སྤྲིན་པ་ལེབ་མོ་འདི་ཕ་ཡུལ་གྱི་ཨ་མས་བསྐུར་ཡོང་བའི་གོར་སྐྱ་ཞིག་དང་འདྲ།
གཡས་གཡོན་གྱི་ཁབ་དང་སྐུད་པ་ལྟ་བུའི་སྤྲིན་གྱི་ཐིགས་པ།
ཤར་ནས་ཡལ་འགྲོ་བར་དོགས་པའི་ཉི་མའི་དབང་པོ།
ཁོ་བོའི་ཡིད་ཀྱི་གཏིང་སར་ཆར་དུ་བབས་ཤིང་ཞོ་རུ་ཆགས།
ཡུལ་མི་ཚོའི་ཁ་ནང་ལ་འཕྲེད་དུ་བཟུང་བའི་ཐག་རིང་གི་རེ་བ་དེ་གར་སོང་ཆ་མེད་དུ་གྱུར།
གྲོགས་པོའི་སེམས་ནང་གི་མདའ་ལྟར་དྲང་བའི་མི་གཞི་ཡག་པོ་དང་བྱིས་བློ་གཙང་མ།
ད་དུང་དགེ་རྒན། ཕ་མ། སྙིང་ཉེ། ཁང་པ། རླངས་འཁོར། རྒྱུ་ནོར།
ཚད་ཡོད་ཀྱི་བསམ་བློའི་བར་གླགས་ན་ཚད་མེད་དུ་གནས་པའི་རིག་པའི་འཛིན་ཕྱོགས།
གློག་ཀླད་ཐེངས་འགར་ཕྱིས་པས་ལག་མཐིལ་རྔུལ་ཆུས་བརླན།
ཁ་པར་ནང་གི་གློག་བརྙན་གྱི་བརྗོད་པས་ཡིད་སེམས་ལན་འགར་རྨས།
གླུ་དབྱངས་ཀྱི་འགྱུར་ཁུགས་ལ་གོ་བ་ལེན་སྟངས་གསར་བ་ཞིག་རྙེད།
ཕྱོགས་བཞིའི་རང་བྱུང་གི་འཇིག་པ་ལ་དངངས་ནས་མགོ་བོ་རས་ཀྱིས་བཏུམས།
ན་ནིང་གི་གོས་རྙིང་འགའ་ཤོག་སྒམ་དུ་བཅུག་ནས་ཕ་ཡུལ་དུ་བསྐུར།
མལ་ཁྲིའི་མདུན་གྱི་ཝུ་ཆང་གི་ངུ་སྐད་དང་རུལ་བཞིན་པའི་དཔེ་ཆའི་སག་སྒྲ།
ཞག་སྒྲོན་གྱིས་བསྲེགས་པའི་དུ་རྐང་གི་སྣེ་མོ།
རྨི་ལམ་གྱི་ཟབ་སར་ལྷུང་བའི་གཉུག་གཤིས་ཀྱི་བསམ་བློ།
ཉི་མའི་འོད། རང་གི་གཟུགས་བརྙན།
ཕྱི་མཛེས་ནང་སྟོང་གི་དབུགས་ཀྱི་སྒྱུ་འཕྲུལ།
ང་རང་མངོན་སུམ་འདྲ་བའི་འཆར་ཡན་གྱི་རི་རྩེ་ཞིག་ལ་འབྱར་ན་འདོད།
ང་རང་རྨི་ལམ་ལྟ་བུའི་དངོས་ཡོད་ཀྱི་རྒྱ་མཚོ་ཞིག་ཏུ་ལྷུང་ན་བསམ།