མི་རྟག་པ།
མགར་ཐར་བཀྲ་ཤིས་ཆོས་ལྡན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
རྟག་པར་མིག་ལ་འཁོར་བ་ནི། གྱེས་རན་ཁར་ཁྱོད་ཀྱི་གདོང་ངོ་ནས་ལུད་པའི་རེ་བའི་མིག་ཆུ་རྐང་གཅིག་དེའོ།། སྔོན་གྱི་དམ་པ་མང་པོས“གྱེས་བྲལ་ནི་འཇིག་རྟེན་གྱི་རང་བཞིན”ཞིག་ཏུ་སྙམ་ནས་ཡོད་ཀྱང་། བདག་ལ་གཞལ་ན་གྱེས་བྲལ་ནི་ལར་ནས་བཟོད་ཐབས་བྲལ་བའི་ན་ཟུག་གི་ང་རོ་ཞིག་ཏུ་བགྲང་དགོས་བྱུང་།
སུ་ཞིག་གི་སེམས་ཀྱི་རྫིང་ངོ་དེར་གྱེས་བྲལ་ཀྱི་རྦ་རླབས་འཕྱུར་འོང་བའི་སྐབས་དང་མཚམས་ཐམས་ཅད་དུ། མི་དེས་འཇིག་རྟེན་ཁམས་ཀྱི་མཛེས་སྡུག་དང་བསླུ་བྲིད། སྒྱུ་རྩལ་དང་དོན་སྙིང་ཡོད་ཚད་ལ་མི་གཙང་བ་མཐོང་བ་ལྟ་བུར་སེམས་གཏིང་ནས་སྐྱུག་ལོག་ཅིང་། མི་སྡུག་པ་སྒོམ་པ་ཇི་བཞིན་ཞེ་ཕུགས་ནས་ཡིད་བརྟན་མེད་པར་གྱུར་འགྲོའོ།།
ཅི་ཁག་སྟེ། དེ་ནི་འགྱུར་སླ་ཞིང་རྒུད་མྱུར་བའི་མི་རྟག་པའི་རོལ་རྩེད་གང་ཞིག་ཁྱོད་ཀྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་དོད་པས་སོ།། དེ་ལས་ཀྱང་འཚབ་དགོས་པ་ཞིག་སྟེ། གློག་གི་འགྱུ་བ་ལ་མཐུན་པའི་མི་རྟག་པའི་རང་བཞིན་གསོན་པོ་ཞིག་ཁྱོད་རང་གི་ལུས་ཀྱི་སྒང་གཞོངས་ནས་བཞུར་ཏེ།སེམས་ཀྱི་ཟབ་ས་རུ་ཆུ་འཁྱག་བྱོ་བ་ལྟ་བུར་འདར་སིག་སིག་དང་། མཚོ་མོ་སྐྱོམ་པ་བཞིན་དུ་འཁྱིལ་འོངས་པ་དེའོ།།
དེའི་ཚེ། ཁྱོད་ཀྱིས་ནམ་རྒྱུན་དུ་མི་རྟག་པ་ལྷུག་པོར་བསྙད་པའི་དཔེ་དེབ་སྣ་ཚོགས་པ་དག་དཔེ་སྒྲོམ་དུ་བརྩིགས་ཏེ།ཤིན་ཏུ་མཐུག་པའི་བང་ཁ་རྡུལ་དྲེག་གིས་གཡོགས་ཤིང་དམ་པོར་བཅིངས་པའི་དཔེ་ཐུམ་གྱི་རང་མདངས་ཤོར་སོང་བ་འདིས། ཁྱོད་ལ་ལེ་བདའ་དང་འཁང་ར་བསྟུད་མར་འབྱུང་བ་གདོན་མི་ཟ་སྟེ། དེ་ནི་ཁྱོད་ཀྱིས་དེབ་རྒན་འདི་དག་གི་ཕྱི་ཤུན་ལ་ལྐོག་ཉོབ་བྱེད་པ་ཙམ་ལས། ནང་ཁྲོལ་ལ་མངོན་སུམ་གྱིས་ཉུལ་མ་ཐུབ་པས་ལན་པ་ཡིན་སྲིད།
གལ་ཏེ། དུས་ཀྱི་འགྲོས་དང་ཁོམ་པའི་སྐབས་དང་སྦྲགས་ནས་ཁྱོད་ཀྱིས་དཔེ་དེབ་ནང་གི་བཙའ་ཆགས་པའི་ཡིག་འབྲུ་རྐང་གཅིག་དང་། རབ་རིབ་མག་མོག་ཏུ་སྣང་བའི་ཐིག་ཕྲེང་རྡོག་གཅིག་དེར་གོ་བ་རགས་ཙམ་ཞིག་བླངས་ཐུབ་ཚེ། ཁྱོད་རང་གྱེས་བྲལ་གྱི་གདུང་ཟུག་ལ་རྒྱབ་གཞུང་གཏད་ནས་བསྡད་ཆོག་པ་གཏན་འཁེལ་ཡིན། དེ་ནི་གྱེས་བྲལ་ལ་བསམ་གཞིག་བྱས་པའི་བརྒྱུད་རིམ་གྱི་མྱོང་ཚོར་རྣལ་མ་ཞིག་ཏུ་བགྲང་ན་ལོས་ཀྱང་ཆོག
ལར་གྱེས་བྲལ་ཞེས་པའི་ཡིག་འབྲུ་རྡོག་གཉིས་པོ་འདིའི་ནང་དོན་གཏིང་ཟབ་ཅིང་དངོས་ཤུགས་ཟུར་གསུམ་གྱི་བརྗོད་བྱ་ཞིབ་ཕྲ་བས།ཁྱོད་རང་གློ་བུར་བ་དང་ཙམ་པོ་བ། ཐོལ་བུ་བ་དང་གནས་སྐབས་པའི་བྱ་གཞག་གི་འདུ་འགོད་ལས་རྒྱང་བཀྱེད་དེ། མར་ཁུ་ལྟ་བུའི་བཅོས་མིན་གྱི་བསམ་གཞིག་དང་སྦྲང་རྩི་ལྟ་བུའི་བློ་སྦྱོང་གི་འདུ་ཤེས་ཤིག་ངེས་པར་དུ་མཁོ་གལ་ཆེའོ།།
སྤྱིར་འཇིག་རྟེན་ཁམས་ཀྱི་སྐྱེ་བོ་ཀུན་ལ་ཐུན་མོང་ངམ་ཡོངས་ཁྱབ་ཏུ་གྱེས་བྲལ་དང་གྱེས་བྲལ་གྱིས་བཞག་པའི་བག་ཆགས་སྟུག་པོ་ཞིག་གིས་ཁེངས་ནས་ཡོད་ངེས། དེ་ནི་དབང་མེད་དུ་སྐྱེ་རྒ་ན་འཆི་མགོ་ཐོག་ལ་ལྷུང་ངེས་པའི་འཁོར་བ་པའི་ཆོས་ཉིད་ཀྱི་རིམ་པ་ཞིག་ཡིན་པས། དེ་ཉིད་འཇིགས་སུ་རུང་པའི་གདོན་དུ་བལྟས་ནས་བྲོས་ས་ཞིག་དང་། ཤིན་ཏུ་འཁྱག་པའི་དགུན་ལྟར་མཐོང་ནས་ཐར་ས་ཞིག་ལར་ནས་ཡོད་མི་སྲིད་མོད།མི་ཁ་ཤས་ཀྱི་གྱེས་བྲལ་ནི་དམིགས་བསལ་བ་ཞིག་སྟེ། རང་དང་ན་ཚོད་མཐུན་ཞིང་གྲལ་རིམ་མཉམ་པའི་མི་སུ་ཞིག་གི་མགོ་ཐོག་དུ་མི་ལྷུང་པའི་གྱེས་བྲལ་གྱི་ན་ཟུག་རེ་ཟུང་། བཙན་ཤེད་དང་ཨུ་ཚུགས་ཀྱིས་ཁུར་དགོས་པ་དེའང་ཡོད་ངེས་པ་ཞིག་རེད། དཔེར་ན། རླངས་འཁོར་བཅུ་ཕྲག་འགའ་ལྷན་དུ་ལམ་ཆེན་དུ་ཆུ་རྒྱུག་པ་ལྟར་རིམ་གྱིས་བཞུར་དུས། རླངས་འཁོར་རེ་ཟུང་ལ་ཐོལ་གྱིས་གོད་ཆག་དང་གནས་ཚུལ་བྱུང་བ་ལྟ་བུའོ།།
ཡང་ན་གྱེས་བྲལ་གྱིས་མནར་བའི་མི་དག་ནི་དོང་དུ་བྱིངས་པའི་འབུ་ཕྲ་ཇི་བཞིན་བདེ་བའི་དབུགས་རྒྱུན་ཕྲ་ཞིང་གདུང་བའི་ལྷགས་རླུང་རྒོད་པས། མི་དེ་དག་གི་ན་ཟུག་ནི་རྨ་བྱའི་སྒྲོ་མདངས་དང་པིར་གྱི་ཚོན་མདོག་བཞིན་དུ་སྐྱེས་ཆེན་སུ་ཞིག་གིས་འགྲེལ་བརྗོད་བྱེད་ཀྱང་ངལ་བའི་གནས་སུ་ལྷུང་ཡོད།
དེའི་ཕྱིར། བདག་ལ་གྱེས་བྲལ་གྱི་ན་ཟུག་ཡོད་སྟབས། སྒེར་གྱི་གྱེས་པའི་ཆོས་ཉིད་མཐོང་མྱོང་ལ། སྤྱི་ལ་མངའ་བའི་ཟབ་པའི་གནས་ལུགས་ཀྱང་རྟོགས་ཡོད། མ་གཞིར་གྱེས་བྲལ་ནི་འཚོ་བའི་རྒྱུན་ཆགས་ཤིག་ཡིན་ནའང་། འཕྲལ་དུ་མངོན་དུས་བརྗོད་མི་ཤེས་པའི་སིམ་གདུང་འདྲེས་མའི་མྱོང་ཚོར་གྱི་འདུ་འགོད་ཆེན་པོ་ཞིག་ཏུ་མི་བརྩི་རང་དབང་མེད་པར་བརྟེན། བདག་ལ་གྱེས་བྲལ་གྱིས་བརྩེགས་པའི་འཁང་ར་རི་བོ་ལྟར་དཔངས་མཐོ་ཞིང་གཙང་པོ་བཞིན་རྒྱུན་རིང་བས། གྱེས་བྲལ་གྱི་རང་བཞིན་གཞལ་བར་ལས་སླ་ཞིང་། གྱེས་བྲལ་གྱི་བྱུང་རབས་བསྙད་པར་ཡིད་དགའ་བའོ།།
དེའི་ཕྱིར། བདག་ལ་གྱེས་བྲལ་གྱིས་བཞག་པའི་བག་ཆགས་སྟུག་པོ་ཡོད་སྟབས། གང་དུ་གྱེས་བྲལ་དང་ན་ཟུག་ཡོད་ཚེ་ངའང་དེ་རུ་ཚུགས་ཐུབ་ཀྱིས་འགྲེང་ཐུབ་ལ། གང་དུ་གྱེས་བྲལ་དང་དགོད་སྒྲ་མཆིས་དུས་བདག་ཀྱང་དེར་བཏང་སྙོམས་ཀྱིས་འཚོ་ནུས།དེ་ནི་བདག་ལ་གྱེས་བྲལ་ཡོད་པས་མ་ཡིན་པར་གྱེས་བྲལ་གྱིས་བཞག་པའི་བག་ཆགས་ཡོད་པས་སོ།།།།