འཇོན་ཐང་ཅན་ལ་མགོ་གནོན་མ་བྱེད།
སྨན་སྒང་མདའ་སྨྱོན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
བུ་སྲོག་གི་རི་མོ་ཅན་ཞིག་སྐྱེས་པ་བཟང་།།
མགོན་ཕ་ལོའི་སྙིང་གི་བསམ་དོན་འགྲུབ་ནས་བྱུང་།།
དྲིན་མ་ལོའི་རེ་བའི་འོ་ཆང་འཁོལ་ནས་བྱུང་།།
མི་ཁོ་རང་འཚར་བའི་འཚར་གོ་ཆོད་ནས་བྱུང་།།
དོན་སྙིང་པོ་ཅན་གྱི་ལོ་རྒྱུས་བལྟས་ནས་བྱུང་།།
གཏམ་སྐད་ཆའི་གཟི་བྱིན་ཡག་པོ་བཀྲ་ནས་བྱུང་།།
ཡིན་ངེས་པའི་གནད་ལུགས་སྙིང་ལ་བཅངས་ནས་བྱུང་།།
བུ་འཁྲུངས་པའི་དཀའ་ངལ་མྱོང་ཡང་ཆོག་ས་གདའ།།
ཡིད་དད་པའི་མེ་ལོང་དཀར་གཙང་དྲི་མེད་ངོས།།
ལས་བཟང་པོའི་བག་ཆགས་སད་པའི་སྨོན་ལམ་གྱིས།།
དོན་དགེ་བའི་ལོ་ཏོག་གྲ་ཁ་ཡག་པོ་སྐྱེས།།
བཀྲ་ཤིས་པའི་དགེ་མཚན་དཔལ་དུ་འབར་འདི་རྨད།།
བུ་འཇོན་ཐང་ཅན་གྱི་མགོ་བོ་གནམ་ལ་བཏེགས།།
ལས་དགེ་བའི་འཛུམ་དཀར་རིང་དུ་རྩེན་གྱུར་ཚེ།།
ཡིད་མ་རངས་བློ་ལ་མུན་པའི་གདོན་ཆར་འབེབས།།
མིག་རབ་རིབ་ཅན་ལ་འོ་ཕོར་གད་སྙིགས་ཁེངས།།
མགོ་མཐོན་པོར་དམོད་ཚིག་དུག་གི་མདའ་མོ་འཕེན།།
མིག་མ་བདེ་ལོག་པའི་སྟངས་ཀྱི་འགྱུ་བག་རྒོད།།
དོན་ཡང་དག་ཡོད་པ་འགལ་བའི་བུ་མོས་འཛིན།།
ལུགས་ཚུལ་མཐུན་བྱུང་བ་སྒྲོག་བྱང་ངན་པས་བསླད།།
མི་འཕར་བྱུང་བསམས་ནས་མགོ་བོར་ཐལ་ལྕག་བཞུར།།
ལས་བསྒྲུབས་བྱུང་དྲན་ནས་གནད་ལུགས་རྡོག་རོལ་གཏོང་།།
ཁ་འགུལ་བྱུང་ཟེར་ནས་ངག་ཚིག་རྐེད་གཅོད་བྱེད།།
ད་གཉའ་གནོན་མ་བྱེད་རང་རིགས་ཕན་སེམས་ཆོངས།།
ལས་བཟང་པོ་སྒྲུབ་མཁན་གཉའ་ནས་མནན་གྱུར་ན།།
རྗེས་ཕྱིས་འབྱུང་ལྷག་བསམ་ཅན་གྱི་མི་རིགས་དཀོན།།
དེར་བསམས་ནས་གཉའ་གནོན་མ་བྱེད་རེ་འབོད་ཡིན།།
ཡང་བསམས་ནས་རྒྱབ་སྐྱོར་བཙན་པོའི་རི་མོ་བྲིས།།
ལས་དེ་ལྟར་བསྒྲུབས་ན་བོད་ཀྱི་འཕེལ་ཁ་ཡོད།།
དོན་བཟང་པོའི་ཉིང་ཞུན་འབྱུང་བའི་རྒྱུ་རྐྱེན་ཚོགས།།
ཤེས་ཡོན་ཏན་གངས་ཆུ་རྡོལ་བའི་ཉེར་བསྡོགས་ཚང་།།
ཁྱོད་འུ་ཅག་དགའ་བས་མཉམ་དུ་ལས་དོན་བསྒྲུབ།།