སྐོར་ལམ།

རབ་གསལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


མཐོ་སྒང་གི་རི་གྲོང་འདིར་ནམ་མ་ལངས་གོང་། སྐྱ་ཐོའི་ཁང་མིག་ཆུང་ངུ་དེར་སྔ་མོ་ནས་ནམ་ལངས་འདུག དེ་ནི་སྐྱ་ཐོ་ལ་མཚོན་ན་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་སྐྱ་ཐོས་རང་ཉིད་ལ་དབང་བའི་ཁང་མིག་ཆུང་ངུ་དེར་གྲག་འགུལ་ཕྲན་བུ་ཞིག་སློང་འགོ་བརྩམས།

གྲག་འགུལ་ཕྲན་བུ་དེ་ཁང་མིག་ནང་ནས་རིམ་བཞིན་ཁང་བའི་ཕྱིར་རུ་ཐོན།

སྐྱ་ཐོ་ཟླ་འོད་འོག་གི་རབ་རིབ་ལས་མི་མཐོང་བའི་རང་ཉིད་ཀྱི་གྲིབ་གཟུགས་དང་འགྲོགས་ནས་དགོན་པའི་ཕྱོགས་སུ་སྙེག སྐབས་རེར་རྒྱབ་ཕྱོགས་ནས་ལྡང་འོང་བའི་རླུང་ཆེན་གྱི་སྒྲ་ཡིས་སྐྱ་ཐོའི་ཡ་ཁོག་གི་སྙིང་ཆུང་ལུ་གུ་བཞིན་ལྡིང་དུ་བཅུག་ཅིང་། མུན་ནག་དང་རླུང་ཆེན་གཉིས་ཀྱིས་བརྡབ་གསིག་ཁྲོད་ནས་སྐྱ་ཐོས་གོམ་པའང་ཇེ་མགྱོགས་སུ་མི་སྤོ་ཁ་མེད་དུ་གྱུར།

སྐྱ་རེངས་མ་ཤར་གོང་དུ་ཁེར་རྐྱང་གི་ལྷགས་རླུང་དེས་འབེན་འཇགས་ཀྱི་སྐོར་ལམ་དུ་ས་རྡུལ་དང་གད་སྙིགས་འཕྱག་ཀྱིན་གདའ། གཉིད་མ་སད་ཀྱིས་ཡོང་བའི་སྐྱ་ཐོ་ནི་དེ་རིང་གི་དགོན་པ་སྐོར་མཁན་དང་པོ་དེ་ཡིན་ལ་སྐྱ་རེངས་བསུ་མཁན་གྱི་ཕོ་ཉ་ཐོག་མ་དེའང་ཡིན་ཤས་ཆེ།སྐྱ་ཐོའི་དོན་ལྔ་སྣོད་དྲུག་ནས་ཐོན་ཞིང་མགྲིན་པ་བརྒྱུད་དེ་ཡོང་བའི་སྐྱབས་འགྲོའི་སྒྲ་གཉོམ་པོ་དེ་ལྷགས་རླུང་གིས་ས་རྡུལ་དང་ལྷན་དུ་བར་སྣང་དུ་གཏོར།ཤུག་སྡོང་ཐོག་ཏུ་གཉིད་ལྕོག་བརྒྱབ་བའི་བྱེའུ་ཆུང་དེའང་རླུང་འཚུབ་དེས་དཀྲོགས་སོང་།

“དཔལ་འབྱོར་གྱིས་དེ་རིང་གི་གནད་དོན་ཐག་གཅོད་ལ།ཆབ་སྲིད་ཀྱིས་སང་ཉིན་གྱི་གནད་དོན་ཐག་གཅོད་ཐུབ།སློབ་གསོས་མ་འོངས་པའི་གནད་དོན་ཐག་ཆོད་ལ།ཆོས་ཀྱིས་ཕྱི་མའི་གནད་དོན་ཐག་ཆོད་ངེས།ད་ལྟ་ཁྱོད་ཚོ་ལོ་ཆུང་རེད།སློབ་སྦྱོང་གི་ཞོར་དུ་ཁོམ་དུས་ཕྱག་སྐོར་བྱས་ན་ཧ་ཅང་བཟང་།ང་ཚོ་ལྟ་བུས་ལུས་ཀྱིས་སེམས་པའི་རྗེས་ཟིན་གྱི་མི་འདུག”ལོ་གཅིག་གི་ཡར་སྔོན་ལ་ཨ་མྱེས་ཆོས་འཕེལ་གྱིས་བཤད་པའི་སྐད་ཆ་དག་ལོང་ཁོག་གི་བྲག་ཅ་ལྟར་ཕྱིར་དེ་རིང་སྐོར་ལམ་དུ་སྐྱ་ཐོའི་སྣང་ངོར་འཁོར་བ་དང་།གཟུགས་ཆེ་ཞིང་ཤ་རྒྱགས་ལ།སྣ་ཡི་གཟེངས་མཐོ་ལ་སྣ་སྒང་དྲང་བའི་ཨ་མྱེས་ཆོས་འཕེལ་གྱི་གཟུགས་བརྙན་གསོན་པོ་སྐྱ་ཐོའི་དྲན་པའི་ཡོལ་ངོས་སུ་མེ་ལོང་བཞིན་ཤར་བས། སྐྱ་ཐོའི་གོམ་པའང་ཇེ་དལ་དུ་སོང་ནས་ཐ་ན་འགྲོ་ཡོད་མེད་ཀྱང་མི་ཤེས་པའི་ཚོད་དུ་སླེབས་འདུག

སྐྱ་ཐོ་ནི་ཀུན་རྟོག་མཐོ་ཞིང་འཆར་སྒོ་ཡངས་ལ། འཆར་ཡན་ལ་དགའ་བའི་མི་ཞིག་ཏུ་གྱུར་སོང་བ་དེ་ཡང་དག་པའི་ཞིང་ཁམས་སུ་ཕེབས་ཚར་བའི་ཨ་མྱེས་ཆོས་འཕེལ་གྱིས་བཤད་པའི་གནའ་གཏམ་དང་སྒྲུང་ལས་འཁྲུངས་པར་ཡིན་ཞེས་སྐྱ་ཐོས་ནམ་རྒྱུན་བཤད་བཞིན་ཡོད་ལ། ཧ་ཅང་དལ་བའི་གོམ་ཁ་ལྗིད་ཏིག་གེར་དེ་རྡོ་གཅལ་ལས་གྲུབ་པའི་སྐོར་ལམ་ཐོག་ཏུ་སྤོ་ཞོར། ད་ནི་རང་ཉིད་ཨ་མྱེས་ཆོས་འཕེལ་དང་བར་ཐག་ཇེ་རིང་དུ་སོང་བར་མ་ཚད་སྒྲུང་དང་གནའ་གཏམ་སོགས་ཀྱང་རང་ཉིད་དང་བར་ཐག་ངེས་ཅན་ཞིག་ཏུ་གྱེས་ཡོད་པར་ཚོར།མིག་ཀོང་ནས་རང་དབང་མེད་པར་བག་ཚྭ་ཅན་གྱི་མིག་ཆུ་ཐིགས་པ་འགའ་མུ་ཏིག་རྡོག་པོ་ཞིག་དང་འདྲ་བར་ཅལ་སྒྲ་དང་བཅས་རྡོ་གཅལ་སྟེང་དུ་ལྷུང་སོང་།

དྲི་མེད་འོད་ཟེར་ནི་སྐྱ་ཐོའི་དངོས་མིང་ཡིན་ལ། དྲི་མེད་འོད་ཟེར་ནི་བླ་མ་ཉི་མ་འོད་ཟེར་གྱིས་གནང་བ་དང་། སྐྱ་ཐོ་ཞེས་པའི་མཚང་མིང་དེ་ནི་ཁོའི་ཨ་མྱེས་ཆོས་འཕེལ་གྱིས་བཏགས་པ་རེད། དྲི་མེད་འོད་ཟེར་ཆུང་དུས་སུ་ནམ་ཞར་བྱིས་པ་ཚོ་དང་མཉམ་དུ་ཞིང་གྲོང་གི་ཐལ་རྡུལ་ཁྲོད་དུ་རྩེད་མོར་གཡེང་ནས་མགོ་དང་ཁ་ངོ་། ལྭ་བ་སོགས་སྐྱ་སོབ་སོབ་ཏུ་བཟོས་ནས་ཕྱིར་ཁྱིམ་དུ་འོང་དུས། “ངེད་ཚང་གི་དྲི་མེད་འོད་ཟེར་ལ་སྐྱ་ཐོ་ཞེས་བཏགས་ན་ཁྲིགས་སེ་རེད།” སྐབས་ཤིག་ལ་ཨ་མྱེས་ཆོས་འཕེལ་གྱིས་ཀུ་རེའི་ཚུལ་དུ་དེ་ལྟར་བརྗོད་ཅིང་། དེ་ནས་དྲི་མེད་འོད་ཟེར་གྱི་ཕ་མས་ཀྱང་སྐྱ་ཐོ་སྐྱ་ཐོ་ཞེས་བོས་པས། རྗེས་སུ་སྐྱ་ཐོའི་འཛིན་བདག་མ་གཏོགས་དྲི་མེད་འོད་ཟེར་ཞེས་འབོད་མཁན་མེད་ལ། ཐ་ན་སློབ་གྲོགས་ཚོས་ཀྱང་སྐྱ་ཐོ་སྐྱ་ཐོ་ཞེས་བོས། དང་ཐོག་སྐྱ་ཐོ་ཞེས་མཚང་མིང་དེ་སློབ་གྲོགས་ཚོས་བསམ་གཟས་ནས་རྣ་ལམ་དུ་བརྫངས་འོང་དུས་སྐྱ་ཐོ་ཁོང་ཁྲོ་ལངས་མྱོང་མོད། ད་ནི་སྣང་ཚུལ་དེ་རྒྱུན་ལྡན་དུ་གྱུར་ཞིང་། སྐྱ་ཐོ་ཡང་གོམས་ལོབས་སུ་གྱུར་ཡོད།

སྐྱ་མདའ་དང་པོ་གཏོང་དུས་སྐོར་ལམ་དུ་འུར་ཟིང་གློ་བུར་བ་ཞིག་ལངས་བྱུང་།

ཞོགས་སྔ་ལངས་བྱས་ནས་ཡོང་བའི་མི་རྣམས་སྐོར་ལམ་ནང་དུ་གཅིག་འཕྲོར་གཅིག་མཐུད་བྱས་མཐར།དབེན་འཇགས་ཀྱི་སྐོར་ལམ་དེ་མ་ཐག་ཟང་ཟིང་དུ་གྱུར།དད་ལྡན་ཚོས་སྐོར་བ་མ་བྱེད་གོང་དུ་དགོན་པའི་སྒོ་ཆེན་གྱི་མདུན་དུ་ལག་ཟུང་ཐོད་ལ་སྦྱར་ནས་སྨོན་ལམ་རྒྱག་ཅིང་གསོལ་བ་འདེབས་ཀྱིན་འདུག

ཟང་ཟིང་ཆེ་བའི་སྐོར་ལམ་དུ་ཤུགས་ཀྱིས་བརྟས་པའི་རྡོག་སྒྲ་དང་རླུང་སྒྲ་གཉིས་གཞི་གཅིག་ཏུ་འདྲེས།

སྣུམ་ཤིག་ཤིག་གི་སྐོར་ལམ་དུ་མི་རྣམས་ནི་སྲབ་ཀྱིས་མ་ཐུབ་པའི་རྟ་ཕོ་ལྟར་མགྱོགས་ཤིག་གེར་ངང་མདུན་དུ་འགྲོ་བཞིན་གདའ། སྤྱིར་ཆོས་ཀྱི་འཁོར་ལོ་དལ་གྱིས་བསྐོར་ཞེས་བཤད་སྲོལ་ཡོད་ཀྱང་། དེ་རིང་སྐོར་ལམ་དུ་མཐོང་བའི་སྐྱེ་བོ་རྣམས་དེ་ལས་ལྡོག་འདུག་པའི་སྣང་བ་སྟེར། ཤུགས་ཀྱིས་བརྟས་པའི་རྡོག་སྒྲ་དང་མི་རྣམས་ཀྱི་ཁ་ནས་ཐོན་པའི་མ་ཎི་དང་སྐྱབས་འགྲོའི་སྒྲ་རྣམས་སྐོར་ལམ་ནང་དུ་མཉམ་སྒྲོག་རོལ་དབྱངས་ལྟར་གྱུར་ཞིང་།མཐོ་དམའ་དང་སྦོམ་ཕྲ་མི་གཅིག་པའི་རོལ་དབྱངས་ཁྲོད་ནས་ཨ་ཁུ་བློ་ཤེས་ཀྱིས་ཀྱང་སྐོར་བ་བྱེད་ཀྱིན་ཡོད་པ་མཐོང་།ཨ་ཁུ་བློ་ཤེས་ནི་གཟུགས་རིང་ཞིང་ཤ་རྒྱགས་ལ།དམིགས་གསལ་གྱི་ཁྱད་ཆོས་ནི་རིང་ཞིང་སྦོམ་པའི་སྣ་དེ་ཡིན།

“ཕོ་མཛེས་སྣ་ཆེ་དགོས། མོ་མཛེས་མིག་ཆེ་དགོས།”ཁ་དཔེ་འདི་ནི་ཨ་ཁུ་བློ་ཤེས་ཀྱིས་ཁ་ནས་ནམ་ཞར་ཆུ་བཞུར་བཞུར་བྱེད་བཞིན་ཡོད་ཅིང་། དེ་རིང་ཡང་ཨ་ཁུ་བློ་ཤེས་ཀྱིས་མགོ་སྣམ་གསར་རྐྱང་ཞིག་གྱོན་འདུག་ཅིང་།མིག་ཤེལ་ཁ་དོག་ཞ་ཉེ་སྐྱེས་ཅན་ཞིག་གོན་ཡོད་ལ་ལག་གཡོན་པས་བྷོ་དྷི་ཕྲེང་བ་ཞིག་བགྲང་གིན་འདུག གཡས་པས་བྱུ་རུའི་ཕྲ་རྒྱན་བཀོད་པའི་དངུལ་མདོག་གི་འཁོར་ལོ་ཞིག་བསྐོར་ཡོད་པ་དང་།ཕར་བལྟས་ཚོད་ལ་སྐྱེས་པ་ཕོ་སྒོ་ཅན་ཞིག་ལོས་ཡིན་སྙམ་པའི་སྣང་བ་སྟེར།འོན་ཏེ། ཁ་ནས་འབྲུ་མི་གསལ་བའི་སྐྱབས་འགྲོའི་སྒྲ་གཉོམ་པོ་དེས་སྐྱ་ཐོ་ལ་ཨ་ཁུ་ཁོང་གི་ལོ་ན་དང་མི་འཚམ་པའི་སྣང་བ་ཞིག་སྟེར།

“སྐོར་བ་བྱེད་ཀྱིན་ཡོད་དམ།”ཨ་ཁུ་བློ་ཤེས་ཀྱིས་མིག་གི་མདའ་མོ་ཁ་ཐུམ་གོན་ཡོད་པའི་བུ་མོ་གཟུགས་རིང་ཞིག་གི་ཕྱོགས་སུ་འཕངས་ནས་འཛུམ་དམུལ་དམུལ་གྱིས་དེ་ལྟར་དྲིས།

“ཨུན་ཨུན།”

“སྐོར་བ་ཅི་ཙམ་བསྐོར་སོང་།”

“སུམ་ཅུ་ཡས་མས།”

“ཁྱོད་ནམ་བསྐོར་དུ་ཡོང་བ་ཡིན།”

“སྔ་དྲོའི་དུས་ཚོད་དྲུག་པ་ཡས་མས་ནས་ཡོང་བ་ཡིན།”

“ངའང་དུས་ཚོད་དྲུག་པའི་ཐོག་ཏུ་ཡོང་བ་ཡིན། ངས་བསྐོར་བ་ཞེ་གཉིས་བསྐོར་ཚར།”མོས་ཨ་ཁུ་བློ་ཤེས་ལ་སྐོར་བ་ཅི་ཙམ་བསྐོར་སོང་ཞེས་མ་དྲིས་ཀྱང་ཨ་ཁུ་བློ་ཤེས་ཀྱིས་རང་འགུལ་གྱིས་དེ་ལྟར་ལན་བཏབ།

“འོ། མང་པོ་བསྐོར་འདུགཁྱོད་ཀྱིས་སྐོར་དང་། ངས་ངལ་ཅུང་ཙམ་གསོ།”ཁ་ཐུམ་གོན་པའི་བུ་མོ་དེས་དེ་ལྟར་འཆད་ཞོར་དུ་སྐོར་ལམ་འགྲམ་གྱི་རྐུབ་སྟེགས་རྒྱབ་བསྙེས་མ་ཞིག་གི་སྟེང་དུ་བསྡད་བྱུང་། “ང་ཡང་ཅུང་འདུག་དགོས་བསམ་བཞིན་པའི་སྒང་ཡིན། ལྟོས་དང་ངའི་རྔུལ་ཆུ།”ཨུ་ཚུགས་ཆེ་བའི་ཨ་ཁུ་བློ་ཤེས་ཀྱིས་རང་གི་འགྲམ་རྩ་དང་སྣ་རྩེ་ནས་བཞུར་ཡོང་བའི་རྔུལ་ཆུ་དག་མགོ་སྣམ་ཕུ་ཐུང་གིས་འབྱིད་ཞོར་དུ་ཁ་ཐུམ་གོན་པའི་བུ་མོ་གཟུགས་རིང་དེའི་འགྲམ་དུ་བསྡད། 

“ངས་ཁྱོད་གང་ཞིག་ནས་མཐོང་མྱོང་བ་འདྲ།”ཨ་ཁུ་བློ་ཤེས་ཀྱིས་ལག་གཡས་པས་མགོ་ལ་ཕུར་ཙམ་ཕུར་ཙམ་བྱེད་ཞོར་དེ་ལྟར་བཤད།“ངས་ཁྱོད་མཐོང་མ་མྱོང་།”ཁ་ཐུམ་གོན་པའི་བུ་མོ་གཟུགས་རིང་དེ་ཅུང་དོགས་མི་བདེ་བར་གྱུར་ནས་དེ་ལྟར་ལན་བཏབ།“ མདང་ནུབ་རྨི་ལམ་ནང་ཡིན་ནམ།གང་ལྟར་བག་ཆགས་ཅུང་ཟད་འདུག”“ཧེ་ཧེ།ད་ཁྱོད་ཀྱིས་རྫུན་བཤད་བྱུང་།”བུ་མོ་གཟུགས་རིང་དེས་དགའ་བའི་ཉམས་ཤིག་བསྟན་ཏེ་སྒེག་ཉམས་དང་བཅས་བགད་བྱུང་། “གང་ལྟར་དེ་རིང་སྟེས་དབང་གིས་ཕྲད་སོང་།སྔོན་མའི་ལས་རེད།”ཨ་ཁུ་བློ་ཤེས་ཀྱིས་མ་བསམ་ས་ནས་རང་གི་དམར་སྨུག་གི་མཆུ་སྒྲོས་མཐུག་པོ་དེ་མོའི་རྣ་རྩར་གཏད་དེ་ཡིན་མདོག་མདོག་གིས་དེ་ལྟར་བརྗོད།

“དེ་འདྲ་མ་བྱེད།ཉི་མ་ལྷ་ས།ལྟོས་དང་འདི་སྐོར་ལམ་རེད།མི་ངོ་ཚ་མེད་ན་ཁྱི་ཡིན།ཁྱི་རྔ་མ་མེད་ན་འདྲེ་ཡིན།”མོ་ཅུང་སྤྲོ་ལངས་ཁུལ་བྱས་ནས་དེ་ལྟར་འཆད་ཞོར་ཡར་ལངས་ཏེ།ད་འུ་གཉིས་བསྐོར་འགྲོ་ཟེར།

“ངས་ངོ་ཚ་དགོས་པའི་བྱ་བ་ཅི་ཞིག་བྱས་སོང་།”ཨ་ཁུ་བློ་ཤེས་ཀྱིས་དམར་སྨུག་གི་གདོང་དེ་ལ་ཧ་ལས་མདོག་གི་རྣམ་འགྱུར་ཞིག་གྱོན་ནས་སྐད་གདངས་ཀྱང་ཆེ་རུ་བཏང་ནས་དེ་ལྟར་བཤད།

“ད་མི་བཤད།”

བུ་མོ་ཡིས་དེ་ལྟར་ལན་སྟབས་བདེ་ཞིག་གིས་གཏམ་གླེང་མཇུག་བསྡུས་རྗེས་སྒེག་ཉམས་དང་བཅས་བུད་སོང་།

ཨུ་ཚུགས་ཆེ་བའི་ཨ་ཁུ་བློ་ཤེས་ཀྱིས་བུ་མོ་གཟུགས་རིང་དེའི་རྒྱབ་གཟུགས་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁ་མུར་མུར་གྱིས་སྐྱབས་འགྲོའི་སྒྲ་གསལ་ལ་མི་གསལ་བ་ཞིག་བཟློས་ཤིང་ལག་གཡོན་པས་ཕྲེང་རྡོག་རེ་རེ་བཞིན་གཅོད་ཀྱིན་གདའ། སྐབས་དེར། སྐོར་ལམ་གྱི་གཡས་ཕྱོགས་ནས་མི་ཞིག་གིས་མ་ཎི་ཡིག་དྲུག་དབྱངས་ལ་གྱེར་བའི‘མ་ཎི་རྒྱང་འབོད་ཟེར།’སྙན་ལྷང་ལྷང་གི་སྒྲ་ཞིག་རླུང་བུ་ལྡོམ་པོ་ཞིག་གིས་ཁྱེར་འོང་ནས་སྐྱ་ཐོའི་རྣ་ལམ་དུ་ལྷུང་བ་དང་བསྟུན་ནས་སྐྱ་ཐོའང་རང་དབང་མེད་པར་དེའི་ཕྱོགས་སུ་ཕྱིན། ལོ་བདུན་བཅུ་ཡས་མས་ཙམ་ལོན་ཡོད་པའི་ཨ་ཕྱི་ཞིག་དགོན་པའི་ཤར་སྒོའི་གཡས་ཕྱོགས་ཀྱི་རྐུབ་སྟེགས་ཐོག་ཏུ་བསྡད་ཡོད་པ་མཐོང་། སྐྱ་ཐོ་ལ་མཚོན་ན་ཨ་ཕྱི་ཡིས་སྐད་ངག་ལས་དྲངས་པའི་མ་ཎི་ཡིག་དྲུག་གི་དབྱངས་རྟ་འདི་དེ་རིང་སྐོར་ལམ་ནང་དུ་ཆེས་སྙན་ཆ་དོད་པོ་དང་། ཨ་ཕྱི་དེའང་དེ་རིང་སྐོར་ལམ་ནང་གི་ཆེས་ཡི་གར་འོང་བའི་སྐྱེ་བོ་ཞིག་ཏུ་སྣང་སོང་།

སྔ་དྲོའི་དུས་ཚོད་བཅུ་པ་ཐོན་ལ་ཉེ། སྐོར་ལམ་ནང་དུ་མི་ཇེ་ཉུང་དུ་གྱུར་བ་དང་བསྟུན་ནས་སྐོར་ལམ་འགྲམ་གྱི་རྐུབ་སྟེགས་སྟེང་དུ་མི་ཇེ་མང་ནས་ཇེ་མང་དུ་གྱུར། ཁ་ཤས་ཉི་གཞོན་སྒེག་མོས་གསར་དུ་གནང་བའི་རང་ཉིད་ལས་ཀྱང་ལྡབ་འགྱུར་ཀྱིས་རིང་བའི་རང་རང་གི་གྲིབ་གཟུགས་དང་འགྲོགས་ནས་ཕྱིར་རང་ཁྱིམ་ནང་ལོག

“འུ་གཉིས་ངོ་ཤེས་རེད། གོང་ཅུང་ཕབ་ན་ཆོག་གམ།” མི་ཚོགས་འདུས་ས་ཞིག་ནས་ཚོང་བཤད་བརྒྱབ་པའི་སྒྲ་ཞིག་སྐྱ་ཐོའི་རྣ་ལམ་དུ་ལྷུང་འོང་། སྐྱ་ཐོའང་སྐྱག་སྦྲང་ཞིག་དང་འདྲ་བར་དེའི་ཕྱོགས་སུ་རུབ།

“ངས་འདི་ལ་མ་རྩ་མཐོན་པོ་སྤྲད་ཚར། ཅ་ལག་སྤུས་དག་ཡིན།”ས་གདན་བྱ་འབྲུག་ཁ་སྤྲོད་ཅིག་གི་ཐོག་ཏུ་ཤ་རྒྱགས་ལ་ལྟོ་བ་ལྡིར་ལྡིར་དུ་བུད་པའི་སྐྱེས་པ་ཞིག་གདའ། དེས་རྡོ་རྗེ་དཀྱིལ་ཀྲུང་ར་ཚང་ལས་ཆེ་བ་ཞིག་བཅས་ནས་ལག་གཡས་པས་གསེར་ཚགས་ཅན་གྱི་སྲབ་རྙིང་བ་ཞིག་ཡར་བཀྱགས་ནས་དེ་ལྟར་བཤད་བཞིན་ཡོད་པ་དང་། མདུན་དུ་དངུལ་གྲི་རྙིང་པ་དང་རྟའི་སྲབ་རྨེད་རྙིང་པ། དངུལ་གྱི་གའུ་རྙིང་པ། དངུལ་ཐག་དང་དངུལ་ཕོར། རྟ་སྒ་དང་རྟ་སྟན། སོག་ཡོབ་རྙིང་བ། ཆབ་མ། བྱུ་རུའི་སྐེ་རྒྱན་སོགས་ཕར་བལྟས་ཚོད་ལ་ཁྲི་དྲུག་ཅུ་ཡས་མས་ཙམ་གྱི་ཚོང་ཟོག་བཤམས་ཡོད་པ་མཐོང་།

“ཅ་ལག་སྤུས་དག་རེད། གོང་ཡང་ཧ་ལས་པ་རེད། ཅུང་དམའ་རུ་བཏང་ན་འུ་སྤུན་གཉིས་ཀྱི་ཚོང་འགྲིག་ཤས་ཆེ།” སྐྲ་ཤུབས་དམར་མདངས་ཅན་དཀྲིས་ཡོད་པའི་སྐྱེས་པ་གཟུགས་བཟོ་ལྟ་དོད་པོ་ལྡན་པ་ཞིག་གིས་སྲབ་རྙིང་བ་དེར་གཡས་ལྟ་དང་གཡོན་ལྟ་ལན་མང་བྱས་ནས་དེ་ལྟར་འཆད་ཀྱིན་འདུག

“ཁྱོད་ཀྱིས་ཅི་ཙམ་སྤྲད། ང་ས་མདོ་སྟོད་དང་མདོ་སྨད། ལྷ་ས། གང་ས་གང་ལ་སོང་མྱོང་། ཤ་ཉེ་ཁྱོད་ལྟ་བུ་ཚོང་མགོ་སྲ་མཁྲེགས་ཅན་དང་འཕྲད་མ་སོང་ཟེར་ན་མི་ཆོག་རྒྱུ་མེད།” གདོང་དམར་སྨུག་དེར་ཨུ་ཚུགས་ཀྱི་འཛུམ་ཞིག་བསྟན་ཏེ་དེ་མུར་བགད་བྱུང་། མཛེས་སྡུག་ཡིད་དུ་འོང་བའི་གཞོན་ནུ་མ་ཁ་ཤས་ཀྱིས་ཀྱང་དཀར་ཞིང་འཇམ་པའི་ལག་མགོ་ཡིས་མཆུ་ཏོ་བཀབ་ནས་དགོད་ཁུལ་གྱི་བཟོ་ལྟ་སྟོན། གཡས་དང་གཡོན་ནས་བསྐོར་བའི་སྐྱེས་ཕོ་མོ་ཁ་ཤས་ཀྱང་བགད་དེ། སྐོར་ལམ་འགྲམ་གྱི་ཁོར་ཡུག་ཆུང་ཆུང་དེ་རུ་གློ་བུར་གྱི་དགོད་སྒྲ་དེས་གས་ལ་ཁད་བྱས།

“དེ་རིང་ངས་འདི་སྤྲད། འུ་གཉིས་ཀྱིས་ཚོང་བཤད་བྱས་ནས་བདུན་ཕྲག་གཅིག་འགོར་སོང་། ད་ཕན་ཆད་ང་ལ་ཁོམ་པའང་མི་འདུག” སྐབས་དེར། ཚོང་པ་གཉིས་ཀྱིས་གཡོན་ལག་བོད་ལྭའི་ཕུ་རུང་ནང་དུ་བཅུག་ནས་སྐྲ་ཤུབས་དམར་མདངས་ཅན་དཀྲིས་པའི་སྐྱེས་པ་དེས་དེ་ལྟར་བཤད།

ཚོང་པ་གཉིས་ཀྱི་ཚོང་བཤད་ལ་གཞིགས་ནས་སྐྱ་ཐོས་ནམ་ཞར་ཡང་སྐོར་ལམ་དུ་ཚོང་བཤམས་ཀྱིན་ཡོད་པ་རྟོགས་ལ། སྐོར་བ་བྱེད་མཁན་ཚོས་ཀྱང་ནམ་རྒྱུན་ཚོང་བཤད་ལ་གཡེང་ནས་དུས་འདའ་བཞིན་ཡོད་པ་ཚོད་དཔག་བྱེད་ཐུབ།

“ཉི་མ་ལྷ་ས། ད་ཁྱོད་ཀྱི་ཡིད་ཐོག་ཏུ་རྟ་རྒྱུགས་རྒྱུགས་བྱེད་སོང་། འདི་ཨེ་དགོས།ཡང་ཅ་ལག་འདི་འདྲ་སྤུས་དག་ཁྱོད་ཀྱིས་གང་བསམ་བསམ་མི་རྙེད། རིང་ཐུང་དང་མགར་སྟངས། ལྟོས།”ཞེས་དངུལ་གྲི་རྙིང་པ་ཞིག་ཚུར་བླངས་ནས་ཚོང་རོགས་ཀྱི་ལག་ནང་དུ་བཞག

“ཚོང་པས་དྲང་མོ་མི་བཤད། རྐུན་མ་ལམ་དུ་མི་འགྲོ། ད་ཁྱོད་ཀྱིས་ཁྱོད་ཀྱི་ཅ་ལག་ཡག་རབས་ལུང་པ་གང་བཤད་ཐག་ཆོད་རེད། ཧ་ཧ་ཧ།”དགོད་ཞོར་དུ་གྲི་ཡར་བཏོན་ནས་གྲི་དངོ་དང་གྲི་ལྟག གྲི་ཤུབས་ཚང་མར་ཞིབ་ལྟ་ཞིག་བྱས་རྗེས། སླར་ཡང“ང་ལའང་འདི་འདྲ་ཞིག་ཡོད།  དྲང་མོར་བཤད་ན་ཁྱོད་ཀྱི་གྲི་འདི་གྲི་སྤུས་དག་ཅིག་རེད།”ཅེས་བཤད།

སྐྱ་ཐོ་དང་གཡས་གཡོན་གྱི་མི་ཚོ་ཚོང་པའི་ཚོང་བཤད་ལ་གཡེང་ནས་ཉིན་གུང་དུ་ཐོན་པ་དང་། རང་ཉིད་ཀྱི་གྲིབ་གཟུགས་ཀྱང་རྐང་འོག་ཏུ་འཛུལ་ལ་ཉེ། 

སྐབས་དེར། “ད་ཚོང་པའི་ཚོང་ནི་འགྲིག་སོང་། འོན་ཏེ། ང་ཚོས་སྐོར་བ་ནི་མ་བསྐོར་ཐལ། ད་ང་ཚོར་ཡང་འགྲོ་སའི་ཡུལ་དང་འཛུལ་སའི་ཁུང་ཞིག་ཡོད་ན་འགྲོ་རན་སོང་། ཧེ་ཧེ། ”མི་རྒན་ཞིག་གིས་ཀུ་རེ་འདྲེས་མའི་དྲང་གཏམ་ཞིག་མི་ཚོགས་ཀྱི་རྣ་ལམ་དུ་བརྫངས། སྐོར་ལམ་ནི་སྔར་བཞིན་ཟང་ཟིང་ཆེ་བ་དང་ཁོམ་ལོང་བྲལ་བའི་གནས་ཤིག་ཏུ་གདའ། སྐབས་དེར། སྐྱ་ཐོའི་ཕོ་བས་མི་རྒན་གྱི་སྐད་ཆ་ཐོས་སོང་བ་ལྟར་གློ་བུར་དུ་ལྡིར་སྒྲ་གྲག་བྱུང་། ཞོགས་ཇའང་བཏུང་མེད་པའི་སྐྱ་ཐོས་རང་ཉིད་ཀྱི་གྲོད་ཁོག་ཆུང་ཆུང་ནང་དུ་གང་བླུགས་དགོས་བསམས་ནས་སྐོར་ལམ་འགྲམ་གྱི“བཀྲ་ཤིས་བོད་ཟས་ཁང”གི་ནང་དུ་ཕྱིན་ནས་སྒོ་དང་ཆེས་ཉེ་སའི་འདུག་སྟེགས་ཤིག་གི་ཐོག་ཏུ་བསྡད། སྦྱིན་བདག་མས་ཟ་མའི་དཀར་ཆག་བཟུང་ནས་སྐྱོ་ཐོའི་ལག་ནང་དུ་བཞག

“དཀྲུག་ཇ་ལྟིར་གང་དང་ཤ་མོག་སྡེར་མ་གཅིག”

“ཏོག་ཙམ་སྒུག་རོགས།”

སྐྱ་ཐོས་ཁ་ལག་ལ་ལོངས་སུ་སྤྱོད་བཞིན་པའི་གྲྭ་བ་དང་མི་སྐྱ། མི་རྒན་དང་ན་གཞོན་ཚོར་ཞིབ་ལྟ་ཞིག་བྱས་ནས། དོན་ངོ་མ་ཅི་ཞིག་ལ་མི་ཟེར། མི་རྣམས་ཀྱིས་ཁ་ལག་ཟ་བ་དེ་ཤི་བར་སྐྲག་པ་ཡིན་ནམ། ཡང་ན་འཚོ་བའི་གོ་རིམ་ཞིག་ཡིན། འདི་ལྟར་ཡར་མར་ལ་འདང་བན་བུན་རེ་བརྒྱབ་པ་དང་དྲི་བ་མང་པོ་ཞིག་གིས་འཚང་ཁ་ལང་བའི་སྒང་ལ། སྦྱིན་བདག་མས་བྱང་ཆ་ལྡན་པའི་སྒོ་ནས་ཇ་ལྟིར་གང་དང་ཤ་མོག་སྡེར་མ་གཅིག་དེ་སྐྱ་ཐོའི་མདུན་ཅོག་ཐོག་ཏུ་འཇོག་ཞོར་སྐྱ་ཐོའི་གདོང་ལ་ལྟ་ཙམ་བྱས་པ་དང་སྙིང་ཉེ་བའི་འཛུམ་ཞིག་བསྟན། སྙིང་ཉེ་བའི་འཛུམ་དེར་གཞིགས་ན། སྦྱིན་བདག་མས་སྐུ་མགྲོན་ལགས། ལོངས་སུ་སྤྱོད་རོགས་ཟེར་བ་དང་འདྲ།

“སྦྱིན་བདག་མ། སྒོར་མོ་དུ་རེད།” སྐྱ་ཐོས་ལག་གཡོན་པས་གྲོད་པར་ཕུར་ཙམ་ཕུར་ཙམ་བྱས་ནས་ད་འགྲངས་བྱུང་ཟེར་བའི་བཟོ་ལྟ་ཞིག་སྟོན་ཞོར་དེ་ལྟར་བོས།

“སྒོར་མོ་སུམ་ཅུ་ཐམ་པ་རེད་ལགས།”

“ཨུན་ཨུན།”

སྒོར་ཁུག་ཡར་བླངས་ནས་ཤོག་སྒོར་ལྔ་བཅུ་ཐམ་པ་གསར་རྐྱང་ཞིག་འཛུལ་དམུལ་དམུལ་གྱིས་སྦྱིན་བདག་མའི་ལག་ནང་དུ་བཞག་པ་དང་། འཛུམ་དེ་ནི་ཁ་ལག་འདི་ཧ་ཅང་ཞིམ་བྱུང་ཟེར་བའི་བརྡ་རེད།

 སྐྱ་ཐོས་བཀྲ་ཤིས་བོད་ཟས་ཁང་ནས་མཆུ་སྒྲོས་སྣུམ་ཤིག་ཤིག་དང་གྲོད་ཁོག་སྲན་རིལ་ལྟར་བཟོས་ནས་ཕྱིར་སྐོར་ལམ་དུ་ཐོན། སྐོར་ལམ་ནང་གི་མི་རྣམས་ལ་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི་ཚང་མས་ལག་ནང་ཕྲེང་བ་ཞིག་བཟུང་ཡོད་པ་དེ་རེད། སྐྱ་ཐོའང་དེ་ལས་མ་འདས། སྐོར་ལམ་ནང་གི་མི་ཚོགས་ཀྱི་ཡོ་ལང་ཁྲོད་ནས་སྐྱ་ཐོས་མཐོང་ཐོས་དག་ཁ་པར་ནང་དུ་ཡིག་འཕྲེང་རེ་རེ་བཞིན་གཏགས་པ་དང་། སྐབས་རེར་པར་རེ་གཉིས་ཙམ་བླངས་ཚུལ་ལ་བལྟས་ན་སྐྱ་ཐོ་ནི་ཡུལ་སྐོར་བ་ཞིག་དང་ཤིན་ཏུ་མཚུངས།

ནུབ་ཁའི་ཉེ་ཟེར་དེ་མཐོ་སྒང་གི་རི་གྲོང་ཆུང་ཆུང་དུ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་དུས། སྐྱ་ཐོ་ཡང་ཕྱིར་རང་ཁྱིམ་དུ་ལོག་གྲབས་བྱས།

སྐྱ་ཐོ་ཕྱིར་ཁྱིམ་དུ་ཐོན་དུས། ཨ་ཕྱི་ལྷ་མཚོ་སྒོ་ཁར་བསྡད་ནས་ནམ་རྒྱུན་ལྟར་མ་ཎི་བཟློས་ཤིང་ཤར་གྱི་ཉི་མ་ནུབ་ལ་སྐྱེལ་གྱིན་ཡོད་ལ། ཁྲི་གདུགས་ཉི་མ་ཤར་ཀྱི་བླ་མ་རྡོ་རྗེའི་རི་རྩེ་ནས་ནུབ་ཀྱི་གླང་ཆེན་སྣ་གདོང་མི་བརྒལ་བར་ཨ་ཕྱི་ལྷ་མཚོ་སྒོ་ཁར་བསྡད་ཡོད་པ་ནམ་ཞར་དུ་མཐོང་ཐུབ། དགུན་ཁའི་ཉི་འོད་ནི་ནམ་ཡང་དྲོད་ཁོལ་དང་བྱམས་བརྩེས་ཁེངས་ཡོད་པས། མི་རྣམས་ཀྱིས་ཀྱང་ནམ་རྒྱུན་དགུན་ཁའི་ཉི་མར་བདག་པོ་ཡོད་ཅེས་བཤད་རྒྱུར་དགའ་བོ་ཡོད།

ཁྲི་གདུགས་ཉི་མ་གླང་ཆེན་སྣ་གདོང་གི་རྒྱབ་ཕྱོགས་སུ་སོང་མ་ཐག་བསེར་རླུང་གྲང་མོ་ཞིག་ཨ་ཕྱི་ལྷ་མཚོའི་གོས་མཐའ་སྲུབས་ནས་འཚང་བྱུང་བས། ཨ་ཕྱི་ལྷ་མཚོས་སུན་སྣང་དང་བཅས་དལ་ཅག་གེར་ཁང་བའི་ནང་དུ་བསྙེགས་སོང་།

བསེར་རླུང་སྔར་ལྟར་ལྡང་བཞིན་འདུག །


རྩོམ་ཡིག་སྔོན་མ།
རླུང་རྟ་ཡར་འགྲོ།
རྩོམ་ཡིག་རྗེས་མ།
ཀླུ་ཐར་ཚེ་རིང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1