སྨག་ནག་ནང་གི་འཇའ།

སྒོ་ཡོལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


སྟོན་ཁ་འདི།    མྱ་ངམ་ཐང་རེད།

མི་སྡེ་མང་པོ་ཞིག་སྐྱ་ཐག་ཐག་རེད།

ཁྱེད་རང་འདུག་ཆོག་སའི་གནས་ཤིག་མི་འདུག

 

ཁྱེད་རང་མི་ཆེན་གྱི་སྲས་མོ་རེད།

དེ་ལས་ཀྱང་།  ཁྱེད་རང་ཤོང་ས་མི་འདུག

 

ང་རང་འཁོས་ཀ་ཞན་པས།

ཁྱེད་རང་གསོ་བྱེད་ཀྱི་རུམ་གྲོ་མེད།

ཁྱེད་ལ་མཁོ་བྱེད་ཀྱི་ན་བཟའ་དང་རྒྱན་ཆ་མེད།

དེའི་ཕྱིར།   ཁྱེད་རང་སོང་ན་འགྲིག

 

ང་ལ་མི་གཤིས་མེད།

ཁྱེད་རང་ལྟ་བུའི་གཤིས་བཟང་ཞིག་མིན།

ཁྱེད་རང་ལྟ་བུའི་བསམ་ཤེས་ཤིག་ལར་ནས་མིན།

དེའི་ཕྱིར།  ང་ཁྱོད་ལ་བཅར་ཆོག་པའི་གཤིས་ཀ་མེད།

 

མདོར་ན། ང་ནི་གོས་ཧྲུལ་ཞིག་དང་འདྲ།

ཅི་ཡང་བེད་སྤྱོད་མེད་པའི་ཐེད་པོ་རྙིང་ཧྲུལ་ཞིག་ཡིན།

 

སྒེའུ་ཁུང་དང་།    གྲྭ་ཤག་གི་བར་སྟོང་རེ་རེ་ན།

ནག་ནོག་ཏུ་སོང་བའི་ཤོག་བུ་ཐེད་པོ་དང་།

སྨྱུག་སོ་མེད་པའི་འབྲི་སྨྱུག་ཆག་རོ་འགའ་ལས།

ང་ལ་ཅི་ཡང་མེད།   དེའི་ཕྱིར་ཁྱེད་ལ་ཞེན་ཆགས་ས་མེད།

 

ད་ནི་མཚན་མོའང་ཅུང་འཁྱག

འོན་ཏང་། མཚན་མོ་ནི་རྨི་ལམ་གྱི་གཞིས་ཀ་བརྟན་ཤོས་ཡིན།

ད་ནི་ཁུ་སིམ་མེར་ཅུང་ཙམ་གཉིད་ན་འདོད།

 

ཡིན་ཡང་།  ཁྱེད་རང་བུད་སོང་བས།

ད་ནི་ཁེར་རྐྱང་གི་གཞིས་ཀ་ཞིག་བསྲུང་ན།

ང་ལ་དེ་ལས་ལྷག་པའི་ལས་ཀ་མེད།


རྩོམ་ཡིག་སྔོན་མ།
སྙིང་ཉེ་མ།
རྩོམ་ཡིག་རྗེས་མ།
མི་རྟག་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1