ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


    མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པ་ཟླ་༩ཚེས་༢༨ཉིན་ནས་ཚེས་༢༩ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཞིས་ཅིན་ཕིང་གིས་ཚོགས་ཆེན་ཐོག་རང་རྒྱལ་གྱི་མི་རིགས་ལས་དོན་མདུན་དུ་ལྷགས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནང་བ་དང་། དེང་སྐབས་དང་ཕྱིན་ཆད་དུས་སྐབས་ཤིག་རིང་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་སྲིད་དོན་གལ་ཆེན་བྱེད་ཕྱོགས་རྣམ་བཤད་གཏིང་ཟབ་པོ་གནང་བ་རེད། ལི་ཁེ་ཆང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གསུང་བཤད་གནང་བ་དང་། གྲོས་ཚོགས་མཇུག་སྒྲིལ་སྐབས་ཡུས་ཀྲེང་ཧྲེང་གིས་ཕྱོགས་བསྡོམས་གསུང་བཤད་གནང་བ་རེད། 

     གྲོས་ཚོགས་ཐོག་མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། རང་རྒྱལ་འཕེལ་རྒྱས་སུ་འགྲོ་བའི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་དང་ཁྱིམ་མིའི་བར་གྱི་འབྲེལ་བ་ཡིན་པ་དང་། མི་རིགས་ཁག་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོའི་ནང་གི་ཁྱིམ་མི་མི་འདྲ་བའི་བར་གྱི་འབྲེལ་བ་རེད། མི་རིགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་དང་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་ཡོང་བར་འབྲེལ་བ་ཆེན་པོ་ཡོད་པའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འབྲེལ་བ་ཆེན་པོ་ཡོད་པའི་དོན་ཆེན་ཞིག  རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བར་འབྲེལ་བ་ཆེན་པོ་ཡོད་པའི་དོན་ཆེན་ཞིག་བཅས་རེད་ཅེས་བསྟན་པ་རེད།
     ཞིས་ཅིན་ཕིང་གིས་གྲོས་ཚོགས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བའི་རིང་ལ་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་ཐབས་བཅས་ནི་ཡང་དག་ཡིན་པ་མ་ཟད། རང་རྒྱལ་གྱི་མི་རིགས་འབྲེལ་བ་སྤྱིའི་ཆ་ནས་འཆམ་ཞིང་མཐུན་པ་ཡིན་པས། རང་རྒྱལ་གྱི་མི་རིགས་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། དེ་དང་དུས་མཚུངས་སུ་ང་ཚོའི་མི་རིགས་ལས་དོན་གྱི་མདུན་དུའང་དུས་རིམ་རང་བཞིན་གྱི་ཁྱད་རྟགས་གསར་པ་ཁ་ཤས་ལྷགས་ཡོད་སྟབས། མི་རིགས་ལས་དོན་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་བགྲོད་ལམ་ཡང་དག་ཐོག་བསྐྱོད་དེ་གསར་གཏོད་གསར་སྐྲུན་དང་དོན་དངོས་གཞིར་བཟུང་སྟེ་ཇུས་འགོད་ཞིབ་ཅིང་ཕྲ་དང་། འཆར་འགོད་གནད་དུ་འཁེལ་བ། ལས་དོན་བཀོད་སྒྲིག་གཟབ་ནན་འོས་འཚམ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ཡིད་མོས་བྱེད་ཤུགས་དང་། ཀྲུང་ཧྭ་མི་རིགས་ལ་ཡིད་མོས་བྱེད་ཤུགས། ཀྲུང་ཧྭའི་རིག་གནས་ལ་ཡིད་མོས་བྱེད་ཤུགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་ཡིད་མོས་བྱེད་ཤུགས་བཅས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
      གྲོས་ཚོགས་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྣ་༡༤༩༨ལ་གཟེངས་བསྟོད་བྱས་ཤིང་། ཞིས་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྣའི་འཐུས་ཚབ་ལ་གཟེངས་བསྟོད་ལག་ཁྱེར་གནང་བ་མ་ཟད། གྲོས་ཚོགས་མ་འཚོགས་གོང་དུ་གཟེངས་བསྟོད་ཐོབ་མཁན་རྣམས་དང་ལྷན་བཞུགས་དྲན་རྟེན་མཉམ་པར་ཡང་བླངས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་༼རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྣར་གཟེངས་བསྟོད་བྱས་པའི་སྐོར་གྱི་གཏན་འབེབས་༽སྒྲོག་སྦྱང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1