ཨ་ཕའི་ལག་པ། ངའི་འཚོ་བའི་རྟེན་གཞི་ཡིན།

ཡ་མ་རྒྱལ་མཚན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ངའི་ཨ་ཕའི་ལག་པ་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།

བླ་སྤྲུལ་ལྟ་བུས་གསེར་བུམ་འཇུས་མྱོང་མེད་ལ།

དཔོན་པོ་ལྟ་བུས་སྡིག་མཛུབ་ཀྱང་བསྟན་མྱོང་མེད།

ཡིན་ན་ཡང་། ལག་པ་དེས་ང་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་མྱོང་གཤིས།

ངས་དྲིན་ལན་གཞལ་བའི་ཕྱག་ཟུང་དུ་གྱུར་ཡོད།

 

ངའི་ཨ་ཕའི་ལག་པ་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།

དགེ་རྒན་ལྟ་བུས་སློབ་དེབ་བཟུང་མྱོང་མེད་ལ།

ལྷ་བཟོ་ལྟ་བུས་པིར་སྨྱུག་ཀྱང་བཀོལ་མྱོང་མེད།

ཡིན་ན་ཡང་། ལག་པ་དེས་ང་ལ་སློབ་སྦྱོང་གི་རིན་པ་སྤྲད་མྱོང་གཤིས།

ངས་དྲིན་ལན་གཞལ་བའི་ཕྱག་ཟུང་དུ་གྱུར་ཡོད།

 

ངའི་ཨ་ཕའི་ལག་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།

ལྷ་རྗེ་ལྟ་བུས་སྨན་རྩྭ་བསྡེབས་མྱོང་མེད་ལ།

སྦྱིན་བདག་ལྟ་བུས་སྒོར་མོ་ཡང་བརྩིས་མྱོང་མེད།

ཡིན་ན་ཡང་། ལག་པ་དེས་ང་ལ་ཅི་དགོས་ཐམས་ཅད་བཙལ་མྱོང་གཤིས།

ངས་དྲིན་ལན་གཞལ་བའི་ཕྱག་ཟུང་དུ་གྱུར་ཡོད།

 

ངའི་ཨ་ཕའི་ལག་པ་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།

ཕྱུག་ཅན་ལྟ་བུས་གསེར་དཀྲིས་རྒྱན་མྱོང་མེད་ལ།

མཛེས་མ་ལྟ་བུས་ལག་ཤུབས་ཀྱང་གོན་མྱོང་མེད།

ཡིན་ན་ཡང་། ལག་པ་དེས་ང་ལ་བདེ་སྐྱིད་ཀྱི་དཔལ་ཡོན་སྟེར་མྱོང་གཤིས།

ངས་དྲིན་ལན་གཞལ་བའི་ཕྱག་ཟུང་དུ་གྱུར་ཡོད།

 

ངའི་ཨ་ཕའི་ལག་པ་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།

དེས་གཡོས་པའི་ཁ་ཟས་ཀྱང་ཆེས་སྤྱིར་བཏང་བ་ཞིག་ཡིན།

ཡིན་ན་ཡང་། ལག་ཟུང་དེས་ང་ལ་ཟས་ཀྱི་ཉིང་བཅུད་སྤྲད་མྱོང་གཤིས།

ང་རང་ཆེས་དད་པའི་ཕྱག་ཟུང་དུ་གྱུར་ཡོད།

 

ལག་པ། ཨ་ཕའི་ལག་པ།

ངའི་འཚོ་བའི་ཡོད་ཚད་ཡིན་པས།

ངས་དྲིན་ལན་གཞལ་བའི་ཕྱག་ཟུང་དུ་གྱུར་ཡོད།


རྩོམ་ཡིག་རྗེས་མ།
སྐྱེ་བ་འདི་ལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1