ཀླུ་ཐར་ཚེ་རིང་།
པདྨ་རྒྱལ་མཚན། (དཀར་མཛེས། ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཀླུ་ཐར་ཚེ་རིང་གིས་གཡག་བཞི་བོ་དེད་དེ་དངུལ་ལུང་ལ་ཁར་སླེབས་པ་ན། ནམ་ཡོངས་སུ་གསལ་མེད་པས་ཁོའི་སེམས་སུ་དགའ་ཚོར་ལྷག་མ་ཞིག་སྐྱེས་ཏེ་གདོང་ལ་འཛུམ་ཞིག་དང་བཅས་ཏེ་མུ་ནས་ལམ་ལ་བསྐྱོད། མདང་དགོང་ལ་ཤོར་ལུང་ཤོར་བྱས་པའི་གཡག་རྒན་ཚོ་ད་ནི་དཀའ་ཐག་ཆོད་ཀྱིས་ལྕེ་དམར་ལྷབ་ལྷུབ་ཏུ་སྣར་ཏེ་དྲང་ལམ་དེད་ནས་འགྲོ་བ་ལས། ལམ་ཟུར་ལ་ཡུད་ཙམ་ཡང་མི་ཤོར་བར་མ་ཟད། མིག་ཕོར་དང་སྣ་གདོང་ལས་རྔུལ་ཆུའི་རྡོག་པོ་ཤེལ་དཀར་ཀྱི་ཕྲེང་ཐག་ཆད་པ་བཞིན་སར་འཛར་བཞིན་འདུག་ལ། བལྟས་ཚོད་ཀྱིས་གཡག་རྒན་ཚོའི་སེམས་སུ་དེ་རིང་འདི་ལྟར་གློ་བུར་དུ་ལ་བདའ་ལུང་དེད་བྱེད་པ་འདི་ཅི་ཡིན་མི་ཤེས་པའི་ཐེ་ཚོམ་དང་སྐྲག་སྣང་ཞིག་ཀྱང་མིག་མདངས་ལས་རང་བཞིན་གྱིས་མངོན་འདུག རྟ་རྒན་གྲ་ར་ཡང་རྔུལ་ནག་ཆུ་དང་འདྲེས་འདུག་ལ། རྔུལ་ཆུ་གསུས་པའི་ངོས་ནས་མར་བཞུར་པ་དང་། གསུས་པ་ནི་བྱིས་པ་ཆུང་ཆུང་ཞིག་གིས་ཁ་ཆུ་སྣ་ཆུ་བཞུར་བཞིན་ལྒང་བུ་སྤུར་ཀྱིན་པ་དང་འདྲ་བར་ཕོ་བས་ལྷེམ་ལྷེམ་བྱེད་བཞིན་འདུག་ལ། ཀེམ་ཀེམ་དུ་འགུལ་བའི་མིག་ཟུང་ལས་བདག་པོ་ལ་རེ་བ་ཞིག་བཅོལ་འདོད་པ་དཔོག་ཐུབ་སྟེ། རྒྱབ་ཀྱི་སྒ་དང་ཁ་ཡི་སྲབ་བླངས་ཏེ་རང་དབང་ངང་མུ་མེད་ཀྱི་རྩྭ་ཐང་དང་རི་ལུང་དུ་མར་རྩྭ་ཆུའི་དཔལ་ལ་ལོངས་སུ་སྤྱོད་པར་འགྲོ་ཆོག་པ་དེ་ཡིན་ནོ། །
སྐྱ་རེངས་དང་པོ་ཤར་སོང་མོད། ཁོ་སེམས་སུ་འཇིགས་སྣང་གློ་བུར་བ་ཞིག་སྐྱེས་པ་དང་མཉམ་དུ་སྙིང་གི་ལྡིང་ཚད་ཀྱང་ཇེ་མགྱོགས་སུ་གྱུར། དེ་ལྟར་ནའང་མདུན་དུ་སྐྱོད་པ་ལས་ཐབས་ཅི་ཡོད། བུ་མོ་ལོ་རིམ་ཇེ་མཐོར་ཕྱིན་པ་དང་མཉམ་དུ་སློབ་ཡོན་དང་འགྲོ་གྲོན་ཇེ་ཆེ་ཡིན་ལ། ལོ་འདི་དག་གི་རིང་དུ་མུ་གེའི་ཐོག་ལ་ཟླ་ལྷག་ཅེས་པ་བཞིན་ཞོར་ལས་ཀྱི་ཡོང་སྒོ་ཞན་པའི་ཁར་ཚེ་རིང་མཚོའི་ནད་གཞི་ཡང་སྔར་ལས་ཇེ་ཐུར་སོང་བས་ཁོ་རང་དམྱལ་བའི་འཕྲང་ལམ་ལྟར་འཇིགས་རུང་གི་ལས་ཀ་འདིར་མི་ཞུགས་ཐབས་ཤིག་གང་ན་ཡོད།
སྐྱ་རེངས་དང་པོ་གསལ་མ་ཐག་པའི་རི་ལུང་ནི་ཅི་འདྲའི་མཛེས་པ་ལ་ཨང་། རི་བོའི་མགུལ་ལ་རབ་དཀར་ཞོ་ལྟར་ཆགས་པའི་སྨུན་པ་དག་རིམ་གྱིས་ཇེ་ཉུང་དུ་ཕྱིན་ནས་ཐག་རིང་གི་རི་བོའི་དབུ་ལ་གསེར་འོད་དལ་གྱིས་འཚེར། རི་ཆུ་ནག་གསུམ་ལ་འབྲུ་སྣུམ་བྱུག་པ་བཞིན་སྣུམ་ཤིག་ཤིག་བྱེད། བྱ་བྱེའུ་དག་གིས་བད་དང་གྲང་རླུང་གིས་བཅུན་པའི་རྩི་ཤིང་དང་རྩྭ་ལྡུམ་གསེང་ནས་རང་རང་གི་གྲེ་འགྱུར་ངོམ་པ་དང་། གཡག་བཞི་བོས་མཚམས་མི་ཆད་པར་ལྡད་སྒྲ་སྒྲོག་པ། ད་དུང་རྟ་རྒན་གྲ་རའི་རྨིག་སྒྲ་བཅས་ནི་རྩོམ་མཁན་མི་དགོས་པའི་མཉམ་སྒྲོག་རོལ་དབྱངས་ཤིག་ཏུ་གྲུབ་ནའང་ཀླུ་ཐར་ཚེ་རིང་ལ་དེ་ཚོར་སྤྲོ་བ་སྦད་དེ་མེད་པར་མ་ཟད་སེམས་སུ་སྔར་ལས་འཚུབ་ཆ་ལངས་ཏེ། ལུས་སེམས་གཉིས་སྐད་ཅིག་ཙམ་ཡང་བདེ་ལ་བབས་མ་ཐུབ།
སྒང་ལེབ་ཅིག་ཏུ་ཐོན་ཟིན་པ་ན། ཀླུ་ཐར་ཚེ་རིང་མུ་མཐུད་དུ་རྐང་ཐང་དུ་འགྲོ་མ་མོས་པས་“གཡང་ལྷ་བོ་”ཟེར་ཞོར་རྟ་ལ་ཞོན། ཁོས་གཡང་ལྷ་བོ་ཞེས་བོས་པར་བལྟས་ན་ཅི་འདྲིའི་བདག་པོ་བྱམས་སེམས་ཅན་ཞིག་འདྲ་མོད། འོན་ཀྱང་། ཁོ་རང་དམིགས་སའི་ཡུལ་དེར་མགྱོགས་པོར་ཐོན་པའི་ཆེད་དུ་བར་མཚམས་མེད་པར་དྲུག་ཐོག་ལ་ལྕག་གིས་བྲབས་པར་བལྟས་ན། ངོ་མ་འཇིག་རྟེན་པ་ལས་འཇིག་རྟེན་པ་རང་འདོད་ཅན་ཞིག་གི་གཤིས་ཀ་ངང་གིས་མངོན་ཡོང་། དེ་ལྟར་ནའང་། རྟ་རྒན་ཀྲབ་ར་ལ་ནི་སྡང་སེམས་སྤུ་ཙམ་ཡང་མེད་པར་མ་ཟད། ཁོ་རང་གི་ལུས་རྟེན་འདི་ནི་མ་གཞི་ནས་འགྲོ་བ་མིའི་རིགས་ཀྱིས་བཀོལ་སྤྱོད་བྱེད་དགོས་པའི་ཡོ་བྱད་ཅིག་ལོས་ཡིན་སྙམ་གྱིན་པ་འདྲ།
གཡག་འདི་དག་མ་མཐར་ཡང་སྒོར་སྟོང་ཚོ་བརྒྱད་དགུ་ཞིག་ལ་བརྗེ་ཐུབ་པས། ན་ནིང་དགོན་པ་ནས་བསྐྱིས་པའི་སྒོར་སྟོང་ལྔ་པོ་ཕྱིར་སྤྲོད་ཐུབ་ལ། ད་དུང་བུ་མོའི་སློབ་ཆེན་གྱི་སློབ་ཡོན་ཡང་འདང་རྒྱུ་རེད་ཅེས་བསམ་ནས་ཡིད་ཚིམ་པ་དང་མཉམ་དུ་སྙིང་གི་ལྡིང་མཚམས་ཀྱང་ཇེ་དལ་དུ་སོང་།
ལམ་ལ་ཆས་དུས་ཁྱིམ་མཚེའུ་ཚང་གིས་ད་དུང་གློག་གཟིམས་མེད་པས། ཚེ་རིང་མཚོས་ཁང་ཐོག་འོག་གི་གློག་དག་ཀྱང་སྒྲོན་མ་ཕོད་པར་ལག་སྒྲོན་ཆུང་ངུ་ཞིག་སྤྱད་དེ་ཀླུ་ཐར་ཚེ་རིང་སྐྱེལ་མ་བྱས་ཤིང་སྐད་དམའ་མོས་འབྲས་དང་ཟན་སྣུམ། བྲོ་ཕྱེ་སོགས་ཟད་འདུག་པ་དང་། ཚྭ་དང་བྲོ་རྫས་གཞན་དག་ཀྱང་ཅུང་མེད། ད་དུང་ལྕགས་ཁེམ་དང་འཇོར་ཞིག་ཀྱང་ཉོ་ཐུབ་ན་བཟང་ཀི ངའི་ནད་རྙིང་འདི་ལ་ཕྱག་སྐོར་དེ་བྱས་ན་སྐྱོན་ཡོད་པ་མ་རེད། རྒྱུན་དུ་གཞན་གྱི་ལག་ནས་ཡོ་བྱད་ཙག་ཙིག་འདི་དག་གཡར་དགོས་པ་ནི་ངོ་མ་དཀའ་མོ་ཞིག་རེད། ཅེས་བཤད་པས་ཀླུ་ཐར་ཚེ་རིང་གིས་སླར་ཡང་ཁོག་རྩིས་ཤིག་རྒྱག་དགོས་བྱུང་། གཡག་བཞི་བོའི་རིན་གྱི་སྒོར་མོ་ཉུང་རྒྱུ་མེད་ཀྱང་ད་ཐེངས་སྒོར་མོ་དགོས་མཁོ་ཧ་ཅང་ཆེ་བ་ཞིག་ལ་ཐུག་འདུག དགོན་པར་ཆད་པའི་བུ་ལོན་རེ་ཞིག་མ་བྱིན་ན་བསམ་ཡང་དེ་གཏན་ནས་མི་ཉན། ད་ཐེངས་ཉེན་ཁ་ཆེ་བའི་ལས་འདི་ལ་ཞུགས་དོན་ཡང་། མཐར་གཏུགས་ན། སྐྱེད་ཀ་བུ་ལོན་དང་མཉམ་ཟིན་པ་འདི་གསབ་ཆེད་ཡིན་ལ། ཅུང་ཙམ་རེ་ལྷག་ན་བུ་མོའི་སློབ་རིན་ལ་སྦྱིན་དགོས་པ་བཤད་མ་དགོས་པ་རེད།
ཡང་གཅིག་བཤད་ན། ལོ་འགའི་སྔོན་དགོན་པར་བུད་ལོན་དུས་ལྟར་མ་སོད་པའི་ཁྱིམ་ཚང་ཁ་ཤས་ལ་དངུལ་མདོ་ཡུལ་དགོན་གཉིས་ཀྱི་དུང་སྒྲུབ་འཚོགས་སྐབས་སེར་སྐྱ་ཀུན་གྱི་དབུས་ནས་སྐྱོན་བརྗོད་ནན་མོ་བྱས་ཤིང་། “གད་པ་ཆུས་ཟ་བ་དང་། སྒལ་ཚིགས་བྲག་ལ་སྦྱར་བ། སྒོ་ང་རྡོ་ལ་རྒྱག་པ[1]་བཞིན་རྟགས་དང་མཚན་མ་ཡོང་དགོས་”ཞེས་དམོད་མོ་དྲག་པོ་བྱས་ལ། བཤགས་པ་དུས་ལྟར་མ་སྤྲད་པས་ཆོས་སྒོ་རྒྱག་ཅིང་། ཕྱིས་སུ་ཁྱིམ་མི་ཤི་དུས་སྨོན་ལམ་ཞིག་ཀྱང་འཚོགས་མཁན་མ་རག
རླུང་ནི་བསེར་བུ་ཙམ་ཡང་ལྡང་མ་བྱུང་མོད་ཀླུ་ཐར་ཚེ་རིང་ལ་གློ་བུར་དུ་དངངས་འདར་ཞིག་རྒྱག་བྱུང་། ཁོའི་མི་མདུན་གྱི་ཡོད་ཚད་འཁྱག་གིས་བསྡམས་སོང་། ཐ་ན་ཁོའི་སེམས་ཀྱང་འཁྱག་པས་བསྡམས་སོང་། སྐབས་དེར་ཡང་བསྐྱར་ཧ་ཅང་འཁྱག་པའི་བྱ་བ་ཞིག་ཁོའི་སེམས་སུ་འཁོར་བ་ནི་བུ་མོ་སློབ་གྲྭ་ནས་ཕྱིར་འབུད་པ་དེ་རེད། ཡིན་ནའང་། ཁོས་དེ་ལྟར་བྱེད་མི་སྲིད་དེ་རྒྱུ་མཚན་ནི་ཁོ་རང་ཨ་ལགས་ཚང་ལ་ཧ་ཅང་དད་ལ། ཨ་ལགས་ཀྱིས་གསུངས་པ་ཞིག་ཡིན་ན་ཆུ་ནང་མཆོང་མ་ནུས་ཀྱང་ཆུ་ཁར་རྒྱུགས་ཁོ་ཐག་ཡིན། མི་ལ་རིག་གནས་མེད་ན་ཟོག་དང་ཁྱད་མི་འདུག་པ་ནི། ཨ་ལགས་ཀྱིས་གསུངས་པ་ཡིན་ལ། ཡུལ་འདིའི་མི་ཕལ་མོ་ཆེས་ཨ་ལགས་ཀྱི་གསུང་འདི་ལ་ལྷག་ཏུ་ཡི་རང་བྱེད། ལོས་བདེན། རིག་གནས་མེད་ཚེ་ཐ་ན་རང་རྫོང་གི་སྨན་ཁང་ནས་སྨན་པ་ལའང་ཡག་པོ་ཞིག་བསྟེན་མི་ཐུབ་པས་རང་གི་བུ་ཚ་དག་གིས་མ་མཐའ་ཡང་རྒྱ་སྐད་ཐ་ར་ར་བཤད་ཐུབ་ན་ཅིས་མི་བཟང་སྙམ།
དགེ་རྒན་འབུམ་སྐྱབས་ཀྱིས་བཤད་པ་ལྟར་ན། བུ་མོ་གནས་འཚོས་མུ་འཐུད་དུ་སློབ་སྦྱོང་ཡག་པོ་བྱས་ན་ལས་བྱེད་པ་ཞིག་བྱེད་ཐུབ་པ་ལ་ཐེ་ཚོམ་མི་འདུག་ཟེར། དེ་འདྲ་ཡིན་ན་ཅི་འདྲ་དགའ་བ་ལ་ཨང་།ངེད་རྒས་འཁོགས་གཉིས་ཀྱི་རེ་བའི་དམིགས་འདུན་འགྲུབ་རྒྱུ་རེད། ཧ་ཧ་ཧ་་་་ཞེས་ཁེར་བགད་ཅིག་ཤོར། མ་གཞི་ཀླུ་ཐར་ཚེ་རིང་སྟོང་བསམ་གྱི་མཁའ་ནས་འཕུར་བཞིན་ཡོད་པ་རེད་མོད། རྟ་ཕོ་ཀྲབ་རས་ཕུར་སྒྲ་ཞིག་བྱས་པས་ཁོའི་དྲན་པ་སོས་ནས་དགོད་ཁ་ཤོར་ཙམ་བྱས་ནས་ཡང་བསྐྱར་ཅི་ཞིག་དྲན་ནས་སྐྲག་བྱུང་། ཁོས་དྲན་པ་ནི་དགོན་པ་རེད། དགེ་བཅུའི་ཁྲིམས་རེད།
“བུ་མོའི་ཡག་མོ་སྒོ་དང་སྐྱེས་གཟུགས་ནི་དངུལ་ལུང་སྡེ་བ་ཕར་ཞོག ལུང་བ་འདིའི་བུ་མོ་ཚོས་འགྲན་དཀའ་བ་ཞིག་ཡིན། དེའི་ཁར་གཞུང་ཞབས་པའི་གོ་གནས་བསྣན་ན་ཁོ་མོ་ནི་སྡེ་བ་འདིའི་བུ་མོ་རྣམས་ཀྱིས་ཡིད་སྨོན་བྱེད་ཡུལ་དང་། སྡེ་བའི་བུ་མོ་ཀུན་ལས་ཆེས་མཆོག་ཏུ་གྱུར་པ་དེ་ཡིན། སྐབས་དེར་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་ལ་བག་མ……ཨོཾབཛྲ་ས་ཏྭ…སྤྲུལ་སྐུ་མཆོག་ལ་གསང་ཡུམ་དུ་བྱིན་ན་ཁོང་གི་ཡུམ་དག་ལས་ཆེས་མཛངས་མ་དེ་ཡིན་པས། སྤྲུལ་སྐུས་གཅེས་པར་སྐྱོང་ཤ་སྟག་ཡིན། དེ་དུས་རང་རྒས་འཁོགས་གཉིས་ལའང་སྐྱིད་ཀྱི་ཉི་མ་འཆར་ཁོ་ཐག་རེད། ད་དུང་སྤྲུལ་སྐུ་ཚང་ལ་སྦྱིན་བདག་མང་པོ་སྣེ་ལེན་བྱ་རྒྱུ་ཡོད་པས། བུ་མོ་རྫོང་མཁར་ནས་ད་ལྟའི་གསང་ཡུམ་ཆུང་བ་བཞིན་འདུག་དགོས་རྒྱུ་རེད། སྐབས་དེར་རྒྱ་ཟས་ཞིམ་པོ་ལ་རོལ། ནུབ་གོས་འཕྱོར་མོ་ལ་བརྟུན་ནས་ཚེ་མཇུག་གི་འཚོ་བ་གྲོང་ཁྱེར་ནས་རྫོགས་རྒྱུ་རེད། ཁྲིག་ཁྲིག་མེད་ན། སྤྲུལ་སྐུའི་་ཀྱིས་རླངས་འཁོར་ཆུང་བ་དེ་ང་ལ………” “རྟ་ལྤགས་བཤུ་རྒྱུ……རྟ་ངན………རྟ་ངན”ཞེས་ལག་ཟུང་ས་ལ་གཏད་དེ་ཡར་ལངས་ནས་མྱུར་མོས་རྟ་ལ་འཇུས། མ་གཞི་ལམ་འགབ་ན་ལྕི་རྩིག་ཅིག་ཆུ་ཤོག་གིས་བཀལ་ཡོད་པ་དེ་རླུང་གིས་བསྐྱོད་པ་ན། རྟ་འགྲོགས་ནས་ཀླུ་ཐར་ཚེ་རིང་རྟ་ཐོག་ནས་སར་ལྷུང་བ་རེད། ད་ཅིའི་ཉམས་དགའ་བའི་སྟོང་བསམ་དང་ཁེར་ལབ་ཀྱི་ཞིང་ཁམས་དེ་ལས་སད་མ་ཐུབ་པ་ཡིན་ནམ། ཡང་ན་ཐང་ལ་ལྷུང་ནས་མགོ་ས་རྡོ་གང་ཞིག་ལ་རྒྱག་བཞག་པ་གང་ཡིན་ཆ་མ་མཚལ། མིག་རྡེབ་ཙམ་རྡེབ་ཙམ་བྱེད་བཞིན་མགོ་བོའང་གཡུག་གཡུག་འགའ་བྱས་ནས་སླར་ཡང་ལམ་ལ་ཆས་འགོ་བརྩམས། ད་ནང་ལྷག་པར་སེམས་འཚུབ་ཅིང་བྲེལ་བའི་སྒོ་ནས་ཕྱོགས་སོ་སོར་མིག་ཉུལ་བྱེད་ཞོར་དུ་མདུན་སྐྱོད་ཀྱི་གོམ་ཁའང་ཇེ་མྱུར་དུ་གྱུར། ད་ཅིའི་སྟོང་བསམ་སེམས་ལ་དྲན་ནས་རང་ཉིད་རང་ལ་ངོ་ཚ་ནས་གདོང་ཡོངས་ཚ་ལམ་ལམ་དུ་གྱུར།
དགོན་བདག་ཐུབ་བསྟན་དམ་ཆོས་ཀྱི་གཟིམ་ཤག་གི་སྒོ་ནས་ནམ་མ་གསལ་བའི་དུས་འདིར། “ཨ་ལགས………ཨ་ལགས་ཐུབ་བསྟན”ཞེས་འབོད་བཞིན་འདུག ཐུབ་བསྟན་དམ་ཆོས་མདང་དགོང་གཟིམ་ཧ་ཅང་འཕྱི་སྟེ། དགོན་པའི་ཚོང་བ་དག་ལས་ལོ་མཇུག་གི་ཡོང་སྒོ་བརྩིས་ལེན་བྱས་ཚར་བ་དང་མཉམ་དུ། ཕ་ཡུལ་ལ་སོང་ནས་ཚ་མོའི་གཉེན་སྟོན་ལ་བཀོད་སྒྲིག་དང་འཆར་གཞི་མགོ་རྔ་ཅན་ཞིག་བཞག་མཐར་མཚན་རྒྱག་སྟེ་ཕྱིར་དགོན་པར་ཡོང་བ་ཡིན། ཐུབ་བསྟན་དམ་ཆོས་ཀྱིས་ཨ་ལན་སྟེར་མ་མོས་པར་ཉལ་ཁེབས་ཀྱིས་མགོ་བོ་ཡང་གཏུམ་བྱས་ནས། སེམས་ལ་འདི་འདྲའི་སྔ་མོ་ཞིག་ཏུ་འབོད་མཁན་སུ་ཡིན་ནམ་སྙམ་ནས།“སུན་པ་ལ། དམ་ཉམས་འདི་སུ་ཡིན་ནམ།”ཞེས་ཁེར་ལབ་ཅིག་བྱེད་པ་ལས་ཡུད་ཙམ་ལ་ཨ་ལན་མ་བྱིན་པར་བསྡད། འོན་ཀྱང་། སྒོ་འགྲམ་ནས་འབོད་མཁན་དེས་རྦད་དེ་མཚམས་མ་བཞག་པས། ཨ་ལན་མི་སྟེར་ཐབས་མེད་བྱུང་། སྒོ་འགྲམ་ནས་མི་ཞིག་གིས“ཨ་ལགས་ཐུབ་བསྟན་ལགས། སྤྱིར་ང་ཚོའི་དངུལ་ལུང་བ་ལ་མཚོན་ན། ལས་རྒྱུ་འབྲས་མིག་ལྟར་སྲུང་བའི་མི་ཡ་རབས་ཤ་སྟག་ཡིན་ལ། བྱེ་བྲག་ཏུ་དགོན་པའི་ལས་སྣེ་རྣམས་དང་སྡེ་བའི་འགོ་མྱི་རྒས་གསུམ་གྱིས་གཙོ་བྱས་ནས་དགེ་བ་བཅུའི་ཆོས་ཁྲིམས་བཞག་པ་ནས་བཟུང་། དངུལ་ལུང་གོང་འགབ་བར་གྱི་ས་རྩོད་དུ་མི་གཉིས་བསད་པ་སོགས་དགོན་སྡེ་ཁག་ལ་བཤགས་པ་གང་མཚམས་བྱས་པ་ཕུད། ད་བར་མཐའ་ན་ཁབ་སྐུད་ཙམ་ཡང་རྐུ་མཁན་མེད་ཅིང་། ཁ་འཛིང་ཙམ་ཡང་བྱེད་མཁན་མེད། ལོ་འདི་གར་དངུལ་ལུང་སུམ་མདོ་ནས་གསེར་བརྐོ་མཁན་དག་ཀྱང་ལྷོད་གཡེང་ཆེན་པོ་བྱེད་ཆོག་པ་ཞིག་ཏུ་འགྱུར་འདུག་པ་དང་། ཡོ་བྱད་སོགས་ལམ་ཁར་གཡུག་བཞག་པ་ཡིན་ཡང་ཁྱེར་མཁན་མེད་ཅིང་། འདི་ཚོ་ལ་མ་དགའ་བའི་རྣམ་འགྱུར་ཙམ་ཡང་སྟོན་མཁན་མེད། ལུང་བ་གང་དང་རི་བོ་གང་ཞིག་རྔོག་ཀྱང་ལོས་ཡིན་སྙམ་པ་ཞིག་ལས་ཡེ་ནས་མེད། འདི་འདྲའི་དུས་ཚོད་བཟང་པོ་ཞིག་ལ་ཡང་བཤས་ཚོང་བརྒྱག་མཁན་ཡོད་པ་ནི། ཅི་འདྲའི་ལྟས་ངན་ཞིག་ཡིན་ནམ།”
“དོན་དག་ཅི་ཞིག་བྱུང་སོང་བ་རེད།” ཨ་ལགས་ཀྱིས་མིག་གཉིས་ཀྱང་ཡར་བགྲད་མ་མོས་པར་དེ་ལྟར་དྲིས།
“དངུལ་ལུང་སྡེ་བའི་ཀླུ་ཐར་ཚེ་རིང་གིས་མདང་ནུབ་གཡག་བཅུ་ཁ་ཞིག་དེད་དེ་མགོ་བོ་ཀྲོག་ཀྲོག་སྒོས་དངུལ་ལུང་རྒྱུད་དེ་འགྲོ་བཞིན་འདུག དངུལ་ལུང་ལ་ཁ་ནས་འཕྲེད་ལམ་དེད་དེ་སོང་ན་རྫོང་གི་བཤས་ར་ཁང་ལ་ཐག་ཧ་ཅང་ཉེ་བས། ཁྱེད་ཚོས་མྱུར་བར་སྔོན་ནས་མ་བཀག་ན། གཡག་ལས་ངན་དེ་ཚོ་ཚར་རྒྱུ་རེད། འདི་ལྟར་མུ་མཐུད་དུ་སོང་ཚེ། གོང་དགོན་པ་དང་བར་སྡེ་དཔོན། འོག་མི་སེར་རྣམས་མིག་ནང་དུ་མ་བཞག་པ་རེད།” ཅེས་བཤད་ཀྱང་། དགོན་བདག་ཐུབ་བསྟན་དམ་ཆོས་ཀྱིས་འོ་ཡ་ཟེར་བ་ཙམ་ལས་བདེན་རྫུན་དང་དབྱེ་འབྱེད་གང་ཡང་མ་བྱས། མི་དེས་གཞན་སུ་ཞིག་གིས་ཚོར་བར་དོགས་ནས་ལྐོག་ལྐོག་སུད་སུད་ངང་མི་ཡོང་ཀ་མེད་བྱུང་།
མི་དེས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད། འོན་ཀྱང་། གཉིད་མ་སད་ཀྱི་ཐུབ་བསྟན་དམ་ཆོས་ཀྱིས་མི་ག་གེ་མོ་ཞིག་བཤས་ཁང་དུ་བུད་སོང་ཟེར་བ་ལས་གཞན་དག་གསལ་པོ་མ་གོ་ལ། མི་དེ་ཡང་སུ་ཡིན་གཏན་ནས་མ་ཤེས། རེད་དེ། དགོན་དཔོན་གྱིས་བཤས་ཟེར་བ་དེ་ཚོར་བ་དང་ལོ་སྔོན་མར་བཤས་བཤའ་བ་དང་བཤས་ཚོང་བྱེད་པ་བཀག་པ་ནི། རང་ཉིད་དགོན་བདག་གི་གོ་གནས་འདིར་འདུག་ནས་བྱས་རྗེས་ཆེ་ཤོས་སུ་བགྲང་གིན་ཡོད་པ་དང་། དགོན་སྡེ་གཞན་དག་གི་སྔོན་དུའང་རྫིག་པོ་ཞིག་ཡིན་པ་སྙམ་གྱིན་ཡོད་ལ། ད་རེས་ཡང་གོ་སྐབས་བཟང་ཤོས་ཤིག་རྙེད་སོང་འདོད་ནས། སྤྱང་ལྟོགས་ཤ་ལ་རྔམས་པ་ལྟར། སྐས་ཐེམ་གཉིས་རེར་གོམ་པ་རེ་སྤོས་ནས་སྒོར་བུད།
རྫོང་མཁར་དང་ཐག་ཇེ་ཉེ་ཡིན་ལ། རྫོང་མཁར་ལས་ཀྱང་བཤས་ཁང་ཐག་ཉེ་བས་ཀླུ་ཐར་ཚེ་རིང་གི་སེམས་དྲོད་ལམ་ལམ་དུ་གྱུར་བ་དང་ལྷན་དུ་ལྗིད་ཏིག་གེར་བུད་སོང་། “ཨོ་ཧོ་ཧོ། ཡུལ་སྐོར་བ་འདི་ཚོ་སྔ་བ་ལ་ཨང་།” ཁོའི་སེམས་སུ་མདུན་ཕྱོགས་ཀྱི་རླངས་འཁོར་འདི་ནི། ཕྱི་རྒྱལ་གྱི་ཡུལ་སྐོར་བའི་རླངས་འཁོར་ཡིན་པར་འདོད་མོད། བློ་ཡུལ་ལས་འདས་པ་ཞིག་ལ། ཁོས་བསམ་པ་དེ་འདྲ་ཞིག་ག་ལ་ཡིན། ཁོ་རང་རླངས་འཁོར་གྱི་ཉེ་སར་བཅར་བ་ན། དེ་ནི་དངུལ་མདོ་སྔགས་བཤད་སྒྲུབ་ཆོས་གླིང་གི་དགོན་པའི་ལས་སྣེ་རྣམས་གཞུང་དོན་ལ་ཕེབས་བྱེད་ཀྱི་རླངས་འཁོར་ཨང་བྱང༨༨༨ཅན་དེ་ཡིན་འདུག ཀླུ་ཐར་ཚེ་རིང་གིས་མྱུར་དུ་རྟ་ཁ་ཕྱིར་འཐེན་པ་ན་ལུས་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར་ནས་བཟུང་ཡོད་ཚད་ཟད་སོང་བ་ལྟ་ནུས་པ་གང་ཡང་མ་ཐོན་ལ། བྲང་གཞུང་ན་གློག་གིས་རྒྱག་པ་ཇི་བཞིན་ཚ་ཤར་རེ་སོང་བ་དང་མཉམ་དུ་སེམས་སྟོང་སངས་སེར་གྱུར་ཏེ་ཐབས་བཀོད་ཅི་ཡང་མི་དྲན་པ་མ་ཟད། ལུས་ཀྱི་ལྷུ་ལག་ཡོད་ཚད་ཀོ་བ་ཉི་མས་གྱོང་བ་བཞིན་སྐྱོང་སྐུམ་ཡང་བྱེད་མི་ཐུབ་པར་གྱུར། བསམ་དབང་དྲན་དབང་མེད་པར་གཟན་ཤམ་དམར་ལམ་ལམ་གོན་པའི་གྲྭ་པ་རྒན་གཞོན་འགའ་རླངས་འཁོར་ལས་བབས་ནས་ཀླུ་ཐར་ཚེ་རིང་གི་མདུན་བཀག ཀླུ་ཐར་ཚེ་རིང་ནི་གློ་བུར་དུ་ནད་ངན་ཞིག་གིས་ཟིན་པ་བཞིན་སུག་བཞི་འདར་སིག་སིག་བྱེད་བཞིན་འདུག་ལ། འཛིངས་ནས་ཤད་དཀའ་བའི་སྐྲ་ལོའང་གྱེན་དུ་ལངས་འདུག ། ད་དུང་མིག་ཟུང་ལས་ཧ་ཅང་ཡིད་ཆད་པའི་མདངས་ཤིག་མངོན་ནས། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱིས་ཁོའི་སྟེང་དུ་མདའ་གྲི་མདུང་གསུམ་གྱིས་གཙེས་པ་ལྟ་བུའི་ན་ཟུག་ཅིག་ཀྱང་རང་དབང་མེད་པར་ལངས།
ཁོའི་མདུན་ནས་འགོག་མཁན་ནི། དགོན་བདག་ཐུབ་བསྟན་དམ་ཆོས་དང་། དགེ་བསྐོས་དགེ་འདུན། དགོན་པའི་ཆུ་ལེན་དང་ཇ་མ་བརྩེ་ལྡན་རྣམས་རེད། ཁོ་ཚོས་རང་རང་ས་ནས་གནས་ལུགས་མང་ཙམ་བཤད་ཀྱང་། མདོར་བསྡུས་ན། ཡོད་ཚད་ནི་འདི་མི་ཆོག་དང་གན་མི་ཆོག་ཅེས་པའི་ཁྲིམས་ཏག་ཏག་ཡིན་པ་ལས། བཤད་ཆོག་ཆོག་གི་རྒྱུ་འབྲས་དང་རྣམ་སྨིན། སྡུག་པའི་ཉེས་དམིགས་དང་དགེ་བའི་ཕན་ཡོན་སོགས་ནི་གཏན་ནས་བཤད་མ་སོང་ལ། ཐ་སྙད་དེ་དག་ནི་འཇིག་རྟེན་ན་ཡོད་པའང་ཤེས་ཀྱིན་མེད་ཚོད་རེད། ཀླུ་ཐར་ཚེ་རིང་གིས་རྒྱུ་མཚན་དང་གནས་ལུགས་གང་ཡང་བཤད་ས་མ་རྙེད་པར་གཡག་བཞི་བོ་ཁོ་ཚོའི་ལག་རུ་ཤོར་ཞིང་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཕྱིར་རང་ཁྱིམ་དུ་མི་ལོག་ཀ་མེད་བྱུང་།
འཇིག་རྟེན་གཏམ་གྱི་དཔེ་ལ“བཟང་པོ་བསྒྲགས་ཀྱང་མི་གྲགས། །ངན་པ་སྦེད་ཀྱང་གྲགས་འགྲོ། །”ཟེར་བ་ལྟར། དོན་དེ་མི་གཅིག་ནས་གཉིས་དང་། གཉིས་ནས་བཞི། བཞི་ནས་བརྒྱད་ལ་བཤད་ཅིང་ཉིན་ཞག་གཅིག་གི་ཡུན་ལ་ཡུལ་ཕྱོགས་སོ་སོར་ཁྱབ།
ཉིན་ཤས་འགོར་སོང་། སྡེ་བའི་ནང་དུ་གཏམ་ག་འདྲ་བཤད་ཀྱིན་པ་སུས་ཤེས། “ཨོཾ་མ་ཎི་་་ཀླུ་ཐར་ཚེ་རིང་དགོན་པས་བཟུང་སོང་ཟིག་”
“ཨོཾབཛྲསཏྭ།…ཨོཾབཛྲསཏྭ། ……ཨོ་ལེ་ངས་ཀྱང་དེ་འདྲ་ཞིག་གོ་སོང་། དེ་ཚང་གི་ཁ་མདོག་ལ་གཅིག་ལྟོས་དང་ད་དགོན་པ་ལ་བཤགས་པ་ཅི་ལྟར་སྤྲོད”
“སྡིག་རྒན་དམྱལ་བར་ལྷུང་རྒྱུ་དེ་བཟུང་ན་འགྲིག་གི”
“མ་གཞི་བཟུང་ན་འགྲིག་གི རེད་དེ་ད་ནི་དངུལ་ལུང་ཡུལ་དགོན་གཉིས་ཀྱི་སྔོན་དུ་འུ་ཚོས་སྡེ་བས་ངོ་ཚ་མྱོང་རན…”
“……”
དེ་ལྟར་ཀླུ་ཐར་ཚེ་རིང་གི་དོན་དང་འབྲེལ་ཏེ་གཏམ་བརྗོད་ལྷུག་པོ་བྱེད་ཆོག་པས། སྡེ་བའི་རྡོ་འབུམ་མཐར་འདུས་པའི་ལོ་ལོན་དག་གིས་མ་ཎི་འདོན་བཞིན། ཕྲེང་བ་བགྲང་བཞིན། འཁོར་ལོ་སྐོར་བཞིན་སུན་སྣང་སྤུ་ཙམ་ཡང་མེད་པར་གསར་འགྱུར་དེར་དཔྱད་བརྗོད་དང་བསམ་ཚུལ་བཤད་ཀྱིན་འདུག་ལ། ཀླུ་ཐར་ཚེ་རིང་གི་དོན་འདི་ལོ་ལོན་ཚོ་ཁོ་ནས་གླེང་བ་ཙམ་མ་ཡིན་པར། སྐྱེས་པས་གྱང་རྡུང་ས་དང་། སྐྱེས་མས་ས་ཁུར་ས། བྱིས་པའི་རྩེད་ར་ཡ་ཆད། གྲྭ་བས་རྩོད་གྲྭ་མ་ཆད་དུ་འདི་ཁོ་ན་ལས་གླེང་རྒྱུ་མེད་པར་ལྟར་སྣང་།
དགོན་པའི་བཀོད་སྒྲིག་ལྟར་ཀླུ་ཐར་ཚེ་རིང་དགོན་ནང་དུ་བུད་སོང་། ཁོ་ཐོན་མ་ཐག་ཡུལ་སྡེའི་མགོ་ཁྲིད་དག་ཀྱང་དེར་ཐོན་འདུག་ལ། དགོན་དཔོན་དང་ལས་སྣེ་དག་ཀྱང་འཛོམས་འདུག དགོན་བདག་ཐུབ་བསྟན་དམ་ཆོས་ཀྱིས། ཧ་ཅང་ཡིད་ཚིམ་པའི་ངང་ནས་“ཡ་ད་་་་ཁྱོད་ཀྱིས་ལས་ཀ་འདི་འདྲ་བྱས་པ་ནི། སྤྱིར་དངུལ་ལུང་དགོན་པ་ལ་མ་རྩིས་པ་དང་། ལྷག་པར་ཏུ་ང་ཐུབ་བསྟན་དམ་ཆོས་མིག་ནང་དུ་མ་བཞག་པ་རེད། ང་མི་ངན་ལ་མིང་བཏགས། གྲི་ངན་ལ་ཡུ་བ་བཙུགས་ཞེས་པའི་དཔེར་ལྟར་དངུལ་ལུང་ཡུལ་དགོན་གཉིས་ཀྱི་ཚབ་བྱས་ཏེ་ཐད་མ་བཅད་ན། སྔོན་མ་ནས་བརྒྱུད་པའི་ལུགས་སྲོལ་བཟང་པོ་དག་སྣང་མེད་བྱས་པ་ཡིན་པས། ཁྱོད་ཀྱིས་དོན་དག་གཉིས་ཀྱི་ནང་གི་གཅིག་འདེམས། གཅིག་ནི་གཡག་རྣམས་ཚེ་ཐར་བྱས་ནས་ཚེ་གང་བོར་འཚོ་དགོས་ལ། ལོ་གཅིག་གི་རིང་དགོན་པའི་ཆོས་ཐོག་དང་དུང་སྒྲུབ་སྐབས་སུ་མང་ཚོགས་ཀྱི་དབུས་ནས་འགྱོད་ཕྱག་འཚལ་དགོས། ད་དུང་བཤགས་པ་སྒོར་ཁྲི་ལྔ་སྟེར་དགོས། དེ་ལྟར་མི་ནུས་ན་དུས་ད་ནས་བཟུང་དགོན་པའི་གྲྭ་བ་གཅིག་ཀྱང་ཁྱེད་ཀླུ་ཐར་ཚེ་རིང་ཚང་ལ་རྡོ་ཐོག་གསུར་ཞིག་ཕུད་བ་དང་། སྔས་མགོར་དྲིལ་བུ་དཀྲོལ་མཁན་ཞིག་གཏན་ནས་འགྲོ་མི་ཆོག་པར། ཆོས་སྒོ་བརྒྱབ་སྟེ་ཡུལ་དགོན་གཉིས་ཀྱི་གྲལ་ནས་འབྲེལ་ཐག་བཅད་རྒྱུ་ཡིན་”ཞེས་ཟེར་ནས་དངུལ་གྱིས་ཤན་པའི་ཤིང་ཕོད་ལས་འོ་ཇ་ཧུབ་ཀྱིས་བཏུང་ཞོར་ཀླུ་ཐར་ཚེ་རིང་གི་ཕྱོགས་ལ་མིག་ལོག་ཅིག་བྱས་ཏེ་སྡེ་དཔོན་ཚོའི་ཕྱོགས་སུ་བལྟས་པ་ན། སྡེ་དཔོན་སོ་སོ་ཡང་བླ་མས་ཅི་གསུངས་ཆོས་དང་མཛུབ་མོས་གང་སྟོན་ཤར་ཞེས་པ་ལྟར་དེར་འཐད་པ་བྱུང་ནས“དགོན་པས་གསུངས་པ་ལས་གཞན་མེད”ཅེས་འུར་བརྒྱབ་པར་མ་ཟད། “དགོན་པས་བདག་བྱེད་མ་ཐུབ་ན། སྡེ་བས་དེ་ལས་ཀྱང་བདག་བྱེད་མི་ཐུབ་ཁོ་ཐག་རེད།”
“དགོན་པས་ཅི་གསུངས་ཡིན།”
“………”
ཀླུ་ཐར་ཚེ་རིང་ཚང་ལ་མཚོན་ན། དོན་འདི་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། སྲིད་པ་ཆགས་པ་ནས་བཟུང་ཁྱིམ་ཚང་འདི་ནི། ཁྱིམ་རྒྱུད་ཆེ་གྲས་ཤིག་ཡིན་པར་མ་ཟད། སྔོན་ཆད། ཁྱིམ་རྒྱུད་འདིར་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་འཁྲུངས་མྱོང་ལ། དཔའ་མཛངས་རྟུལ་ཕོད་ཅན་གྱི་མི་བུ་མི་རིགས་ལ་དུངས་བའི་དཔའ་རྒོད་ཀྱང་མི་ཉུང་བ་ཞིག་བྱུང་མྱོང་། དེ་ལས་ཀྱང་དྲུག་ཅུ་ཐམ་པའི་ལོ་སོགས་ནི། སྡེ་བ་འདིའི་རྒྱབ་རྟེན་གྱི་རི་བོ་ཉག་ཅིག་ལྟ་བུར་གྱུར་པ་ཡང་ཁྱིམ་ཚང་འདི་བ་ཚང་ཡིན་པ་ད་དུང་རྒན་པ་ཚོའི་ཁ་ན་རླུང་ལྟར་རྒྱུ་བཞིན་ཡོད། གང་ལྟར། སྡེ་བ་འདིའི་མི་གཅིག་ལའང་བཟང་ལ་བརྩི་རྒྱུ་མེད་ཀྱང་། ངན་ལ་རྩོད་རྒྱུ་ཡེ་ནས་མེད། འོན་ཀྱང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་མིའི་བསམ་བློ་ལའང་འཕེལ་རྒྱས་ཆེན་པོ་སོང་བ་དང་མཉམ་དུ་སྡེ་མི་གཞན་དག་གི་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་སོང་ཞིང་། རྒན་པ་དང་བྱིས་པ་མོད་པའི་ཁྱིམ་ཚང་འདི་ལ་མཚོན་ན། གཞན་དང་འདྲ་བར་འཕེལ་རྒྱས་ཡིད་ཚིམ་པོ་ཞིག་མ་སོང་ཁར། ན་ཚ་དང་གྱོང་ཁ་མི་ཉུང་བ་ཞིག་བྱུང་བས། ད་སྐབས་ཀྱི་འཚོ་བའི་གནས་བབས་འདི་ལ་ཐུག་པ་རེད། ཁོ་བཟའ་མི་གཉིས་ཀྱིས་དབྱར་ཁར་ཞོར་ལས་དང་དགུན་ཁར་ས་ཁུར་རྡོ་ལས་བྱས་ནས་གླ་རྔན་ཉུང་ངུ་ཙམ་གྱིས་ཁ་གསོ་བ་དང་རྒྱབ་འགེབ་ཐབས་བྱེད་ཀྱིན་ཡོད་ལ། བུ་མོའི་སློབ་ཡོན་ཡང་སྤྲད་ཀྱིན་ཡོད། དེ་འདྲའི་ཁ་ཕྱིད་ཐབས་དང་འཚོ་ཚིས་སྐྱོ་བོ་ཡིན་པའི་ཁར། རྣག་ཐོག་ཁབ་ཀྱིས་བཙུགས་པའི་དཔེ་ལྟར། སྡེ་མི་རྒན་གཞོན་ཀུན་གྱིས་ཧ་ཅང་གཟན་པའི་ཟུར་ཟའི་ཚིག་འཇིགས་སུ་རུང་བ་སྟེ། བསྟན་དགྲ་དང་དམ་ཉམས། ཤན་པ་སོགས་འབོད་པར་མ་ཟད། ཀླུ་ཐར་ཚེ་རིང་ཚང་གི་བཟའ་མི་གསུམ་པོ་སྡེ་བའི་མི་གྲལ་ནས་ལོག་ཅིག་ཏུ་ཕུད་པ་དང་། མིག་གིས་མཐོང་ཡང་མི་འདོད་པའི་རྣམ་འགྱུར་དུ་མའི་འོག་ནས་མགོ་བོ་སྒུར་དགོས་བྱུང་། ཕ་མེས་ཡང་མེས་ནས་འདི་ཚང་གིས་སྡེ་བའི་མི་གཅིག་ལའང་ཕོག་ཐུག་གཏོང་མྱོང་མེད་ལ། དགོན་སྡེའི་ཐུགས་ཀྱང་ལར་ནས་དཀྲུགས་མྱོང་མེད་མོད། ད་སྐབས་འདི་ལྟར་ཡུལ་དགོན་ཀུན་གྱིས་ཟུར་ཞིག་ཏུ་ཕུད་པ་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། དེ་ལྟར་ན་ཡང་། ཐབས་གཞན་ཅི་ཡོད།
ཉིན་ཁ་ཤས་འདས་སོང་། ཡུལ་དགོན་གཉིས་ཀྱི་གྲལ་ནས་སྒོར་ཁྱི་ཕུད་པ་ལྟར་སྣང་བའི་ཀླུ་ཐར་ཚེ་རིང་ཚང་གི་བཟའ་མི་གསུམ་པོ་ཟུར་ཞིག་ཏུ་ལུས་པའི་ཁར། དམ་ཉམས་དང་བསྟན་དགྲ་སོགས་ཀྱི་དམོད་མོའི་འོག་ནས་ཧ་ཅང་ཉམ་ཐག་པར་གྱུར།
མ་གཞི་བཤད་ན། སྡེ་བ་འདིར་བྱ་བ་དེའི་རིགས་ཀྱིས་ཁ་གསོ་ཞིང་རྒྱབ་འགེབ་པའི་མི་མང་པོ་ཡོད་ལ། བཤས་ཚོང་བྱས་ནས་ཐོབ་པའི་སྒོར་མོས་དགོན་པ་ལ་ཇ་ཐུག་དྲངས་མ་མྱོང་མཁན་ཉུང་ཉུང་ཡིན།
ཀླུ་ཐར་ཚེ་རིང་ཉིན་མོའི་མི་དང་མཚན་མོའི་ཁྱི་ཞེས་པའི་དཔེ་ལྟར་སྡེ་སྟོད་སྨད་བར་གསུམ་དུ་བརྒྱུགས་ནས་སྒོར་མོ་རེ་སྐྱི་རྒྱུ་ཨེ་རྙེད་ལ་རེ་བ་བཅངས་པ་ལས་ཐབས་བཀོད་གཞན་མེད། ཁྱིམ་གྱི་འཚོ་ཚོས་དང་བུ་མོའི་སློབ་ཡོན། དགོན་པར་ཆད་པའི་དངུལ་སྐྱིན། ད་དུང་དགོན་པར་ཕུལ་རྒྱུའི་བཤགས་པ་འདི་འདྲའི་སྒོར་མོ་མང་པོ་ཞིག་གང་ནས་སྐྱིའམ། ལྷག་ཏུ་སྡེ་བ་འདི་དག་ལ་མཚོན་ན་རྒྱལ་ཁབ་ཀྱི་བཀོད་སྒྲིག་ལྟར་སྔོན་མ་ཞིག་ནས་འབྲོག་པ་རོང་ལ་བབས། དེང་སང་རོང་གི་ཞིང་ལ་ནགས་དང་ཚེར་མ་བཏབ་ནས། གོང་རིམ་གྱི་སྒོར་མོ་ཅུང་ཟད་ལ་རེ་བ་ལས་ལག་ཤེས་མཁན་ཉུང་བའི་གནས་འདིར་ལོ་སར་བསུ་ལ་ཉེ་བའི་དུས་སུ་སྒོར་མོ་དེ་འདྲ་མང་པོ་ཞིག་གང་ནས་སྐྱིའམ། ཟླ་བ་འགའ་འགོར་སོང་། ཀླུ་ཐར་ཚེ་རིང་གི་ཁྱིམ་ཚང་གང་བོས་སྡིག་དམོད་དང་ཟུར་ཟའི་ཚིག་སྐྱི་གཡའ་བ་དེ་དག་མྱོང་མ་འདོད་ལ། དེ་ལས་ཀྱང་བསྟན་དགྲ་དང་དམ་ཉམས་ཀྱི་ཐ་སྙད་འཇིགས་སུ་རུང་བ་དེ་དག་ཐོས་ག་ལ་འདོད། དེ་ལྟར་ནའང་ཐབས་གཞན་ཅི་ཡོད། ད་ནི་ཀླུ་ཐར་ཚེ་རིང་གི་ཁྱིམ་ཚང་གང་བོས་ཐབས་ཤིག་རྙེད་པ་ནི་བུ་མོའི་སློབ་འཚམས་བཞག རྒན་མོ་སྨན་ཁང་དུ་མི་འགྲོ། ཁྱིམ་དུ་ཟས་གོས་མི་ཉོ་བར་ཁྱིམ་ཕྱི་ནང་གི་ཅ་ལག་ཁབ་སྐུད་ཙམ་ཡང་མི་བཞག་པར་བུ་ལོན་སྟོན་མོ་བྱེད་པ་དེ་ཡིན་ལ། དེ་ལྟར་བྱེད་པའི་གྲོས་འཆམ་ཡང་བྱུང་ཞིང་ཐག་བཅད་མོད། འོན་ཀྱང་དགོན་པ་ཚང་ནས་སྐྱིས་པའི་མ་དངུལ་དང་མ་དངུལ་ལས་ཆེ་བའི་བསྐྱེད་ཀ ད་དུང་འཚོ་ཚིས་ཀྱི་ཆེད་དུ་བཤས་ཚོང་བྱས་པའི་མཇུག་འབྲས་ཏེ། དགོན་པས་བཅས་པའི་གཤགས་པ་སྒོར་ཁྲི་ལྔ་བོ་དེ་དག་མདང་ངམ། །