སྐྱེ་བ་འདི་ལ།
བཙན་མི། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
གྲིབ་མའི་ལྭ་བ་འདི་གྱོན་པ་ནས།
མཚན་མོའི་ནང་དུ་གོམ་པ་ཡང་མོར་སྤོ་བཞིན།
ལག་ངོར་བྲིས་པའི་ཁ་དོག་མང་བོར།
རིང་ཐུང་མི་གཅིག་པའི་འཆར་གཞི་རེ་བཟོས་ནས།
མ་འོངས་པའི་གྲུ་ཁ་རེ་རེར་བཏབ།
མི་གཙང་བའི་ངོ་གདོང་གི་ནག་ཐིག
ལྕགས་སྐུད་སྟེང་གི་ལག་ཕྱིས་དཀར་པོས་ཕྱི་བཞིན།
མེ་ལོང་ནང་གི་རང་ཉིད་དེའི་ཕྱི་ནང་གཉིས་སུ།
ཚགས་དམ་པའི་ཞིབ་ལྟ་ཐེངས་འགའ་བྱས།
རྡོག་པས་སྣོན་མི་ཐུབ་པའི་རྡོ་བ་དེ།
འུར་སྒྲ་དང་བཅས་ཕྲ་ཕུང་དེའི་ཕྱོགས་སུ་འཕངས་ཤིང་།
དེ་རུ་འཐིབ་པའི་རྡུལ་གྱི་གོང་བུ་དག
བྲེལ་འཚུབ་ཀྱིས་ཕྱི་རོལ་ཏུ་དེད།
གཉེར་རིས་ཀྱི་གསེང་དུ་འཚང་བའི་ལོ་ཟླར།
ལག་པས་ཡང་ཡང་རེག་ན་ལན་རེར་ཚ་ལ་ལན་རེར་གྲང་།
ཤེལ་དམ་སྟོང་བའི་ནང་གི་རི་དྭགས་བགྲེས་པོ་དེ།
རྒྱུག་མ་འདུར་གྱིས་རྨི་ལམ་གྱི་གོམ་ཆུང་ལེན་གྱིན་བུད་སོང་།