རླུང་རྟ་ཡར་འགྲོ།

ཚེ་རིང་སྐྱིད། (རྔ་བ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28




ཞོགས་པ་དེར།དུད་ཁྱིམ་རེ་རེའི་སྦྲའི་ཁ་ཚུབ་བར་ནས་དུ་བ་སྔོ་ལྷོག་ལྷོག་བྱེད་ཅིང་།གཡུ་འབྲུག་ཐང་ལ་འཁྱིལ་བ་ལྟར་མཎྜལ་ཐང་བརླན་སའི་རྩྭ་ཐང་ཆེན་མོའི་སྟེང་དུ་ཁྲ་ལྡེམ་མེར་ཆགས་འདུགམཚམས་རེར་ངེས་མེད་དུ་བཞུར་གྱིན་པའི་ཆུ་ཕྲན་དེའི་འགྲམ་ན་ཆུ་ལེན་བུ་མོ་འགས་ཟོ་བའི་ནང་དུ་སྐྱོགས་ཀྱིས་ཆུ་བཅུས་བ་དང་མཉམ་དུ་ཧབ་ཆ་བྱེད་ཀྱིན་འདུག

ཨ་ཅེ་ཆེ་བ་བསམ་གྲུབ་སྒྲོལ་མ་དང་ཨ་ཅེ་གཉིས་པ་སྒྲོལ་མ་མཚོ་གཉིས་ཀྱིས་ཨ་མ་ལ་ལག་རོགས་བྱས་ཏེ།རྩམ་ཁུག་དང་ཆུར་ཁུགམར།ཞོ་དང་ཅ་ནེ་སོགས་དོ་ཐོག་ནས་མར་སྒྱེད་རྩ་རུ་བླངས་ནས་ཞོགས་ཟས་ལ་གྲ་སྒྲིག་བྱེད་ཀྱིན་འདུགདུས་དེར།ཨ་ཕ་རིག་འཛིན་གྱིས་ཁ་ལག་གཙང་མ་ཞིག་བཀྲུས་ཏེ་མཆོད་ཁྲིའི་ཐོག་གི་སྐུ་གསུང་ཐུག་རྟེན་དང་སྐུ་པར།ཐང་ཁ་སོགས་ཀྱི་ཐོག་གི་ཐལ་རྡུལ་རྣམས་གཙང་མ་ཞིག་བྱས་པར་མ་ཟད།སྤོས་དང་བདུག་པ་སོགས་མཆོད་པ་གང་འཛོམས་ཤིག་ཕུལ་རྗེས།“བླ་མ་ལ་སྐྱབས་སུ་མཆི།།སངས་རྒྱས་ལ་སྐྱབས་སུ་མཆི།།ཆོས་ལ་སྐྱབས་སུ་མཆི།།དགེ་འདུན་ལ་སྐྱབས་སུ་མཆི།།”ཞེས་སྐྱབས་འགྲོ་འདོན་བཞིན།ཐལ་མོ་སྤྱི་བོ་དང་མགྲིན་པ།སྙིང་ཁར་གསུམ་ལ་རེས་མོས་སུ་སྦྱར།པུས་མོ་གཉིས་དང་ལག་མཐིལ་གཉིས།དཔྲལ་བ་སྟེ་ཡན་ལག་ལྔ་བོ་ས་ལ་ཐུག་པར་བྱས་ནས་ཕྱག་གསུམ་འཚལ་སོང་། 

ཨ་ཕ་རིག་འཛིན་གྱིས་ཕྱག་འཚལ་ཚར་བ་དང་མཉམ་དུ་སྒྱེད་པུའི་སྟེང་ན་འོ་ཇ་དཀར་པོ་ཡིན་པའི་ཇ་རྫ་མ་གང་བོ་ལྷོག་ལྷོག་ཏུ་གདུ་བཞིན་འདུགཨ་ཕ་རིག་འཛིན་གྱིས་སྔོན་ཆད་བཞིན་ཕུ་ཐུང་གཉིས་ཐང་ལ་དྲུད་དེ།“ཨོཾ་ཨཱཿཧཱུཾ།ཨོཾ་ཨཱཿཧཱུཾ།ཨོཾ་ཨཱཿཧཱུཾ།བདག་སོགས་འཁོར་བཅས་ཚེ་རབས་ཐབས་ཅད་དུ།།དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་།།དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང་།།དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག།།”ཞེས་ཅ་ནེ་ཡར་བཏེགས།ལག་གཡས་པའི་མཐེབ་སྲིན་གྱིས་ཅ་ནེའི་ཁ་ནས་དཀོན་མཆོག་གསུམ་ལ་མཆོད་ལན་གསུམ་འཕངས།

ཨ་ཕ་རིག་འཛིན་གྱིས་ཇ་མཆོད་ཕུལ་ཚར་རྗེས།ང་ཚོས་གཞི་ནས་ཞོགས་ཟས་ལ་རོལ་བ་ཡིན།ཨ་མས་མ་སྐུལ་དང་བླངས་ངང་ཕུ་བོ་རྒྱ་མཚོ་དང་ཨ་ཕ་རིག་འཛིན་གཉིས་ལ་རྩམ་པ་དཀར་ཡོལ་གང་རེ་བསྲིངས།མོས“མགོ་ནག་རྩམ་གཟན་ཟེར་བ་འདི་ཅི་འདྲའི་བདེན་པ་ལ་ཨང་།འུ་ཚང་གི་རྩམ་པ་ཡང་ཚར་ལ་ཉེ”ཟེར་ཞོར་དུ་རྩམ་པ་ཆུང་ཆུང་ཞིག་བརྫིས་ནས་ང་ལ་བྱིན། “དཀོན་མཆོག་མཁྱེན།རྩམ་པའི་དྲིན་འདི་སུ་ལ་བཤད།རྩམ་པ་འདི་ཉི་མ་གཅིག་ལ་མ་ཟོས་ན་དྲན་སྲིད”ཅེས་ཨ་ཕ་རིག་འཛིན་གྱིས་དེ་ལྟར་ལབ།

“ཟས་རིགས་ཤིག་གི་ནང་ལ་ཆེས་དྲན་པ་ནི་ཟོག་ཤ་རེད”ཅེས་ཨ་མས་ལྕེ་བསྣར་ཞིག་བྱེད་ཞོར་དུ་དེ་ལྟར་ཟེར།དེར་ཨ་ཕས་ཀྱང“འོ་ལེ།དཀོན་མཆོག་གསུམ་པོའི་དྲིན་དུ་ད་ལོ་སྒོ་ཕྱུགས་ཁྲོད་དུ་གྱོང་གུད་ཅི་ཡང་མེད་པས།ད་ལོ་དབྱར་ཁ་ཡང་སྐམ་ཞིག་བཤའ་ཐུབ་ཚོད་རེད”ཟེར་བ་ན།ཨ་མས་མིག་གཉིས་འབྱེད་བཙུམ་མེད་པར“སེམས་ཅན་དྲིན་ཆེན་ཚོའི་དོན་དུ།ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་ཎི་པདྨེ་ཧཱུཾ།ཨོཾ་མ་མ་ཎི......།”ཞེས་མ་ཎི་མང་པོ་ཞིག་བཏོན་བྱུང་།

ཞོགས་ཟས་རོལ་རྗེས།ཨ་ཕ་རིག་འཛིན་གྱིས་ཕུ་ཐུང་གཉིས་ཀ་ཐང་ལ་དྲུད་དེ་སྦྲ་སྒོར་བུད།ཉིན་དེར།སྔོ་བསངས་ནམ་མཁའི་དབྱིངས་སུ་སྤྲིན་པ་ལེབ་མོ་མཐེབ་མོ་ཙམ་ཡང་མེད་པར་གཡའ་དག་པ་ཞིག་ཏུ་སྣང་། “སང་ཉིན་གླིང་གི་བཞི་རྒྱལ་རེད།ང་ལ་བཞོན་རྟ་ཡང་མེད་པས།སྡེ་བའི་སྐྱེས་པ་ཚོ་དང་མཉམ་དུ་ལབ་རྩེ་གསོ་རུ་འགྲོ་དུས་ཅི་བྱ”ཞེས་ཨ་ཕ་རིག་འཛིན་གྱིས་སེམས་ཁུར་བྱེད་ཀྱིན་འདུག 

“རྒོད་མ་རྐྱང་ལི་མ་ཡོད་རུང་དེ་བཞོན་ནས་འགྲོ་སྲོལ་ག་ལ་ཡོད”ཅེས་ཨ་མས་ཀྱང་སེམས་ཁུར་ཚད་མེད་བྱས་སོང་། 

“ད་ཅི་ཞིག་བྱུང་རུང་།རྒོད་མ་རྐྱང་ལི་མ་བཞོན་རྒྱུ་ལས་ཐབས་གཞན་མི་འདུག”ཅེས་ཨ་ཕས་ཕུ་ཐུང་གཉིས་ཐང་ལ་འདྲུད་ཞོར་དུ་ཕྱིར་སྦྲ་ནང་དུ་འཛུལ་བྱུང་།

ལོ་དེར།ངེད་ཚང་གི་རྟ་ར་ལས་ཕོ་རྟ་བདུན་རྐུན་མས་ཁྱེར་དེ་རྩལ་ཡང་མ་ཆོད་པར་དེ་ལྟར་ལུས་འདུག་སྐད།ངེད་ཚང་གི་ཨ་ཕ་རིག་འཛིན་སྡེ་བའི་སྐྱེས་པ་ཚོ་དང་མཉམ་དུ་གླིང་གི་བཞི་རྒྱལ་ལ་ལབ་རྩེ་གསོ་རུ་འགྲོ་དུས་རང་ཉིད་ལ་དབང་ཆོག་ཆོག་གི་རྟ་ཕོ་ཞིག་མེད་པར་གྱུར་སོང་།

 



ངེད་ཚང་གི་མིང་སྲིང་དྲུག་པོའི་ཁྲོད་ནས་ཆེས་ཆུང་ཤོས་དེ་ང་རང་ཡིན་པར་མ་ཟད།སློབ་གྲྭ་འགྲིམ་པའི་སྐལ་བ་ཐོབ་མཁན་དེ་ཡང་ང་རང་གཅིག་པུ་ཡིན།ང་རང་སློབ་གྲྭར་འགྲོ་ཉིན།ངེད་ཚང་གི་ཕ་མ་གཉིས་དང་ཨ་ཅེ་སོགས་ཀྱིས་ང་ལ་ལམ་པ་ལབ་རྩེ་བསྟོད་བསྟོད་ཅིག་བྱས་བྱུང་།ཨ་ཅེ་ཆེ་བ་བསམ་གྲུབ་སྒྲོལ་མས་ངའི་སྐྲའི་ལན་བུ་རེ་རེ་བཞིན་བསླེས་པ་དང་།ཨ་ཅེ་གཉིས་པ་སྒྲོལ་མ་མཚོས་ངའི་ཁ་ངོ་དང་སྐེ།ལག་པའི་ཕྱི་ནང་གི་ཚུལ་དྲེག་གཙང་མ་ཞིག་བཀྲུས་སོང་།དེ་དུས་ཨ་ཅེ་གསུམ་པ་བདེ་སྐྱིད་ནི་ངེད་ཚང་གི་ཟོག་རྫི་ཡིན།མོས་སྣ་ཁུང་ནང་དུ་སྣབས་འདོམ་པ་གང་དྲུད་འདུག་པ་དེ་འཇིབ་ཙམ་འཇིབ་ཙམ་བྱེད་ཅིང་།མགོ་བོ་ཕྲག་ཏུ་གཡོན་ཏེ་ཧ་ཅང་མི་འཐད་པའི་རྣམ་འགྱུར་ཞིག་སྟོན་བཞིན་ཟོག་རྫི་ལ་ཆས་སོང་།ཨ་ཅེ་བདེ་སྐྱིད་ཟོག་རྫི་ལ་འགྲོ་ཁར་མོས་ང་ལ་བདེ་མོ་ཙམ་ཡང་མ་བཞག་པར་ཤར་སེ་བུད་སོང་།ངས་ཀྱང་ཨ་ཅེ་བདེ་སྐྱིད་ལ་བདེ་མོ་ཙམ་ཡང་འཇོག་མ་ཐུབ་པ་དེ་ད་ལྟ་དྲན་ན།ད་དུང་འགྱོད་སེམས་དྲག་པོ་ཞིག་སྐྱེས་བྱུང་། 

ཐེངས་ཤིག་ལ།ཨ་ཕ་རིག་འཛིན་གྱིས་ང་རང་སློབ་གྲྭར་བསྐྱལ་དགོས་པའི་འཕྲིན་བཟང་དེ་ཁྱིམ་མི་གང་བོར་ཁྱབ་བསྒྲགས་བྱས།ཨ་ཅེ་བཞི་བ་མེ་ཏོག་གིས་ཨ་ཕའི་འཕྲིན་བཟང་དེ་ཐོས་མ་ཐགམོ་རང་ཡང་སློབ་གྲྭ་ལ་འགྲོ་བའི་འདུན་པ་ཤིན་ཏུ་ཆེ་རབས་གླེང་ནའང་།ཨ་ཕ་རིག་འཛིན་གྱིས“ཁྱོད་དེ་འདྲའི་བུ་མོ་ཚེགས་ཡང་ཞིག་སློབ་གྲྭ་ལ་མངགས་སྲོལ་ག་ལ་ཡོད”ཟེར། “འོ་ལེ།ཁྱོད་མེད་ན་ཨ་མ་ང་ལ་འཕྲུལ་འཁོར་བསྐོར་རོགས་དང་འབུད་ཤིང་འཐུ་རོགས།ཆུ་ལེན་རོགས་མེད་པས།ཁྱོད་རང་སློབ་གྲྭར་མངགས་རྒྱུ་ལ་ཨ་མ་ང་རང་འཐད་པ་མིན”ཞེས་ཨ་མས་ཀྱང་མང་པོ་ཞིག་ལབ་བྱུང་།ཨ་ཅེ་མེ་ཏོག་གི་མགོ་ཕུ་བོ་རྒྱ་མཚོའི་ཕྲག་པར་བསྙེས་ཏེ“འོ་ན་ང་རང་ཕུ་བོ་རྒྱ་མཚོ་ལ་སྐྱེལ་མ་བྱེད་དུ་མངགས་ན་ཆོག་གམ”ཟེར།དེར་ཕ་མ་གཉིས་ཀྱིས་ཁས་ལེན་བྱས་ཏེ་མོ་རང་ཕུ་བོ་རྒྱ་མཚོ་ལ་སྐྱེལ་མ་བྱེད་དུ་མངགས། 

ཨ་ཅེ་མེ་ཏོག་ཕུ་བོ་རྒྱ་མཚོ་ལ་སྐྱེལ་མ་བྱེད་དུ་འགྲོ་སྐབས།མོས“འདྲེ་མོ་མ།ཁྱོད་མེད་ན།ང་རང་སློབ་གྲྭ་ལ་འགྲོ་ཐུབ་པ་གདོན་མི་ཟ”ཞེས་བསམ་གཟས་ནས་ང་ལ་ཁ་གཉེར་སྣ་གཉེར་མང་པོ་ཞིག་བྱས་སོང་།ངས་ཀྱང་ཕྱིར་མོ་ལ་ཁ་གཉེར་སྣ་གཉེར་མང་པོ་ཞིག་བྱས་མྱོང་ནའང་།ང་རང་སློབ་གྲྭ་འགྲིམ་པའི་ཉིན་དེར།ཨ་ཅེ་བཞི་བ་མེ་ཏོག་ཕུ་བོ་དང་མཉམ་དུ་རྫོང་ཐོག་ཏུ་བུད་སོང་།མོ་རང་ད་དུང་ཕྱིར་སླེབས་མི་འདུག་པས་ངའི་སེམས་སུ་སྟོང་སང་སང་དུ་གྱུར་བའི་ཚོར་བ་དེ་ད་དུང་དྲན་གསོས་ཀྱིན་འདུགཉིན་དེར་ངའི་སེམས་སུ་གལ་སྲིད་ཨ་ཅེ་མེ་ཏོག་སློབ་གྲྭ་ལ་མངགས་ཡོད་ན།ཨ་ཅེ་ངེད་གཉིས་ཀྱིས་ལག་འགྲོས་བྱས་ནས་སློབ་གྲྭ་ལ་སོང་ན་ཅི་མ་རུང་སྙམ།མཚམས་རེར།གལ་སྲིད་ཨ་ཅེ་མེ་ཏོག་ཀྱང་སློབ་གྲྭ་ལ་འགྲོ་ཐུབ་ཚེ།ཨ་ཅེ་ངེད་གཉིས་ཀྱི་ཞྭ་དང་ལྷམ།རྐང་རྣམ།སྟོད་ཐུང་སོགས་ཆ་མ་བྱས་ཏེ་སོང་ན།སློབ་མ་གཞན་པ་ཚོས་ངེད་གཉིས་ལ་ཡིད་སྨོན་བྱེད་པར་ཐེ་ཚོམ་མེད་སྙམ།ཡང་མཚམས་ལན་རེར།གལ་སྲིད་ཨ་ཅེ་མེ་ཏོག་སློབ་གྲྭ་ལ་འགྲོ་ཐུབ་ཚེ།ཨ་ཅེ་ངེད་གཉིས་ཀྱིས་དཔེ་ཁུག་དང་སྨྱུག་སྒམ།ཞ་སྨྱུགའབྲི་དེབ་སོགས་ཨ་ན་མ་ན་ཡིན་སྙམ།ངས་དེ་ལྟར་བསམ་བཞིན་པའི་སྐབས་སུ།ཨ་མས་ཡར་སྔོན་ཉོས་ཡོང་བའི་ལྷམ་དང་ཞྭ་མོ།རྐང་རྣམ་དང་སྟོད་ཐུང་སོགས་ཨ་ཅེ་གཉིས་པ་སྒྲོལ་མ་མཚོའི་སྔོན་ལ་བཞག་སྟེ“འདི་དག་མོ་ལ་མགྱོགས་པོར་བརྗེས་ཤིགརིག་འཛིན་གྱིས་བསང་ཕུད་ཚར་མ་ཐགསློབ་གྲྭར་འགྲོ་རན་འདུག“ཟེར།ཉིན་དེར་ང་རང་ཡང་དགའ་དྲགས་སྟེ་ངའི་རྐང་བ་གཉིས་ས་ལ་སྤོ་བཞིན་ཡོད་པ་ཚོར་མི་ཐུབ་པར“འོ་ཡ།ཨ་མ་མ་ལོ”ཟེར་ཞོར་དུ་ཨ་མའི་སྐེ་ལ་འཐམ།དེ་ནས་མཆུ་ཏོ་མདོང་མདོང་ངང་མོའི་འགྲམ་པར་འོ་ཞིག་བྱས་པ་ན།ཨ་ཅེ་ཆེ་བ་བསམ་གྲུབ་སྒྲོལ་མ་དང་ཨ་ཅེ་གཉིས་པ་སྒྲོལ་མ་མཚོ་གཉིས་ཀྱིས་ངའི་ཚུལ་དེ་མཐོང་བས།ཕན་ཚུན་ལ་མཆུ་སྟོན་བྱེད་ཅིང་སྐད་དམའ་མོ་བྱས་ཏེ་བགད། 

“བླ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ།།ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱིས།།བྱ་བ་གང་བརྩམ་ཡིད་ལ་སྨོན་པ་ལྟར།།ལྷུན་གྱིས་འགྲུབ་པའི་རླུང་རྟའི་དངོས་གྲུབ་རྩོལ།།བླ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ།།ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱིས།།བྱ་བ་གང་བརྩམ......།”ཨ་ཕ་རིག་འཛིན་གྱིས་ཕུ་ཐུང་གཉིས་ཐང་ལ་འདྲུད་ཞོར་དུ་བསང་ཕུད།བསང་འབོད་བྱས།རླུང་རྟ་ཡང་མཆོད་ཀྱིན་འདུགཨ་ཕས་མཆོད་པའི་རླུང་རྟ་རྣམས་བྱ་ཁྱུ་སྐོར་ཅིག་དང་འདྲ་བར་བར་སྣང་དུ་འཕུར་ཏེ་མཚམས་ངེས་ཅན་ཞིག་ལ་སླེབས་རྗེས་ས་ལ་རང་བཞིན་གྱིས་བབས་བྱུང་།ཡིན་ནའང་།རླུང་རྟ་ཁ་ཤས་གྱེན་ནས་གྱེན་དུ་འཕུར་ཏེ་བར་སྣང་ནས་ལྡིང་སྐོར་བྱེད་པ་ལ་བལྟས་ན་ཨ་ཕ་ངེད་གཉིས་ལ་སྐྱེལ་མ་བྱེད་ཀྱིན་ཡོད་པ་དང་ཀུན་ནས་མཚུངས་ཏེ།ངེད་གཉིས་ཕ་ཡུལ་དུ་བྲལ་རག་བར་དུ་ཕྱིར་ས་ལ་གཏན་ནས་འབབ་རྒྱུ་མ་བྱུང་།



དེ་ནི་ང་རང་སློབ་གྲྭ་སོང་ནས་ཟླ་བ་གཅིག་འགོར་བའི་ཉིན་ཞིག་ལ།ང་རང་སློབ་གྲོགས་རབ་གསལ་དང་པ་སངས་སྐྱིད་གཉིས་དང་མཉམ་དུ་རྩེད་མོར་གཡེང་བ་ཡིན།ཉིན་དེར་ཆར་བ་ཡང་འབབ་ཀྱིན་འདུགངེད་ཚང་གི་ཨ་ཕ་རིག་འཛིན་ང་བསུ་རུ་སླེབས་བྱུང་།ཨ་ཕ་རིག་འཛིན་གྱི་སྐྲ་རིང་ཞིང་སུ་ལུ་ཡིན།ཆར་བ་འབབ་པ་དང་མཉམ་དུ་ཁོའི་སྐྲ་རྣམས་བརླན་འདུག་པ་ལ་བལྟས་ན།མི་ཞིག་གིས་སྟབས་བདེ་ཐུག་པ་ཞིག་ཆུ་ཁོལ་མོའི་ནང་དུ་སྤངས་ཡོད་པ་དང་འདྲ།སློབ་གྲོགས་རབ་གསལ་གྱིས་ཨ་ཕ་རིག་འཛིན་མཐོང་མ་ཐག་གད་མོ་གཏིང་ནས་ཤོར་སོང་།དེ་བཞིན་དུ་སློབ་གྲོགས་པ་སངས་སྐྱིད་ཀྱིས་ཀྱང་ཨ་ཕ་རིག་འཛིན་གྱི་སྐྲ་ལ་བལྟས་ཏེ་བགད།ངས་སློབ་གྲོགས་རབ་གསལ་དང་པ་སངས་སྐྱིད་གཉིས་ཀྱི་ཚུལ་དེ་མཐོང་མ་ཐགསེམས་ཀྱིས་མ་བཟོད་པར་ཁོང་གཉིས་ལ་ཁ་གཉེར་སྣ་གཉེར་བྱས་པ་ཡིན།ཨ་ཕ་རིག་འཛིན་ངའི་གམ་དུ་ཡོང་ནས་ངའི་མགོ་ལ་བྱིལ་བྱིལ་འགའ་བྱས།དེ་ནས་སློབ་གྲོགས་རབ་གསལ་དང་པ་སངས་སྐྱིད་གཉིས་ལ་བལྟས་ཏེ“ཁྱེད་གཉིས་སུ་ཚང་གི་ཡིན”ཞེས་དྲིས་པ་ན།སློབ་གྲོགས་རབ་གསལ་གྱིས་ཨ་ཕ་རིག་འཛིན་གྱི་སྐྲ་ལ་ཡང་ཡང་བལྟས་ཏེ“རྒད་པོ་མགྱོགས་ཐུག་མགོ།ཧ་ཧ......”ཟེར་ཞོར་དུ་བྲོས་སོང་།སློབ་གྲོགས་པ་སངས་སྐྱིད་ཀྱིས་ཀྱང“རྒད་པོ་མགྱོགས་ཐུག་མགོ།ཧ་ཧ......”ཟེར་ཞོར་དུ་རབ་གསལ་གྱི་རྗེས་སུ་བྱ་འཕུར་བ་ལྟར་བྲོས་སོང་།ཨ་ཕ་རིག་འཛིན་དགོད་ཞོར་དུ“དེས་ན་ངེད་ཚང་ལ་མགྱོགས་ཐུག་འཐུང་དུ་ཤོག”ཅེས་ཟེར།

 ལོ་ངོ་གསུམ་གྱི་ཡར་སྔོན་དུ།ང་རང་མཐོ་འབྲིང་ལོ་རིམ་གསུམ་པར་སླེབས་པའི་སློབ་མ་ཞིག་ཡིན།ཞོགས་པ་ཞིག་ལ།ཨ་ཕ་རིག་འཛིན་གྱིས་ཕུ་ཐུང་གཉིས་ཐང་ལ་འདྲུད་ཞོར་དུ་ཟོག་རྣམས་ཆུའི་ཕ་རོལ་གྱི་རི་བོ་ཆུང་ཆུང་དེའི་སྒང་ལ་སྐྱེལ་བཞིན་འདུགཨ་ཅེ་མེ་ཏོག་གིས་ང་ལ“ཁྱོད་ཀྱིས་ཨ་ཕ་ལ་རོགས་བྱོས་ཤིག”ཟེར།ངས་ཕྱིར་ཨ་ཅེ་མེ་ཏོག་ལ“འོ་ཡ”ཞེས་ལབ་རྗེས།ཨ་ཕ་རིག་འཛིན་དང་མཉམ་དུ་ཟོག་རྣམས་དེད་ནས་སོང་བ་ཡིན། 

ལོ་དེར་ངེད་ཚང་གི་སྒོ་འགྲམ་གྱི་ཆུ་བོ་ཆུང་ཆུང་དེའི་ཁར་དར་ཆགས་འདུགབྱིས་པ་མང་པོ་ཞིག་ཞོགས་པ་སྔ་མོ་ནས་ལངས་ཏེ་དར་ཞུད་བྱས་ནས་རྩེད་མོར་གཡེང་ཡོད།ཨ་ཕ་རིག་འཛིན་ང་ལ་ཁེན་ནས་གོམ་པ་ཁྱར་ཁྱོར་ངང་དར་ཐོག་ནས་ཆུ་བོའི་ཕལ་རོལ་དུ་སོང་བ་ན།དར་ཞུད་བྱེད་ཀྱིན་པའི་བྱིས་པ་ཞིག་གིས“རྒད་པོ་འདི་གྱོལ་ནས་འགྲོ་བཞིན་འདུགངོ་མ་སྙིང་མ་རྗེ”ཟེར།“འོ་ལེ།ཁོའི་སྐྲ་ཚུགས་ནི་མགྱོགས་ཐུག་སྤངས་མ་ཞིག་དང་འདྲ”ཞེས་བྱིས་པ་གཞན་ཞིག་གིས་དེ་ལྟར་ལབ་མ་ཐགདར་ཞུད་བྱེད་ཀྱིན་པའི་བྱིས་པ་ཚོ་མགྲིན་གཅིག་ཏུ་བགད་སོང་།ཨ་ཕ་རིག་འཛིན་དགོད་ཞོར་དུ“ངའི་མགོ་ན་མགྱོགས་ཐུག་མང་པོ་བཏང་ཡོད”ཅེས་ཟེར།དེ་དུས་ཨ་ཕ་རིག་འཛིན་གྱི་སྐྲ་དེ་འདྲའི་མི་རིང་མོད།སྔར་བཞིན་སྐྲ་སུ་ལུ་ཡིན་པས།ངའི་སེམས་སུ་བྱིས་པ་དེ་དག་གད་མོ་ཤོར་བ་ལ་ཁག་མི་འདུག་སྙམ། 

ལམ་བར་ནས་ཨ་ཕ་རིག་འཛིན་གྱིས་ང་ལ་སློབ་སྦྱོང་གི་ཕྱོགས་ནས་ཁ་ཏ་སློབ་གསོ་མང་པོ་ཞིག་བྱས་བྱུང་།ཁོས་ང་ལ“ཁྱོད་ཀྱིས་མཐོ་རྒྱུགས་ལ་རྒྱུགས་འཕྲོད་སོང་ན།སློབ་གྲྭ་གང་ལ་འགྲོ་དགོས་པ་དང་།མཐོ་རྒྱུགས་ལ་རྒྱུགས་མ་འཕྲོད་ན་ཡང་སློབ་གྲྭ་འགྲོ་སར་རྙེད་སྲིད་མི་སྲིད་སོགས་ལ་བསམ་བློ་མི་གཏོང་བར།མིག་སྔར་དམིགས་པ་རྩེ་གཅིག་གིས་སློབ་སྦྱོང་ལ་འབད་འབུངས་ཧུར་ཐག་བྱོས་དང་།ལམ་ནི་ཅིས་ཀྱང་ཡོད་ངེས”ཟེར།ཨ་ཕ་རིག་འཛིན་གྱི་སྐད་ཆ་དེ་དག་གིས་ངའི་ཡ་ཆུང་སེམས་ཀྱི་ཁུར་བོ་བརྒྱ་ཆ་བདུན་ཅུར་ཇེ་ཡང་དུ་བཏང་སོང་།ཁོས་ད་དུང་ང་ལ“ཁྱོད་ཀྱིས་ནམ་ཞར་བོད་ཡིག་སྦྱོངས་དང་མ་འོངས་པར་ལས་བྱེད་པ་ཞིག་ལ་འགྱུར་མ་ཐུབ་རུང་ཁྱོད་ལ་ལེ་འདེད་བྱེད་མཁན་མེད”ཟེར། 

བོད་ཡིག་ཡག་པོ་ཞིག་སྦྱོང་རྒྱུ་ནི་ཨ་ཕ་རིག་འཛིན་གྱིས་ང་ལ་བཞག་པའི་ཆེས་ཆེ་བའི་རེ་བ་ཡིན།ངས་ཕྱིར་ཨ་ཕ་རིག་འཛིན་ལ“ངས་བོད་ཡིག་གི་ཉིན་ཐོ་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད”ཅེས་བཤད་པ་ན།ཨ་ཕ་རིག་འཛིན་གྱིས“བོད་ཡིག་གི་ཉིན་ཐོ་འབྲི་རྒྱུ་རྒྱུན་འཁྱོངས་བྱོས་དང་།ཁྱོད་ཀྱི་བོད་ཡིག་གི་སྦྱངས་འབྲས་ཉིན་རེ་ནས་ཉིན་རེ་བཞིན་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་པ་ལ་ཡིད་ཆེས་ཡོད”ཅེས་ལབ་མ་ཐགངའི་མིག་ལམ་དུ་ཨ་ཕས་ང་རང་སློབ་གྲྭར་སྐྱེལ་བའི་ཉིན་མོར་བསང་ཕུད།བསང་འབོད་བྱས།རླུང་རྟ་མཆོད་པ་དག་ཡིད་ལ་ཤར་བྱུང་བ་དང་།ཨ་ཕས་མཆོད་པའི་རླུང་རྟ་ཁ་ཤས་བར་སྣང་དུ་གྱེན་ནས་གྱེན་དུ་འཕུར་སོང་བ་ཡང་ཡིད་ལ་ཝ་ལེར་འཁོར་བྱུང་།

ཨ་ཕ་རིག་འཛིན་ངེད་གཉིས་ཀྱིས་ཟོག་རྣམས་རི་སྒང་དུ་འདེད་ཞོར་དུ་ལབ་གླེང་སྣ་ཚོགས་བྱས་པ་ན།ངའི་དྲན་འཛིན་གྱི་ལྕགས་ཀྱུའི་ངོས་སུ་འདས་དོན་གཞན་ཞིག་འགུག་བྱུང་།ང་རང་སློབ་ཆུང་འགྲིམ་ནས་གཟའ་འཁོར་གཅིག་འགོར་རྗེས།ཨ་ཕ་རིག་འཛིན་རང་འགུལ་ངང་ང་རང་བསུ་རུ་སླེབས་བྱུང་།ངས་དཔེ་ཁུག་རྒྱབ་ཏུ་ཁུར་ཏེ་ཨ་ཕའི་རྗེས་བསྙེགས་ནས་སོང་།ཨ་ཕ་རིག་འཛིན་གྱིས་ཕུ་ཐུང་གཉིས་ཀ་ཐང་ལ་དྲུད་དེ་གོམ་པ་ས་སྤོ་རྡོ་སྤོ་བྱེད་དུས་སུ།ངའི་གོམ་པ་ཆུང་དྲགས་པས་ཨ་ཕའི་རྗེས་སྙེག་མ་ཐུབ་པར་སློབ་གྲྭའི་ནང་གི་གནས་ཚུལ་འགའ་བཤད་རྩིས་བྱས་པ་ན།ཨ་ཕས་གོམ་པ་ཇེ་དལ་དུ་བཏང་ནས་ངེད་གཉིས་ལབ་གླེང་བྱེད་འགོ་བརྩམས།

“ཨ་ཕ།ཀ་མད་སུམ་ཅུ་ཀློག་ཤེས་བྱུང་།”

“ཨ་ཕའི་བུ་མོ་རིག་ཡག་མ།”

“ཨ་ཕ།ང་རང་ནར་སོན་རྗེས་བོད་ཡིག་དགེ་རྒན་ཞིག་བྱེད་རྒྱུ་ཡིན།”

“བཟང་གིཨ་ཕའི་བུ་མོ་རིག་ཡག་མ།དེ་དུས་ཨ་ཕ་ཁྱོད་ཀྱི་སློབ་མ་བྱེད་རྒྱུ་ཡིན།”

“ཨ་ཕས་ཀ་མད་སུམ་ཅུ་འབྲི་མ་ཤེས་དུས་ལག་མགོར་དབྱུག་པས་རྒྱག་ངེས།”

“བཟང་གིཨ་ཕའི་བུ་མོ་རིག་ཡག་མ།”

......



ང་རང་མཐོ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ།ཞོགས་པའི་ཆུ་ཚོད་ལྔའི་སྟེང་ལ་ཡར་ལངས་ཏེ་སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་པ་ཡིན།ངས་ཉི་མ་རེ་རེ་བཞིན་ལོ་རྒྱུས་དང་ས་ཁམས།ཆབ་སྲིད་སོགས་རིག་ཚན་སྐོར་གྱི་རྒྱུགས་ཤོག་གི་དཔེ་ཆ་མཐུག་ཤོས་རེ་འབྲི་ཚར་བ་བྱས་ཤིང་།དབྱིན་ཡིག་གི་ཐ་སྙད་གསར་བ་དང་རྩོམ་ཡིག་ཁ་ཤས།རྒྱ་ཡིག་གི་རྩོམ་ཡིག་ཁ་ཤས་སོགས་བློ་ལ་ངེས་པ་བྱས་པ་ཡིན།

དེ་ལྟར་ཉི་མ་རེ་རེ་བཞིན་ཕར་འདས་བཞིན་པའི་སྐབས་སུ།ངའི་སེམས་སུ་རང་ཉིད་ནི་སློབ་གྲོགས་གཞན་ཚོ་དང་འདྲ་བར་རྒྱུགས་སྐར་ལ་ཤི་འཐམ་རོ་འཐམ་བྱས་ཏེ།མཐར་རྒྱུགས་སྐར་གྱི་ཁྲོད་ནས་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བྱས་པ་ཡིན།

མཐོ་རྒྱུགས་ཀྱི་ཚོད་ལྟའི་རྒྱུགས་གཞིའི་ཁྲོད་དུ།ངས་རྒྱ་ཡིག་གི་རྩོམ་ཡིག་ནི་ཡར་སྔོན་སྦྱོང་བརྡར་གྱི་ཆེད་དུ་བློ་ལ་བཟུང་བའི་གཞན་རྩོམ་ཞིག་ལ་འགྱུར་བ་ཅུང་ཙམ་བཏང་ནས་བྲིས་པ་ཡིན།ཕྱིར་ཉིན་རྒྱ་ཡིག་དགེ་རྒན་གྱིས་རྒྱ་ཡིག་གི་རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་སྐབས།ངས་རྒྱ་ཡིག་ལ་རྒྱུགས་འཕྲོད་འདུག་པ་མ་ཟད།ངས་བྲིས་པའི་རྩོམ་ཡིག་དེ་ཧ་ཅང་ཡག་པོ་འདུག་ཅེས་རྒྱ་ཡིག་དགེ་རྒན་གྱིས་ང་ལ་བསྟོད་བསྔགས་བྱས་སོང་།དེ་དུས་ངའི་སེམས་སུ་རྒྱུགས་ལེན་པ་ནི་ཆུ་ཚད་ཡོད་མེད་མི་གཙོ་སྟེ།དེ་ནི་ཐབས་ཤེས་ཤིག་རེད།ངས་ཅིས་ཀྱང་ལྐོག་ཏུ་གྱུར་བའི་ཐབས་ཤེས་འདི་ལག་ལེན་བྱེད་པར་རྒྱུན་མ་བཏང་ཚེ།ངས་མཐོ་རྒྱུགས་ལ་རྒྱུགས་འཕྲོད་ཐུབ་པ་ལ་སེམས་ཁུར་བྱེད་མི་དགོས་སྙམ།

མཐོ་རྒྱུགས་བླངས་ཚར་རྗེས།ང་ཚོའི་སློབ་གྲྭས་མཐོ་རྒྱུགས་ལེན་པའི་སློབ་མ་ཚོ་ཕྱིར་ཕ་ཡུལ་དུ་མངགས་ཏེ།མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱེད་པ་ལ་སྒུག་ཏུ་བཅུག་བྱུང་།དེ་དུས་ང་རང་ཕ་ཡུལ་ཡོད་རུང་།ང་ཡི་སེམས་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྲོད་དུ་འཐིམས་ཏེ་མཚན་མོ་ཡང་གཡེང་ཁ་ལས་ལྷུང་བ་སོགས་རྣམ་སྨིན་ཅན་གྱི་རྨི་ལམ་སྣ་ཚོགས་རྨིས་པ་ཨ་ཕ་རིག་འཛིན་ལ་བཤད་པ་ན།ཨ་ཕ་རིག་འཛིན་གྱིས་ངས་རྒྱུན་དུ་མཐོ་རྒྱུགས་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་རྟོགས་པས།ཁོས་ང་ལ་སེམས་གསོའི་ཚུལ་ཏུ་འདས་དོན་ཞིག་གླེང་བྱུང་།

ལོ་དེའི་དབྱར་ཁ།ཨ་ཕ་རིག་འཛིན་གྱིས་རྒོད་མ་རྐྱང་ལི་མ་བཞོན་ཏེ་གླིང་གི་བཞི་རྒྱལ་གསོ་རུ་འགྲོ་དུས།སྡེ་བའི་སྐྱེས་པ་ཚོས་ཨ་ཕ་ལ་རིག་འཛིན་ལ་བཞོན་རྟར་ཕོ་རྟ་ཞིག་ཀྱང་མི་འདུག་ཅེས་དམའ་འབེབས་དང་འཕྱ་སྨོད་བྱས་པ་མ་ཟད།ཐ་ན་ཨ་ཕའི་ཤ་ཉེ་གཉིས་ཀ་དང་ཨ་མའི་མིང་བོ་སོགས་ཀྱིས་ཀྱང་ཨ་ཕ་རིག་འཛིན་ལ་སྡིགས་མོ་བྱས་ཏེ།རྒོད་མ་ཞོན་ནས་ལབ་རྩེ་གསོ་སྲོལ་ག་ལ་ཡོད།དེ་ནི་སྡེ་བའི་མཚང་རེད།གཉེན་ཉེ་དག་གི་མཚང་རེད།ཁྱོད་རང་ཉིད་ཀྱང་མི་གྲལ་ནས་ཕུད་པ་མ་ཡིན་ནམ།ད་ཐེངས་ལབ་རྩེ་གསོ་སར་ཡོང་མི་ཆོག་ཅེས་ཨ་ཕར་བདའ་བདས་བྱས་མོད།ཨ་ཕ་རིག་འཛིན་གྱིས་དེ་དག་ལ་ཁ་ཡ་གཅིག་ཀྱང་མ་བྱས་པར།ཁོས་ལྷག་བསམ་རྣམ་དག་གིས་བསང་ཕུད།བསང་འབོད་བྱས།རླུང་རྟ་མཆོད་རྗེས་རང་ཉིད་གཅིག་པུ་ཕ་ཡུལ་ལ་ལོག་པ་ཡིན་ཟེར།

“རྗེས་སུ་གོ་ཐོས་ལྟར་ན།ཉིན་དེར་བདག་གིས་བསྒྲོན་པའི་བསང་མེ་ལ་གཟིམ་རྒྱུ་མེད་པར་གྱེན་ནས་གྱེན་དུ་འབར་ཀྱིན་འདུག”ཟེར།ཨ་ཕ་རིག་འཛིན་ལྷུག་ལྷུག་ཏུ་དགོད་ཞོར་དུ“དེ་ནི་ཅི་འདྲའི་དགོད་སྤྲོ་བ་ཞིག་རེད་ཨང་།“དེ་ནས་ཡང་ཁོས་ང་ལ”སློབ་ཆེན་འགྲིམ་པར་རྒྱུགས་སྐར་གཙོབོ་མ་རེད།བོད་རང་གི་རིག་གནས་སྦྱོང་རྒྱུ་ནི་གཙོ་བོ་རེད།དེ་མིན......།”

“ཏུའུ......ཏུའུ......་ཏུའུ......”ཞེས་ཨ་ཕ་རིག་འཛིན་ལ་ཕུ་བོ་རྒྱ་མཚོའི་ཁ་པར་ཞིག་འབྱོར་ཏེ་ཁོའི་བཤད་མཚམས་བཅད་སོང་།

“ཨ་ཕ་ཁྱེད་བདེ་མོ།”

“བདེ་མོ་ཡིན།ཕ་ལོ་ཁྱོད་ཚོ་ཨོ་སི་ཊོ་ལི་ཡ་ལ་འབྱོར་སོང་ངམ”ཞེས་ཨ་ཕ་རིག་འཛིན་གྱིས་ཕུ་བོ་རྒྱ་མཚོ་ལ་དེ་ལྟར་འདྲི་བཞིན་འདུག

ཨ་ཕས་ཁ་པར་རྣ་རྩ་ལ་བཞག་ཏེ་ངའི་གམ་ནས་བུད་སོང་། ཁོས་ཕུ་ཐུང་གཉིས་ཐང་ལ་དྲུད་དེ་སྒེའུ་ཁུང་འགྲམ་ནས་ཕར་འགྲོ་ཚུར་འགྲོའི་ངང་ཕུ་བོ་དང་ལབ་གླེང་སྣ་ཚོགས་བྱས་སོང་།

 



སྟོན་ཟླ་གསུམ་པའི་དུས་ཚུགས་མཇུག་རྫོགས་པ་དང་འདྲ་བར།སྡོང་བོའི་ལོ་མ་སེར་པོ་རྣམས་རེ་རེ་བཞིན་ས་ཆེན་གྱི་བང་དུ་འཐོར་ཏེ།དགུན་གྱི་ཁ་བ་འབབ་པ་ལ་རེ་སྒུག་བྱེད་ཀྱིན་འདུག 

ངས་དགུན་ཁའི་གྲང་རླུང་དང་ཁ་བ་ལ་ལེ་འདེད་བྱེད་ཞོར།སློབ་ཆེན་གྱི་གྲོགས་མོ་ཟླ་བཟང་ལྷ་མོ་དང་མཉམ་དུ་དཔྱད་རྩོམ་ཞིག་གི་རྒྱུ་ཆ་འཚོལ་སྡུད་བྱེད་པ་ལ་བྲེལ་ནས་ཡོད། 

གྲོགས་མོ་ཟླ་བཟང་ལྷ་མོ་ངེད་གཉིས་ཀྱིས་རྒྱབ་ཁུག་ནང་དུ་གློག་གླད་དང་ཁ་པར།ཟིན་བྲིས་སོགས་བཅུག་སྟེ་ཐད་ཀར་སློབ་གྲྭའི་སྒོ་རུ་བུད་པ་ན།དུས་དེར་ཏག་ཏག་གླ་བྱེད་རླངས་འཁོར་ཞིག་ཆེད་དུ་ངེད་གཉིས་བསུ་རུ་བསླེབས་པ་དང་འདྲ་བར།ངེད་གཉིས་ཀྱི་ཐག་ཉེ་སར་བསྡད་བྱུང་།ཟླ་བཟང་ལྷ་མོ་ངེད་གཉིས་གླ་བྱེད་རླངས་འཁོར་ནང་དུ་བསྡད་དེ་ཁོ་ཧྥེ་ཁང་ཞིག་ཏུ་སོང་།ཁོ་ཧྥེ་ཁང་དུ་མི་གཅིག་འདུག་ས་དང་མི་གཉིས་འདུག་ས།མི་མང་པོ་འདུག་ས་སོགས་སོ་སོར་དབྱེ་ཡོད་ལ།ཟླ་བཟང་ལྷ་མོ་ངེད་གཉིས་མི་གཉིས་འདུག་སར་བསྡད་པ་ཡིན།

ཟླ་བཟང་ལྷ་མོ་ངེད་གཉིས་ཀྱིས་གློག་ཀླད་དང་ཁ་པར་གྱི་སྒོ་ཕྱེས་ཏེ།ཉིན་དེའི་གསར་འགྱུར་དག་ལ་མིག་ཉུལ་དང་རྣ་ཉན་བྱས་པ་ན།ཉིན་དེར་གོ་ལ་ཕྱི་ནང་གཡོ་འགུལ་ཐེབས་པའི་གསར་འགྱུར་ཞིག་ནི་ཨ་རིའི་སྲིད་འཛིན་དུ་སྐུ་ཞབས་ཁྲོམ་ཕོ་ལགས་བསྐོས་འདུག་པ་དེ་དྲ་ལམ་གང་སར་ཁྱབ་བསྒྲགས་བྱེད་ཀྱིན་འདུགཉིན་དེའི་ཨ་རིའི་གསར་འགྱུར་དེས་ངའི་སེམས་མག་མོག་ཏུ་བཏང་སོང་བ་དང་།ངས་མུ་མཐུད་དུ་གསར་འགྱུར་དེ་ལ་ལྟ་རྒྱུ་དང་ཉན་རྒྱུ་ལ་སུན་སྣང་སྐྱེས་བྱུང་། 

ངས་དྲ་སྒྲོ་བརྒྱབ་ནས་ཅང་མ་འགོར་བར།ཨ་ཕ་རིག་འཛིན་གྱིས་ང་ལ་ཁ་པར་འབྱོར་སོང་།ཁོས“རྒྱ་མཚོ་ཨོ་སི་ཊི་ལི་ཡ་ནས་༩༣རྟགས་ཅན་གྱི་གྲུ་དཔོན་དུ་བསྐོས་འདུག”ཟེར།ཁ་པར་ཕ་རོལ་ལས་ཨ་ཕ་རིག་འཛིན་ལ་སྤྲོ་སྣང་ཚད་མེད་སྐྱེས་བཞིན་ཡོད་པ་ཤེས་ཐུབ་སྟེ“རྒྱ་མཚོ་གྲུ་དཔོན་ཡིན་པ་མ་ཟད།ད་དུང་ཁོ་ཚོའི་རུ་ཁག་ནི་བོད་མི་རྐྱང་རྐྱང་རེད”ཅེས་ང་ལ་ཡང་བསྐྱར་བཤད་བྱུང་།

ཕུ་བོ་རྒྱ་མཚོའི་གནས་ཚུལ་དེ་ངེད་ཚང་ལ་མཚོན་ན་གསར་འགྱུར་ཆེ་ཤོས་ཤིག་ཡིན།ལྷག་པར་དུ་ཨ་ཕ་རིག་འཛིན་ལ་མཚོན་ན་ང་རྒྱལ་སྐྱེ་དགོས་པའི་གསར་འགྱུར་ཞིག་ཅི་ལ་མིན་ཏེ“ང་རང་དགོན་པའི་ནང་དུ་རྒྱ་མཚོར་སྐྱབས་འཇུག་ཞུ་རུ་འགྲོ་བཞིན་ཡོད།ཞོར་དུ་ཁྱིམ་ཚང་གི་རླུང་རྟའི་ཆེད་དུ་བསང་ཆེན་ཞིག་ཀྱང་གཏོང་འདང་ཡིན།རྗེས་མར་ཁ་པར་གཏོང་ཡོང”ཟེར།ཨ་ཕ་རིག་འཛིན་གྱིས་ཁ་པར་སྒོ་བརྒྱབ་སོང་མོད།ངའི་སེམས་སུ་དེ་མ་ཐག་ཨ་ཕ་རིག་འཛིན་གྱིས་ཕུ་ཐུང་གཉིས་ཐང་ལ་དྲུད་དེ་དབུ་སྐྲ་སུ་ལུ་ངང་བསང་ཕུད།བསང་འབོད་བྱས།རླུང་རྟ་མཆོད་ཀྱིན་པའི་རྣམ་པ་དྲན་པ་མ་ཟད།ཨ་ཕས་མཆོད་པའི་རླུང་རྟ་རྣམས་ཨ་སྔོན་དབྱིངས་སུ་གྱེན་ནས་གྱེན་དུ་འཕུར་ཏེ་མར་ས་ལ་གཏན་ནས་འབབ་མི་སྲིད་པའི་རྣམ་པ་ཡང་ཡིད་ལ་ཝ་ལེར་འཁོར་བྱུང་།།


རྩོམ་ཡིག་རྗེས་མ།
སྐོར་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1