གང་ལ་འཕུར་འགྲོ གང་ནས་བབ་ཡོང་།
ཅོ་བྱང་སྐར། (ཁྲེང་ཏུའུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
གོམ་སྒྲ་ལྕི་མོ་ཞིག་གིས་སྐྱོ་སྣང་གི་དུས་ཚིགས་ལ་འཐམ་བཞིན།
བྱ་ཁྱུ་དང་ཁ་ཐག་མི་རིང་པའི་ལུང་པ་གང་དེའི་སུམ་མདོ་ན།
ཁ་སང་གི་ལོ་ཟླ་ལ་གྱེས་ཕྱག་བྱེད་བཞིན།
ཨ་ཐང་ཆད་པའི་མི་རྣམས་ཀྱི་ངོ་གདོང་ལ་ལྟ་བཞིན་ཆས་སོང་།
འོད་ཟེར་ཐན་ཐུན་གྱི་དཀར་སེང་གི་འཇིག་རྟེན་འདི་ནས།
རལ་གྲི་མེ་འབར་གྱིས་རང་ལུས་ཀྱི་གཟི་བརྗིད་ངོམ་བཞིན།
འཐབ་ས་དེའི་ཁོར་ཡུག་ལ་གྱེས་བརྡ་གཏོང་བཞིན།
གསལ་ལ་མི་གསལ་བའི་སྒྲོན་མེ་ཡི་མེ་ལྕེ་ལ་ལྟ་བཞིན་ཆས་སོང་།
ཆས་ཟིན་པའི་ཁྱེད་ཉིད།
གང་ལ་འཕུར་འགྲོ གང་ནས་བབ་ཡོང་།
བྲག་དམར་གྱི་གཟར་ཁའི་ཤུག་སྡོང་དེའི་རྩེ་རུ།
ཡང་ན་གླེགས་བམ་གྱིས་རི་བོ་བརྩེགས་པའི་དཔེ་ཁང་དེའི་ནང་དུ།
སེམས་ཀྱི་ནམ་མཁའ་སྔ་མོ་ནས་ལངས་ཟིན་པའི་དབྱར་དུས་དེར།
ལམ་ལམ་འཚེར་བའི་ཉི་འོད་ཀྱི་ཟིལ་བ་དང་འགྲོགས་ནས་གང་དུ་ཕེབས་སོང་།
ལྷབ་ལྷུབ་ཁ་བའི་འདབ་མ་བྱང་རླུང་དང་འགྲོགས་པའི་དགུན་དུས་དེར།
སྐམ་ལ་རིད་པའི་ས་གཞི་ལ་བྱིལ་བྱིལ་བྱེད་བཞིན་གང་ནས་ཐོན་ཡོང་།
གྲི་ཤུབས་སྟོང་བར་ལུས་འདུག
གོམ་སྒྲ་དབེན་ཞིང་འཁུམ་འདུག
གླེན་རྟགས་ཀྱི་གཤིས་ཀ་རྒོད་པའི་ཁུ་ཚུར་ཟུང་གིས།
ཀ་ཁ་ཡི་བར་གསེང་དེ་ནས་རེ་བཞག་མཁའ་རུ་སྤུར།
རྨི་ལམ་གྱི་སྨོན་ལམ་སྒོམ་པའི་མཚན་གཞུང་གིས།
རི་སྤྱང་གི་ངུར་སྒྲའི་ཁྲོད་ནས་ལམ་ལ་ཆས།
ཐག་མི་རིང་པའི་རྒྱང་རིང་གན་ན།
ནག་རིལ་རིལ་གྱི་གྲིབ་གཟུགས་ཤིག་ཡོད་པ་དེ་ཁྱེད་ཡིན་ནམ།
སྐྱ་རེངས་མ་ལངས་པའི་གོང་རོལ་དེ་ན།
ལྷས་འདབས་ན་སྒྲོལ་མ་འདོན་བཞིན་པ་དེ་ཁྱེད་ཡིན་ནམ།