ཤ་ཚིལ་ལྟ་བུའི་སྙན་ངག

ཀོ་གྲུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


མདང་ནུབ་ཁ་བ་འབབ་པའི་སྒེའུ་ཁུང་ལས།།

དགའ་སྡུག་གཉིས་དང་མཐུན་པའི་གླུ་ཞིག་བླངས།།

རྒྱང་རིང་རི་ཚོགས་བཏུམས་པའི་རླུང་བུ་ཡིས།།

མཇུག་མཐའི་འགྱུར་ཁུག་ཆུ་བོའི་གཞུང་ནས་འཐེན།།

ཞེ་ལ་མེ་ཏོག་བཏབ་པའི་དཔྱིད་ཀ་དེར།།

སྣང་བའི་དྲིལ་ཆུང་དཀྲོལ་བའི་འཇིག་རྟེན་དགོད།།

གསེར་གྱི་ཕུང་པོའི་རི་ལ་བྱ་ཚོགས་འཕུར།།

སྤྲིན་པ་ཐར་ཐོར་ཞིག་གི་འཚུབ་ཁ་རྒོད།།

ཡིག་འབྲུའི་མཚོ་མོ་འཁྱིལ་བའི་ཕ་མཐའ་ན།།

ཞེ་འདྲེས་ཚིག་གི་རྦ་རླབས་བྲང་ལ་རྡེབ།།

ལོ་ཟླའི་རླུང་གིས་བསྐྱོད་པའི་ཀོ་གྲུ་ལ།།

ཆུ་ཡི་རི་མོའི་མཐའ་ན་རྒས་གཟུགས་དོད།།

ལས་ཀྱིས་དུས་ཆད་བྱས་པའི་ཚེ་རབས་འདིར།།

ལང་ཚོའི་ཐོད་དུ་བབས་པའི་ཁ་ཡིག་ལ།།

མིག་ཆུའི་སྒྲོམ་དུ་ཚུད་པའི་ཐ་སྙད་འགའ།།

ཤ་དང་པགས་པའི་གསེབ་ན་འཕག་འཚག་བྱེད།།

མ་དག་སྡིག་སྒྲིབ་འཁོར་བའི་རྣམ་ཤེས་ལ།།

ཕྱི་ནང་ལོ་བརྒྱར་འཁྱམས་པའི་བཀའ་ཆད་དེ།།

བདེན་ནམ་མི་བདེན་ལྷ་དང་དྲང་སྲོང་ཀྱེ།།

ལས་ཀྱི་བསྐོས་ཐང་མཐོང་ངམ་ལྷ་ཡི་ལྷ།།


རྩོམ་ཡིག་རྗེས་མ།
སྒྱུ་མའི་མངའ་ཐང།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1