སེམས་གྲང་མོ།
ཡེ་ཤེས་དབང་འདུས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སྨན་སྒང་མདའ་སྨྱོན། (དཀར་མཛེས།)
ད་ནི་གློག་ཏོག་དཀར་པོའི་སྟེང་ལ་ལངས་ཏེ། །
མིག་ཆུས་སྐྱེལ་བའི་སྲོད་ཀ་དེ་ཉིད་དྲན་དགོས། །
སྐབས་དེར་ང་ཚོས་ཐག་རིང་མི་རིག་ས་ཡི། །
ཡུལ་གྲུ་དེ་ནི་རྨི་ལམ་ཞིག་དང་འཁྲུལ་ནས། །
སེམས་ཀྱི་གྲིབ་མ་རླུང་གིས་ཐག་རིང་ས་ལ། །
རིང་ནས་རིང་དུ་ཁུར་ནས་རི་བོའི་རྒྱབ་ཏུ། །
ཡིབས་པ་དེ་ནི་མི་ཞིག་འཁོར་བར་རྒྱུ་སྟེ། །
ལམ་སང་དབུགས་ལམ་འགགས་པའི་རྐྱེན་དང་འདྲ་བ། །
མི་ནི་མཁའ་རླུང་ནང་གི་རྡུལ་ཕྲན་འཕར་མ། །
ས་ལ་ཐུག་རུང་རླུང་གིས་འཁྱེར་ཡང་རུང་པ། །
རྐང་བ་འདི་ཡང་མཉེན་མོ་མཉེན་མོ་ཞིག་གིས། །
ལྷ་ཡི་རྒྱུད་ལྟར་གྲུབ་རྟགས་གང་ནས་གཞག་ཨང་། །
ང་ནི་ཆུ་ཕྲན་ཞིག་ཡིན།
ང་ནི་ཁྱོད་ཀྱི་འཁྲིས་སུ་བསྐོར་ནས་བཞུར། །
ཁྱོད་ཀྱི་གྲིབ་མ་ང་ཡི་སྟེང་ལ་ལྷུང་། །
ང་ཡི་རྦ་རླབས་ངོགས་སུ་གཡོ་གཡོ་བྱེད། །
ང་རང་ནགས་ཚལ་ཆེན་པོ་བརྒལ་ཏེ་བཞུར། །
ལོ་མ་འགའ་རེ་ཁྱེར་བཞིན་རྒྱང་ལ་བཞུར། །
ལོ་མ་མང་པོ་བླུད་ནས་ཁྱོད་རང་ལ། །
ལྗང་མདོག་གཡུ་ཆུ་བླུགས་པའི་ལྭ་བ་བཟོས། །
ང་ནི་སྔར་བཞིན་རི་ལུང་བཅད་ནས་བཞུར། །
ས་དང་རྡོ་ཡིས་ང་རང་བཀག་མ་ཐུབ། །
རི་དང་ལུང་པས་ང་རང་བཟུང་མ་ཐུབ། །
དེ་བས་མཐའ་ཡས་སྲིད་པའི་ཀློང་ཆེན་དུ། །
རྒྱ་མཚོ་མ་གཏོགས་འཇུག་ཡུལ་གང་ཡང་མེད། །