅེས་ཟེར་བས་དགྲ་འདུལ་ཧ་ལས་པའི་ངང“དེ་ཤི་པོ་དག་འགྲོ་ས་ཞིག་མ་ཡིན་ནམ། ང་གསོན་པོ་ཞིག་དེར་ཅི་བྱེད་དུ་འགྲོ། མདུན་ཕྱོགས་དེར་འདུག་རོགས། ང་དེར་འབབ་རྒྱུ་ཡིན། ངས་རླངས་འཁོར་བཀག་ནོར་བྱས་སོང་བ་རེད།  དགོངས་དག་ཞུ།”ཞེས་ཟེར།ཡིན་ཡང་ཉེན་རྟོག་པ་དེ་ཚོས་ཅི་མི་སྙམ་པའི་ངང“ཧ་ཧ.... ཡང་གླེན་པ་ཞིག་རེད” ཟེར་ནས་ཁོའི་ལག་མགོར་ལྕགས་སྒྲོག་ཅིག་བརྒྱབ་བྱུང་།ཁོས་ད་ནི་ངོ་མ་ཡིན་པ་འདྲ་སྟེ་ང་རང་ས་ཆ་འདིར་མ་སླེབས་གོང་མི་འདོད་ནད་ཀྱིས་ཟིན་ནས་གཅིན་ཐོག་ཀྱང་འགྲོ་མ་ཐུབ་པར་ཟླ་གཅིག་ཙམ་འགོར་ཅིང་། དེ་རིང་གློ་བུར་དུ་འགྲོ་ཐུབ་པ་བྱུང་བ་དང་། ས་ཆ་འདིར་ཡང་ཅི་ཡིན་འདི་ཡིན་མ་ཤེས་པར་སླེབས་འདུག  འོན་ཀྱང་། གཤིན་རྗེའི་ལས་མཁན་རྣམས་ཀྱིས་རླངས་འཁོར་བསྐོར་ནས་འགྲོ་བ་ནི་ཐོས་མ་མྱོང་བསམས་ནས་དོགས་པ་ཞིག་ཀྱང་སྐྱེས་བྱུང་། 

རླངས་འཁོར་མྱུར་ཚད་ཤིན་ཏུ་མགྱོགས་པས་གྲོང་ཁྱེར་ཞིག་ཏུ་འབྱོར་སོང་ལ།གྲོང་ཁྱེར་དེར་ཁོའི་གམ་གྱི་ཉེན་རྟོག་པ་ནང་བཞིན་སེམས་ཅན་གྱི་མགོ་ཅན་གྱི་ཞྭ་མོ་གྱོན་མཁན་ཏག་ཏག་རེད།  ཁོའི་དཔུང་པའི་གཡས་གཡོན་གཉིས་ནས་ཁྲིད་དེ“གཤིན་རྗེའི་ཁྲིམས་ཁང་།”ཟེར་བ་ཞིག་གི་ནང་དུ་བུད་སོང་།  གཟུགས་སྟོབས་ཆེ་ཞིང་ངོ་མདངས་ཅུང་དམར་བའི་མི་ཆེན་པོ་ཞིག་མར་འཁོར་ནས་བསྡད་འདུག་ཅིང་། ཁོའི་མདུན་དུ“ཁྲིམས་དཔོན”ཞེས་པའི་མིང་བྱང་ཞིག་བཞག་འདུག། དེ་ནི་ཨ་ཁུ་གཤིན་རྗེ་ཆོས་རྒྱལ་ཡིན་ཚོད་རེད། གཡས་གཡོན་གཉིས་སུ“ཁྲིམས་རྩོད་པ”ཞེས་པའི་མིང་བྱང་རེ་སྔོན་དུ་བཞག་ཅིང་གོན་པ་དཀར་པོ་གྱོན་མཁན་ཞིག་དང་། གོན་པ་ནག་པོ་གྱོན་མཁན་གཉིས་འདུག། ཟུར་གཅིག་ཏུ“རྩིས་པ”ཞེས་པའི་མིང་བྱང་ཅན་ཞིག་འདུག་ལ། ཁོའི་མདུན་དུ་རྩིས་ཆས་ཤིག་དང་ཡིག་ཆ་མང་ཐག་ཆོད་པ་ཞིག་བརྩིགས་འདུག། ལོགས་གཅིག་ཏུ་སྦྲགས་རྒྱ་ཆེན་པོ་ཞིག་བཞག་འདུག་ཅིང་དེའི་ཟུར་དུ་ཡང་མི་གླང་མགོ་ཅན་གྱི་ཞྭ་གྱོན་མཁན་གཅིག་འདུག། མི་མང་པོ་ཞིག་རུ་བསྒྲིགས་ནས་འདུག་ཅིང་མཚམས་མཚམས་ནས་མི་རེའི་མིང་བོས་ཡོང་། དེའི་ནང་ནས་ལ་ཤས་རླངས་འཁོར་རེའི་ནང་བཙུད་ཀྱིན་ག་ཤེད་རེར་འདྲུད་འགྲོ་ཡི་འདུག་ལ། ལ་ལ་ཕར་རྒྱབ་ཀྱི་ཐེམ་སྐས་གྲ་དག་དེ་ནས་ཡར་གཏོང་གིན་གདའ། 

ཅུང་ཙམ་འགོར་རྗེས་རྩིས་པ་དེས“དགྲ་འདུལ་ཡར་ཁྲིད་ཤོག”བཤད་པས། ཉེན་རྟོག་པ་གཉིས་ཀྱིས་དགྲ་འདུལ་གྱི་གཡས་གཡོན་གཉིས་ནས་འཇུས་ཏེ་མདུན་དཀྱིལ་དེར་ཁྲིད་ནས་བཞག 

མགོ་ཡར་དགྱེ་ནས་བལྟས་པས། གཤིན་རྗེ་ཆོས་རྒྱལ་གྱིས“ཡ་ཁོ་རེ།མགོ་ནག་དགྲ་འདུལ། ཁྱོད་ཀྱིས་མི་ཚེ་གང་བོར་དགེ་བའི་ལས་ཅི་བྱས།སྡིག་པའི་ལས་ཅི་བསྒྲུབས་རྣམས་མ་གསང་དྲང་མོར་ཤོད།” ཅེས་པས་དགྲ་འདུལ་ལ་སྐྲག་སྣང་ཞིག་སྐྱེས་རུང་། ལུས་གུས་པས་ཕྱག་གསུམ་བཙལ་ནས་ཅི་མི་སྙམ་པའི་ཁུལ་གྱིས།

“ཨ་ཁུ་ཆོས་རྒྱལ་དང་། འདིར་འདུས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། སྤྱིར་ཆོས་ལྡན་བོད་ཀྱི་ཞིང་ཁམས་ཟེར་ན་དཀར་པོ་དགེ་བའི་ཡུལ་ཞིག་ཡིན་པ་དང་། ས་དེའི་མི་རྣམས་དཀར་པོའི་ཆོས་ཁོ་ནར་དད་ཅིང་ལས་རྒྱུ་འབྲས་ལ་ཡིད་ཆེས། ཚེ་སྔ་ཕྱི་ལ་བློ་རྩེ་གཅིག་ཏུ་གཏད་ཅིང་མི་རྣམས་ལ་ཆོས་ལྡན་བོད་པ་ཟེར་ན་ཁྱེད་རྣམ་པས་ཀྱང་མཁྱེན་ཞིང་གོ་ཡོད་ཤས་ཆེ། ང་ཡང་ས་ཆ་དེ་ནས་ཡོང་བ་ཡིན་པས། དགེ་བའི་ལས་རྣམས་ངས་མ་བགྲངས་ཀྱང་ཆོག་ཚོད་ཡིན་མོད། ད་ཉུང་བསྡུས་ཙམ་ཞིག་མ་ཞུས་ན་ཁྱོད་རྣམ་པའི་ལུགས་དང་འགལ་འགྲོ་བས་མདོར་བསྡུས་ཙམ་ཞིག་ཞུས་ན། མི་ཚེ་འདིའི་ནང་དུ་ངས་མི་བསད་རྟ་བཅག་གི་ལས་བྱས་མ་མྱོང་ཞིང་། བཤས་ཉོ་བཤས་ཚོང་སོགས་གཏན་ནས་བྱས་མ་མྱོང་། ཆང་དུ་བ་སྣ་ཐ་སོགས་རྩད་ནས་སྤངས་ཤིང་། དཀར་པོ་དགེ་བའི་ལས་ཁོ་ན་བྱས་པ་ཡིན། ལྷག་པར་དུ་ཕ་མ་གཉིས་ཅི་དགའ་གང་སྐྱིད་བྱས་ཤིང་།

ཕ་རྒན་ཁོང་རྒན་གསོ་ཁང་དུ་བསྐྱལ་ཞིང་། ཨ་མ་ཆོས་སྒར་ཞིག་ཏུ་བསྐྱལ་བ་ཡིན། འོད་མཚན་དང་། མ་ཎི་གཉིས་བྱེ་བ་རེ་ཙམ་བཏོན་ཡོད་ལ། ཆགས་མེད་བདེ་སྨོན་ཉིན་རེ་བཞིན་ཕལ་ཆེར་ཆད་མ་མྱོང་། ལོ་ཉུང་དུས་རྔོན་ཚོ་རེ་བདས་ཤོར་མོད། དེ་ཚོར་བསྔོ་བ་དང་། སྨོན་ལམ་རྒྱ་ཆེན་བྱས་ཡོད།ད་དུང་ཕྱག་དང་། སྐོར་བ། སྒྲུབ་སྦྱོང་སོགས་མར་མེ་མཆོད་རབས་དགོན་པའི་ནང་སྐུ་འབྱེད་ཕུལ་ཚུལ་སོགས་མང་པོ་ཞིག་ཡོད་པས་དེ་ཚོ་རེ་རེ་བཞིན་གླེང་ན་དུས་ཚོད་འགོར་བྱེད་ལས་གཞན་མེད་པས་མདོར་བསྡུས་ཙམ་བྱས་ན་དེ་འདྲ་ཡིན། ”

ཞེས་ཁོ་རང་གི་འདུག་གནས་དེར་སླར་བསྡད་སོང་བ་དང་།

གཤིན་རྗེ་ཆོས་རྒྱལ་གྱིས་ཁ་སྤུ་བྱིལ་བྱིལ་ཞིག་བྱས་ཤིང་།

ཤེལ་མིག་ཡང་གྱོན་ཞིག་བྱེད་ཞོར“ཡ། ཁྱོད་ཀྱིས་གོང་དུ་ལྷ་ཆོས་དགེ་བ་བསྒྲུབས་ལུགས། བཟང་པོའི་ལས་ཀ་བྱས་ཚུལ་མང་དག་ཅིག་བཤད་སོང་། བདེན་མིན་ད་དུང་བརྟག་དགོས་པས་མི་ཤེས། དེ་ལྟར་ཡིན་པར་སྨོན།” ཟེར་བ་དང་།གཡས་གཡོན་དུ་ཕར་ལྟ་ཚུར་ལྟ་ཞིག་བྱས་ནས་ན་རེ“ཁྲིམས་རྩོད་པ་གཉིས་ཀས་དགྲ་འདུལ་གྱིས་དགེ་སྒྲུབ་སྡིག་སྤངས་ཀྱི་ལས་བྱེད་རབས་ལ་རྩོད་གླེང་གྱིས་ཤིག”ཅེས་པས།

ཁྲིམས་རྩོད་པ་ཞེས་པའི་མིང་བྱང་མདུན་དུ་བཞག་ཡོད་ཅིང་གོན་པ་ནག་པོ་གྱོན་མཁན་དེས།

“འོ་ལགས་སོ༎ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་ན་རག་དམྱལ་བའི་ལས་མཁན་ཚོས་གསན་དུ་གསོལ། མི་འདི་ཡི་ཆ་རྒྱུས་ང་ལ་ཡོད།

ཁོང་གིས་བཤས་ཉོ་བཤས་ཚོང་བྱས་མ་མྱོང་ཟེར། ལོ་རེ་ལ་བཤས་ཁོག་གཉིས་རེ་བསྟུད་མར་མི་ལོ་བཞི་བཅུ་ཞེ་དྲུག་ཙམ་ལ་ཉོས་ཤིང་བཤས་ཁོག་དགུ་བཅུ་གོ་གཉིས་ཙམ་ཟིན་ཡོད་ལ། ལྷག་པར་དུ་སྒོ་ཟོག་རྣམས་སྟབས་གཅིག་ཏུ་ཤན་པ་ཞིག་ལ་བཙོང་བ་རེད། དེ་ནི་བཤས་ཉོ་བཤས་ཚོང་བྱེད་རབས་རེད། དེའི་སྟེང་ཆུང་གསོས་ཀྱི་མ་དང་། གོས་བཀོན་གྱི་ཕ་གཉིས་ཀྱི་དྲིན་ལན་དྲིན་དུ་མ་གོ་བར་ཁྱིམ་ནང་ནས‘ཧོན་ལོག་དང་།ཅོས་སྐྱལ’སོགས་ཁ་ངན་དང་ཚིག་ངན་ཁོ་ན་བྱས་ཤིང་། རྒྱུན་པར་མིག་ལོག་གིས་བལྟས་ཀྱིན་ཁྱིམ་ནས་འདུག་མ་བཟོད་པར་མཐར་ཕ་རྒན་རྒན་གསོ་ཁང་དུ་བསྐྱལ་ཞིང་། མ་རྒན་ས་ཐག་རིང་སའི་ཆོས་སྒར་ཞིག་ཏུ་བསྐྱལ་བ་རེད། དེ་ཚོ་དོན་དངོས་སྟེང་བཤད་ན་ཁྱིམ་ནས་ཕུད་སོང་བ་རེད། ཁོང་གཉིས་པོས་ཚེ་གང་ལ་བསགས་བསྒྲུབས་བྱས་པའི་རྒྱུ་ནོར་རྣམས་ཁོས་ལོངས་སུ་སྤྱོད་ཅིང་། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས་པའི་དྲིན་ཆེན་ཕ་མ་གཉིས་ཡུལ་འབུད་བཏང་། ཁ་རུ་ཟ་རྒྱུ་དང་། རྒྱབ་ཏུ་གོན་རྒྱུ་མེད་པའི་ཚོད་ལ་བསྐྱལ་ཞིང་། སྤྲང་པོའི་འཚོ་བ་རོལ་དུ་འཇུག ། ཕ་མ་དེ་གཉིས་ཀྱིས་སེན་མགོ་རྣག་དང་། སེན་རྟིང་ཁྲག་བྱས་ནས་གྲུབ་པའི་གཞལ་ཡས་ཁང་དང་འདྲ་བའི་ཁང་ཆེན་དུ་ཁོ་རང་སྡོད་ཅིང་། ཤ་མར་འཐུད་གསུམ་སོགས་ཟས་གང་ཞིམ་ཟོས་ཤིང་། ཕ་མར་ལྟ་སྐོར་མ་དགོས་བྲོ་སྤྲོད་མྱོང་མེད་པའི་མི་འདི་ལས་ཐ་ཤལ་བ་ཞིག་དང་། ལས་སྟངས་འདི་ལས་ཐབས་རྡུགས་པ་ཞིག་ཡོད་སྲིད་དམ། འདི་དག་ཁོའི་མི་དགེ་བའི་ལས་ཀྱི་ནང་གི་ཉེས་ཚབས་ཆེ་བ་དང་།སྡིག་པའི་ལས་རགས་པ་རྣམས་ཡིན་པ་ལས། ཕྲ་བ་རྣམས‘ང་བཤད་མིའི་བཤད་ཚོད་ཡོད་ན། ཁྱོད་ཉན་མིའི་ཉན་ཚོད་ཡོད་རྒྱུ་མ་རེད། ཁྱོད་ཉན་མིའི་ཉན་ཚོད་ཡོད་ན། ང་བཤད་མིའི་བཤད་ཚོད་ཡོད་རྒྱུ་མ་རེད།’ ཁོ་ཆོས་ལྡན་བོད་ཀྱི་མི་ཡིན་ཟེར། དེས་ན་ཆོས་གཞུང་དུ་སེམས་ཅན་གཅིག་གི་སྲོག་བཅད་པས་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང་། ཕ་མ་ལ་དྲིན་ལན་ལོག་འཇལ་བྱས་པས་དམྱལ་བ་མནར་མེད་དུ་སྐྱེ་བ། ཕ་མ་ལྟ་ཅི་རང་གར་མི་ཞིག་ལ་མིག་ལོག་བལྟས་པ་ཙམ་གྱིས་ཀྱང་ཡི་དྭགས་སུ་སྐྱེ་བར་གསུངས་པ་དང་། ང་ཚོའི་ཁྲིམས་ཁང་འདི་ཁོ་འདྲ་བའི་མི་ངན་སྡིག་ཅན་རྣམས་ལ་ཆད་པ་བཅད་ས་ཡིན་ཞིང་། རྩ་ཁྲིམས་དག་གི་ནང་གཏན་འབེབ་བྱས་པ་ལྟར་ཁོ་ལ་རྒྱུ་རྐྱེན་ཀུན་ཀྱང་ཚང་འདུག་པས། ཐད་ཀར་དམྱལ་བ་ཡང་སོས་དང་། བསྡུས་འཇོམས་སོགས་ནས་མནར་མེད་ཀྱི་བར་དུ་དེ་ཚོའི་ལོ་ཚོད་ལྟར་འདེད་ཅིང་།

དེ་ནས་ཡི་དྭགས་སུ་འཕང་ན་ཆོག་འདུག། འདི་ཁོའི་སྡིག་པའི་ལས་བྱས་པའི་བདེན་དཔང་དག་ཡིན། ཁྱེད་ཅག་གིས་གཟིགས་རོགས།” ཞེས་ཟེར་སྡེར་བརྒྱ་ཕྲག་ཙམ་ཞིག་གཤིན་རྗེ་ཆོས་རྒྱལ་མདུན་དུ་སྤུངས་བྱུང་བས།  ཆོས་རྒྱལ་གྱིས་ཁྲོ་ཉམས་དང་བཅས“ད་ཁྱོད་ལ་ཅི་བཤད་རྒྱུ་ཡོད་དམ”བྱས་པས། དགྲ་འདུལ་ནི་ཤིང་ཆེན་ལོ་མ་བཞིན་འདར་གྱིན་འདུག། སྐབས་དེར་ཁྲིམས་རྩོད་པ་གོན་པ་དཀར་པོ་གྱོན་མཁན་དེས“ཨ་ཁུ་ཆོས་རྒྱལ་དང་།རྩིས་པ་བཅས་ཀྱིས་གསན་དུ་གསོལ། ཆགས་མེད་བདེ་སྨོན་དུ་འདི་ལྟར་གསུངས་ཡོད་དེ‘རབ་འདི་མ་ཆགས། འབྲིང་ལོ་ཟླར་མ་ཆགས། ཐ་མ་ནམ་སྐབས་སུ་ཁ་ནུབ་ཏུ་འཁོར་ནས། བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་དྲན་ཅིང་། འོད་དཔག་མེད་ལ་ཐལ་མོ་སྦྱར་ཏེ། དད་པ་རྩེ་གཅིག་གིས་བཏོན་ན། ཚེ་འདིར་ཚེ་ཡི་བར་ཆད་སེལ། ཕྱི་མ་བདེ་ཅན་ཞིང་དུ་སྐྱེ་བར་ཐེ་ཚོམ་མེད་དོ།།’ཞེས་ཚིག་ཐག་ཆོད་པོས་གསུངས་འདུག་ཅིང་།ཁོས་བདེ་སྨོན་ཉིན་རེར་ཆགས་མེད་དང་། འོད་མཚན། མ་ཎི་རྣམས་བྱེ་བ་རེ་བཏོན་ཡོད་ཅིང་། སྲོག་བསླུའི་ནང་དུ་འབྲེལ་འཇོག་དང་། ཕྱག་བསྐོར་སྒྲུབ་སྦྱོང་ཚད་མེད་བྱས་ཡོད། ལྷག་པར་དུ་ཁོས་རྩ་བའི་བླ་མར་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ཅིང་། ཕ་མ་ལས་དེ་ཉིད་བཀའ་དྲིན་ཆེ་ཞིང་། ཁོང་གིས་ཅི་མཛད་ཆོས་དང་།

ཅི་གསུངས་ཆོས་ཡིན་པའི་འདུ་ཤེས་ཀྱིས་རྒྱུ་ཟས་མང་པོ་ཞིག་ཁོང་ལ་འབུལ་བ་དང་། ལོ་རེ་གཤས་ཁོག་གཉིས་རེ་ཡོད་པའི་ནང་ནས། ཕྱེད་ཙམ་རེ་དུས་རྣམ་ཀུན་ཏུ་བླ་མར་འབུལ་བ་དང་། ལྷ་སྐུ་དང་རྒྱལ་བའི་བཀའ་བསྟན་དག་བགྲངས་ཀྱིས་མི་ལང་བ་བླུས་ཤིང་།

མཆོད་ཁང་དུ་བཤམས་ནས་མཆོད་པ་འབུལ་གྱི་ཡོད་པ་སོགས་དགེ་བའི་ལས་དག་དག་ཡིན་པས། དོན་དང་ལྡན་པའི་ཆོས་ལྡན་བོད་པ་འདི་ཡར་ཞིང་ཁམས་སུ་བགྲོད་བྱེད་ཀྱི་ཆ་རྐྱེན་འཛོམས་ནས་ཡོད། ”ཅེས་པས་དགྲ་འདུལ་ལ་སྲ་ཏོག་ཙམ་ཞིག་ཟིན་བྱུང་།

དེ་ནས་ཆོས་རྒྱལ་གྱིས“བུ་ཚ་དཀར་པོས་བཤད་ན་དཀར་པོ་བདེན། ནག་པོས་བཤད་ན་ནག་པོ་བདེན་ཟེར་བ་རེད། ང་ཚོ་ནི་ཁྲིམས་ལ་གཙིགས་སུ་འཛིན་མཁན་ཡིན་ཞིང་། ང་ཚོའི་ཁྲིམས་ནི་ཡ་ཡོ་འཁྱག་འཁྱོག་མེད་པར་དྲང་པོ་དྲང་བཞག་ཁོ་ན་ཡིན། གནའ་སྔོན་ཆད་རྒྱ་གར་གྱི་པཎྜི་ཏ་ཀླུ་སྒྲུབ་ལའང་སྲོག་ལན་འཇལ་བཅུག་པ་རེད། ད་ནི་ཁོའི་དགེ་སྡིག་གི་ལས་རྣམས་རྒྱ་མར་འཇལ།རྩིས་པའི་ཐོ་ནང་བལྟས་ནས་ཐག་གཅད་རྒྱུ་ཡིན”གསུངས་ཤིང་། དེ་ནས་ཁྲིམས་རྩོད་པ་གཉིས་ཀྱིས་རང་མདོག་གིས་ཁུག་མ་རེ་ཁུར་ནས་སྦྲགས་རྒྱ་ཡོད་ས་དེར་སོང་། སྔོན་དུ་ཁུག་མ་དཀར་པོ་བཞག་ཅིང་། དེ་རྗེས་ཁུག་མ་ནག་པོ་དེ་འཇལ་བས། ཁུག་མ་དཀར་པོ་དེས། ཁུག་མ་ནག་པོའི་བཞི་ཆའི་གཅིག་ཙམ་ཡང་མ་ཟིན། དེ་ནས་རྩིས་པས་མ་ཡིག་བསྔོགས་ཤིང་།རྩིས་ཆས་སུ་སྣོན་འཕྲི་ལན་གྲངས་དུ་མར་བྱས་ཀྱང་དཀར་པོ་དགེ་བའི་ཆོས་ཀྱིས་ནག་པོ་སྡིག་པའི་ལས་ཀྱི་དོ་ཟླ་མ་ཡོང་བས་དེ་ནས་ཆོས་རྒྱལ་གྱིས“ང་ཚོས་ཞིབ་གཤེར་བྱས་པ་བརྒྱུད། ཁྱོད་ཀྱི་དགེ་བ་ལས་སྡིག་པས་མཐོ་ཞིང་།

སྡིག་པ་དག་ཀྱང་ཚབ་ཆེན་རང་བཞིན་ཏག་ཏག་ཡིན་པས། ང་ཚོའི་ཁྲིམས་ལུགས་ལྟར་དམྱལ་བ་བསྡུས་འཇོམས་སུ་དམྱལ་བའི་ལོ་སྟོང་ཕྲག་གཉིས་སྡོད་དགོས་དེ་ནི་ཁྱོད་ཀྱིས་སེམས་ཅན་ངན་བསད་བྱས་ཤིང་། བཤས་ཉོ་བཤས་ཚོང་བྱས་པའི་ཉེས་དམིགས་ཡིན། ཡང་སོས་སུ་དམྱལ་བའི་ལོ་ལྔ་བརྒྱ་དང་།མནར་མེད་དུ་བསྐལ་པ་གཅིག་གི་བར་དུ་སྡོད་དགོས། དེ་ནི་ཁྱོད་ཀྱིས་ཕ་མ་གཉིས་ལ་དྲིན་ལན་ལོག་འཇལ་གྱིས་ཁྱིམ་ནས་ཕུད་པའི་འབྲས་བུ་ཡིན། དེ་རྗེས་ཡི་དྭགས་སུ་ལོ་སྟོང་གཉིས་སྡོད་དགོས། དེ་ནི་ཁྱོད་ཀྱིས་ཕ་མ་གཉིས་ལ་རྒྱུན་པར་དགྲ་ལྟར་མིག་ལོག་ཁོ་ནས་བལྟས། ཟས་གོས་སོགས་མ་སྟེར་ཞིང་།

ཁོང་གཉིས་ཀྱིས་ཚེ་གང་བསགས་སྒྲུབ་བྱས་པ་རྣམས་ཁྱོད་ཀྱིས་ལོངས་སུ་སྤྱོད་པས་ཡིན། དེ་ནས་རྗེས་ཀྱི་བྱ་བ་རྣམས་སྐབས་དེ་དུས་ཐག་གཅོད་རྒྱུ་ཡིན་པས་ལས་མཁན་རྣམས་ཀྱིས་ཁོ་མར་ཁྲིད་སོང་།”བྱས་པས་དེ་མ་ཐག་ཉེན་རྟོག་པ་སེང་གེའི་མགོ་ཅན་གྱི་ཞྭ་མོ་གྱོན་མཁན་དང་། ཁྱི་ཡི་མགོ་ཅན་གྱི་ཞྭ་མོ་གྱོན་མཁན་གཉིས་ཀྱིས་རླངས་འཁོར་ཞིག་གི་ནང་དུ་བཙུད་ནས་ཁྲིད་སོང་ངོ་།། །།


རྩོམ་ཡིག་སྔོན་མ།
མུན་ནག་ཁྲོད་ཀྱི་ངུ་སྐད།
རྩོམ་ཡིག་རྗེས་མ།
རྨི་ལམ་ནང་གི་མེས་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1