ཞེ་སྡང་།
ཁྱུང་ལྡེའུ་བཙན། (དཀར་མཛེས། ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཉི་འོད་ནི་ཆུ་ཁོལ་ཞིག་དང་འདྲ་བར་མཁའ་དབྱིངས་ནས་བར་མེད་དུ་ཟགས། འདིས་ས་སྟེང་གི་སྐྱེ་དངོས་དང་སྲོག་ཆགས་ཐམས་ཅད་སྲེག་མི་འགྲོ་བའི་ངེས་པ་མི་འདུག ། སློབ་གྲོགས་ཞེ་སྡང་ཡང་ཉི་མའི་སྟེང་ལ་ཞེ་སྡང་གི་མེ་རི་འཕྱུར་གྱིན་པ་འདྲ།དེའང་ཅི་ཁག་སྟེ། བསྟུད་མར་ཟླ་ངོ་ཁ་ཤས་ལ་ཆར་ཐིགས་ཤིག་ཀྱང་ལྷུང་མ་མྱོང་ལ། ཐ་ན་རྣམ་ཤེས་ཀྱི་ཕྱི་ནང་དུ་གྲིབ་བསིལ་ཞིག་ཀྱང་མ་ཕོག་པས་ལོས་ཡིན།
སློབ་གྲོགས་ཞེ་སྡང་གི་དངོས་མིང་ལ་ཉི་ཟླའི་གྲོགས་པོ་ཟེར་ཞིང་། དེ་ནི་ཁོའི་ཕུ་བོས་ཁོ་རང་སྐྱེས་མ་ཐག་གང་བྱུང་དུ་བཏགས་པའི་མིང་ཡིན་པས། ཕ་མ་གཉིས་ཀྱིས་ཀྱང་དེ་ནི་ངོ་མཚར་བའི་ལྟས་ཤིག་ཡིན་པར་འདོད་ནས། བླ་མ་སོགས་ཀྱི་མདུན་ནས་མཚན་གང་ཡང་གསོལ་མེད། ཡིན་ནའང་། ཁོ་རང་དམའ་འབྲིང་གི་ལོ་རིམ་དང་པོར་ཞུགས་དུས། ཞིང་གྲོང་ནས་རྫོང་མཁར་དུ་འགྲོ་དགོས་པས། སློབ་གྲོགས་གསར་པར་གསར་དུ་ངོ་ཤེས་བསྒྲིགས་དགོས་པའི་གོ་རིམ་ཁྲོད། ཁོའི་མིང་ལའང་འགྱུར་བ་སོང་བ་ཡིན། མ་གཞི་མི་ནི་ཡ་མཚར་བའི་སྲོག་ཆགས་ཤིག་ཡིན་ཏེ། ཐོག་མའི་བག་ཆགས་ཀྱིས་ཡོད་ཚད་ཐག་གཅོད་བྱེད་པ་འདྲ། སྤྱིར་ཡིན་ན་ཁོ་ནི་གཤིས་འཇམ་གཞུང་དྲང་གི་སློབ་བུ་ཡ་རབས་ཤིག་ཡིན་ལ། སྦྱང་འབྲས་དེ་འདྲ་བཟང་རྒྱུ་མེད་ནའང་། ནམ་རྒྱུན་སྦྱང་བརྩོན་ལ་འབད་པ་བྱེད་མཁན་ཞིག་ཡིན། ཉིན་ཞིག་ལ། འཛིན་གྲྭའི་ནང་གི་སློབ་བུ་པྲ་ཆལ་སྣབས་དྲུད་ཀྱིས་ཁོ་རང་ཕུ་འདེད་ཅིག་བྱས་ཏེ། འཛིན་གྲྭའི་ནང་གི་ཁོ་རང་ཆེས་དགའ་སའི་བུད་མེད་ཅིག་ཡོད་པ་དེ་དང་གདོང་ཐུག་བརྒྱབ། ཏག་ཏག་དེ་ནི་ཁོ་རང་གི་རྣག་ཐོག་ལ་ཁབ་ཀྱིས་གཙག་པ་བཞིན་ཁོས་སློབ་གྲོགས་སྣབས་དྲུད་ཀྱིས་ཁོ་རང་དེར་དགའ་ཡི་ཡོད་པ་ཚོར་འདུག་སྙམ་ནས། ངོ་མདངས་དམར་པོར་གྱུར་ཞིང་མགྲིན་པའང་བརྣངས་པར་གྱུར་ཏེ། སློབ་གྲོགས་སྣབས་དྲུད་དང་འཛིང་དམོད་བྱས་པས།དེ་ནས་བཟུང་སློབ་གྲོགས་དག་གིས་ཁོ་ལ་ཞེ་སྡང་ཆེན་པོ་འདུག་ཅེས་མིང་ལའང་ཞེ་སྡང་ཞེས་བཏགས་པ་འདྲ། དྲང་མོར་བཤད་ན། ཁོས་ཁོ་རང་བུ་མོ་དེར་དགའ་བ་མི་གཅིག་ལའང་བཤད་མ་མྱོང་ལ། སྐབས་རེར་རང་གིས་ཀྱང་དྲན་མི་ཕོད་དེ། ཁོས་ནམ་རྒྱུན་དྲན་པ་ནི་མེ་ལོང་ཞིག་གི་ཟོལ་གྱིས་སློབ་གྲོགས་དག་གི་མདུན་ནས་མོ་རང་འཆར་བར་ཞེད་སྣང་སྐྱེས།
མི་ནི་སྐྱོན་བརྗོད་ཀྱིས་བསྣུབས་འགྲོ་ཞེས་པ་དང་ཁོར་ཡུག་གིས་བསྒྱུར་འགྲོ་ཞེས་པ་དེ་དངོས་གནས་བདེན་པ་འདྲ། ཞེ་སྡང་གིས་སློབ་ཆུང་འགྲིམ་དུས། ནམ་རྒྱུན་དགེ་རྒན་དག་གི་བསྟོད་པ་དང་བསྔགས་བརྗོད་ཀྱི་ཀློང་ནས་འཚར་ལོངས་བྱུང་བས། ཁོས་ཀྱང་རང་བཞིན་གྱིས་ཡ་རབས་ཀྱི་ལས་ལ་འབད་ཅིང་སློབ་སྦྱོང་ལའང་གང་ལ་གང་འཚམ་གྱིས་རེམས་པར་བྱེད། ཡིན་ནའང་། དམའ་འབྲིང་དུ་ཞུགས་པའི“ཕུད་འདེད་དོན་རྐྱེན”དེའི་གཞུག་ནས་བཟུང་། སློབ་གྲོགས་དག་གིས་ཞེ་སྡང་ཞེས་མཚན་གསོལ་ཞིང་འཛིན་བདག་དགེ་རྒན་གྱིས་ཀྱང་གཅར་རྡུང་བྱས་པས། ཁོའི་གཤིས་ཀ་ཡང་གོང་གི་མཚན་གསོལ་བཞིན་དོན་དག་ཕྲན་ཙམ་ལའང་ཞེ་སྡང་དྲག་པོ་ལངས་བར་དགའ་ཞིང་མི་དག་གི་མིག་ལམ་དུ་ཁོ་ནི་མི་ཡི་ཚུལ་དུ་མེད་པར་སྙམ་པས། ནམ་རྒྱུན་སློབ་གྲོགས་དག་ལ་འཛིང་རེས་རྡུང་རེས་བྱས། སྐབས་རེར་དགེ་རྒན་དག་ལའང་རྒོལ་ལན་སློག་ཅིང་མཚན་མོར་སློབ་གྲྭའི་ར་སྐོར་ལས་ཕྱིར་བྲོས་ཏེ། ཆང་ཁང་དང་དྲྭ་ཁང་སོགས་ཀྱང་ཉུལ་བར་བྱེད། དུས་དེ་ནས་བཟུང་སློབ་གྲོགས་ཞེ་སྡང་སློབ་གྲྭ་ཡོངས་དང་ཐ་ན་རྫོང་མཁར་དེ་ལ་སྐད་གྲགས་ཆོད་པའི་སློབ་བུ་ཐ་ཤལ་བར་གྱུར། ཡིན་ནའང་། ཁོའི་ནང་སེམས་སུ་དུས་སྐབས་དེ་ནི་ཏག་ཏག་ཁོ་རང་ཉིད་མི་གྲལ་དུ་འཚང་ཐུབ་སོང་བའི་དུས་སྐབས་ཡིན་པས། ཁོས་སུ་ལའང་ཁ་ཡ་བྱས་མ་མྱོང་ལ་སུས་ཀྱང་ཁོ་ལའང་ཁ་ཡ་བྱས་མ་མྱོང་།
ད་ནི་ཁོ་རང་སློབ་མཐར་ཕྱིན་ནས་ཀྱང་ལོ་གསུམ་འགོར་ཏེ། ཁོའི་སློབ་གྲོགས་དག་གིས་མི་རིགས་སློབ་འབྲིང་དུ་མཐོ་འབྲིང་ལོ་རིམ་གསུམ་པ་འདོན་གྱིན་ཡོད་ལ། ཁོས་ཀྱང་ལུང་ཁོག་དོག་པ་ལྕགས་ནག་གི་སྦུ་གུ་འདྲ་བའི་རྫོང་གོག་དེའི་ཕྱུགས་སྨན་སློབ་གྲྭ་ན་འབྲིང་རིམ་འདོན་བཞིན་ཡོད། ཁོ་ལོ་ངོ་གསུམ་གྱི་སྔ་རོལ་དུ་འབྲིང་རྒྱུགས་ལ་ཞུགས་སྐབས། ལོ་རིམ་ཡོངས་ཀྱི་ཐ་མའི་གྲས་སུ་ཡོད་ནའང་། ཁོའི་ཨ་ཕ་ནི་ས་གནས་ཤིག་གི་དཔོན་པོ་ཆུང་ཆུང་ཞིག་ཡིན་པས། ཕྱུགས་སྨན་སློབ་གྲྭའི་སློབ་གཙོའི་སློབ་གྲོགས་ཡིན་རབས་ཁོས་སྔར་ནས་སློབ་གྲོགས་དག་ལ་ལབ་མྱོང་།
དེ་རིང་ཡང་ཉི་མ་སྔར་བཞིན་རབ་ཏུ་ཚ་ནའང་། ཞེ་སྡང་ནུབ་ཁའི་སྤྲིན་དམར་གྱིས་ནམ་མཁའ་འགེངས་བའི་བར་དུ་ཉལ། དེ་ནས་ཁོ་རང་ཉིད་ལ་ལྐོག་ནས་རྒྱབ་སྐྱོར་དང་སེམས་གསོ་གང་མང་གནང་མཁན་གྱི་མནའ་བཅད་བཀྲ་རྡོར་དང་མཉམ་དུ་སློབ་རའི་ནུབ་ཕྱོགས་སུ་ཡོད་པའི་རྩྭ་ཐང་ཆུང་ཆུང་དེའི་ཕྱོགས་སུ་བསྐྱོད། རྩྭ་ཐང་ཆུང་ཆུང་འདི་ནི་ཁོ་ལ་མཚོན་ན་ལང་ཚོའི་གཟི་དཔལ་དང་ཡང་འབྲེལ་བ་ཡོད་དེ། དེའི་སྟེང་དུ་འཐོམ་སྦྲིད་ཀྱི་སྐད་ཆ་བར་མེད་དུ་སྐྱུག་མྱོང་ལ། སྐྱོ་ཡུས་ཀྱི་མྱ་ངན་ཐེངས་མང་དུ་ཞུས་མྱོང་། ཁོ་བོ་དེའི་ཕྱོགས་སུ་འགྲོ་བར་དོན་དག་གཉིས་ལས་སྒྲུབ་རྒྱུ་མེད། གཅིག་ནི་རོགས་ཐུག་པ་དང་། གཞན་དེ་ནི་ཆང་འཐུང་བའོ།། དེ་བཞིན་ནམ་རྒྱུན་འདིའི་སྟེང་དུ་ཁོ་བོའི་སྐྱོ་ཡུས་ཀྱི་སྡོངས་གྲོགས་མཛད་རོགས་ཀྱང་གཉིས་སྟེ། མནའ་བཅད་བཀྲ་རྡོར་དང་མཛའ་མོ་ཟླ་འཛུམ་མ་གཉིས་ཡིན། ཁོས་རྩྭ་ཐང་ཆུང་ཆུང་འདིའི་ཐོག་ནས་བར་མེད་དུ་སྐྱུག་མྱོང་བའི་སྐད་ཆ་རེ་རེ་ནི་མནའ་བཅད་བཀྲ་རྡོར་གྱི་སེམས་པའི་རྡོ་རིང་ངོས་སུ་གསལ་ལྷང་ངེར་མངོན་འདུག་ནའང་། ཁོ་རང་མནའ་བཅད་ཞེ་སྡང་གི་སྡུག་སྨྲེ་དང་མིག་ཆུ་མེད་པའི་ངུ་ཤུམ་ལ་སུན་གྱིན་མི་འདུག
སྐབས་རེར། མཚན་མོའི་ཁྲོམ་སྲང་གི་གློག་འོད་མོག་པོ་དེ་རྩྭ་ཐང་ཆུང་ཆུང་དེར་འཕྲོ་ཞིང་། ཟླ་འོད་མག་མོག་ཅིག་གིས་ཀྱང་རམ་འདེགས་བྱེད་པའི་མངའ་ཐང་ནས། ཞེ་སྡང་གིས་རང་ཉིད་ཁོ་ནའི་ནང་སེམས་ལ་ཉན་ཏེ། ཁོའི་ལང་ཚོའི་རྨི་ལམ་བཅོམ་མཁན་གྱི་དམའ་འབྲིང་གི་འཛིན་བདག་དགེ་རྒན་དང་རེ་བའི་ས་བོན་གསོད་མཁན་གྱི་མི་རེ་རེར་མྱ་ངན་ཞུས། དེ་ནི་ཁོས་རང་ཉིད་ལ་སེམས་གསོ་བྱེད་སྟངས་གཞན་ཞིག་ཡིན་ལ། རང་ཉིད་ཀྱི་ནང་སེམས་ལ་ངོ་མི་ལོག་པའི་མཚོན་རྟགས་ཤིག་ཏུའང་སྒོམ་གྱིན་ཡོད།
དོ་ནུབ་ཡང་ཞེ་སྡང་གིས་མནའ་བཅད་བཀྲ་རྡོར་ལ་སྔར་གྱི་ཁོ་རང་གི་གཏམ་རྒྱུད་ཅིག་འཆད་ཀྱིན་འདུག དེ་ནི་དངོས་གནས་ཞེ་སྡང་མིན་པའི་མི་ཞིག་གིས་ཉན་ནའང་ཞེ་སྡང་སློང་སྲིད་མོད། ཞེ་སྡང་ཁོ་རང་ཉིད་གཏམ་རྒྱུད་དེར་ཞེ་སྡང་ལངས་ཀིན་མེད་པ་འདྲ། དེ་ནི་ཁོ་རང་དམའ་འབྲིང་སྐབས་ཀྱི་གཏམ་རྒྱུད་ཅིག་སྟེ། མི་རིགས་སློབ་འབྲིང་གི་སྒྲིག་ལམ་དང་གཙང་སྦྲ་ལ་འགན་གཅིག་ལྕོགས་སུ་བཞེས་མཁན་གྱི་དགེ་རྒནWཡིས་ཞེ་སྡང་ལ་གྲོགས་མེད་ཁེར་རྐྱང་གི་ནང་སེམས་ཤིག་གིས་དབང་སྒྱུར་ཡོད་པ་ཚོར་ནས། ཁོ་ལ་ལྐོག་ཏུ“སློབ་གྲྭའི་སྒྲིག་ལམ་གཏོར་མཁན་ཡོད་ན་ང་ལ་ཤོད་དང་། ངས་སློབ་གྲོགས་དེ་དག་ལ་གོ་རུ་མི་འཇུག་པར་མ་ཟད། ཁྱོད་ལ་དངུལ་སྒོར་སྦྱིན་ཆོག”ཅེས་གསང་མྱུལ་བར་བསྐོས། ཞེ་སྡང་ལ་མཚོན་ན་གསང་མྱུལ་བ་ནི་ཁོ་རང་དགའ་སའི་ལས་ཀ་མིན་ནའང་། དངུལ་སྒོར་ནི་ཁོ་རང་དྲྭ་ཁང་དང་ཆང་ཁང་དུ་ཉུལ་བར་མེད་དུ་མི་རུང་བའི་ལག་ཆ་ཡིན་པས། བྱ་བ་དེ་ལྐོག་ནས་སྒྲུབ་མྱོང་རབས་སོགས་མང་པོ་འཆད་ཞོར། མནའ་བཅད་བཀྲ་རྡོར་གྱི་བློ་ལ་མི་ཤོངས་བ་ཞིག་ལ། སང་ལོར་ཁོ་རང་མཐར་ཕྱིན་རྗེས། དེའི་རིགས་ཀྱི་བྱ་བ་དེ་ལས་ཀྱང་ཁེ་ཕན་ཡོད་པ་ཞིག་བསྒྲུབ་རྒྱུ་ཡིན་ཟེར།
མནའ་བཅད་བཀྲ་རྡོར་ནི་དྲང་མོར་བཤད་ན་མི་རིགས་རིང་ལུགས་ཀྱི་གདུང་བ་ཤུགས་དྲག་པའི་སྙན་ངག་པ་ཞིག་ཡིན་ལ། ཁོས་ཞེ་སྡང་དང་མནའ་གཅོད་དོན་ཡང་། ཁོ་རང་གིས་སྙན་ངག་པའི་བརྟུལ་ཞུགས་བཟུང་སྟེ། འཆལ་སྤྱོད་ཀྱི་ལས་ལ་དགའ་བས་ཡིན། ཡིན་ནའང་། དེ་རིང་བར་དུ། ཁོ་རང་གི་མནའ་བཅད་ཞེ་སྡང་འདི་འདྲ་ཞིག་ཡིན་པ་ཡིད་ཀྱི་གཏིང་ལའང་འཆར་མྱོང་མེད།
གཏམ་རྒྱུད་འདིའི་མགོ་སྔ་བཤད་ཚར་རྗེས། ཁོ་གཉིས་ནི་འཇིག་རྟེན་སོ་སོའི་ངོ་མི་ཤེས་པའི་སློང་མོ་བ་གཉིས་སུ་གྱུར་ཅིང་། གཅིག་ངོར་གཅིག་གིས་ཡང་བལྟ་བསྐྱར་བལྟ་བྱས། ཏག་ཏག་སྐབས་དེར། ཞེ་སྡང་གིས་རང་ཉིད་ཀྱི་གསང་བ་ཕྱི་ལ་ཤོར་བའི་དྲན་པ་སོས།
དེའི་རྗེས་སུ།་་་་་་་་་་་་་་་་་་་་་་་་་་་་་་་་