སྙིང་ཉེ་མ།
སྦི་གསང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
རྒོད་པོའི་མིག་ཟུང་གིས་མུ་ཏིག་གཏོར་ས་ཡར་ཀླུང་གི་མཚོ་ཁར།
སུ་ཞིག་གི་སྙིང་ཁ་རུ་མགུར་གླུ་ཐེངས་གཅིག་ལེན་འགྲོ།
སྔོ་བསངས་ཀྱི་མཁའ་དབྱིངས་ཆགས་པའི་མཐའ་ཡས་དེར།
ཕྱེ་ལེབ་ཀྱིས་དགའ་སྐྱོ་ལྡན་པའི་བྲོ་གར་ལ་རྩེ།
དུང་ཞེན་གྱི་རླུང་བུ་ལྡང་ཙ་ན།
ཁྱེད་ཀྱི་ལྷིང་འཇགས་འབོག་ཆོག་པའི་སྨོན་ལམ་བཏབ་ཨང་།
ཆུ་སྐྱེས་བཞིན་མཚོ་ཁ་རུ་འཁྲུངས་སྲིད་ན།
ང་ཡི་རྨི་ལམ་ལ་ཆུང་འདྲིས་ཤིག་གི་རྒྱབ་གཟུགས་འབྲི་རོགས།
ང་ནི་ནམ་ཡང་སྙན་ངག་ཚན་པ་ཞིག་གི་བར་གསེབ་ཏུ་ཡོད་པས།
སྔོ་བསངས་ཀྱི་ཁ་དོག་ཨ་སྔོན་དུ་འཁྱིལ་ནས།
ཁྱེད་རང་ལ་འབོད་བརྡ་གཏོང་བཞིན།
མི་བཟོད་པའི་ཡིད་བརྙན་དེ་མཐའ་མཇུག་གི་རླུང་ལ་སྐུར་རོགས།
གྱེས་བྲལ་གྱི་ཡུན་དེར།
ཚེ་སྲོག་གི་མངའ་ཐང་བོར་བའི་ཕོ་བྲང་དུ་སྡོད་པ་དང་མཚུངས།
སང་ནུབ། ད་དུང་རྨི་ལམ་ལ་བཅོལ་ནས་ཡོད།