ལི་ཐང་ནས་ཚངས་དབྱངས་རྒྱ་མཚོ་དྲན་པ།
ཚྭ། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཁྱུང་ཆེན་ལ་སྒུག་པའི་ལོ་ཟླ་དེ་དགུན་དུས་ཤིག་ཡིན།
གྲང་ཤུར་ཤུར་གྱི་དགུན་དུས་ཤིག་ཡིན།
དགུན་དུས་དེར་ཁྱོད་ཀྱིས་ཡང་ཡང་ལི་ཐང་དྲན་མྱོང་སྐད།
ཁྱོད་ཀྱིས་གློ་བུར་གློ་བུར་དུ་ལི་ཐང་དྲན་པ་བཞིན།
དེ་རིང་ངས་ཀྱང་གློ་བུར་གློ་བུར་དུ་ལི་ཐང་ནས་ཁྱོད་རང་དྲན་ཡོང་།
ཚངས་དབྱངས་རྒྱ་མཚོ།
ཁྲུང་ཁྲུང་དྲུག་གི་གཤོག་སྟེང་ན་འཚེར་བའི་གངས་ཀྱི་ན་རོ།
ལི་ཐང་ནས་ཁྱོད་རང་དྲན་པ་ནི།
ནང་སེམས་ཀྱི་མེ་ལོང་སྟོང་ཚུལ་གཞན་ཞིག་རེད།
མ་རེད། ཁྱོད་རང་གཞན་ཏུ་ཕེབས་མི་འདུག
ད་དུང་ལི་ཐང་ན་བཞུགས་འདུག
དུས་ཀྱི་གཙང་བོ་རྒྱང་དུ་བྱེར་ནའང་།
ཁྱོད་རང་དངོས་གནས་ད་དུང་ལི་ཐང་ན་བཞུགས་འདུག
དོ་ནུབ་ཁྱོད་རང་སྐར་ཚོགས་བཞིན།
ཟླ་བ་བཞིན། མེ་ལྕེ་བཞིན།
ངའི་སྙན་ངག་གི་འཇིག་རྟེན་ཏུ་ཕེབས་བྱུང་།
གཞས་གཏོང་བཞིན་ཕེབས་བྱུང་།
ཁྱོད་ཀྱི་ཕེབས་པ་ཡི་གར་འོང་བ་ལ།
ངས་སྨུག་སྤྲིན་གྱི་གསེང་དུ་ཁྲུང་ཁྲུང་ཞིག་མཐོང་བྱུང་།
ཁྲུང་ཁྲུང་དེ་ཁྱོད་རང་ཡིན་པར་རྟོག་བཟོ་ཡང་ཡང་བྱས།
སྐབས་ལན་རེར་ཁྲུང་ཁྲུང་དེས་ང་ལ་ལི་ཐང་གི་ངོ་མཚར་གཏམ་རྒྱུད་བཤད་ཡོང་།