ཆར་བ།
དུང་བུ་ཆོས་འབུམ་རྒྱལ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཟམ་མེ་ཟིམ་མེ།
ཆར་བ་ཁྱོད་ཀྱི་ཕྱོགས་ནས་བབས་པ་ལྟར།
ང་ཡི་དྲན་པ་ཡོངས་སུ་བརླན།
ནམ་མཁའ་སྤྲིན་གྱིས་བཀབ་པ།
སྤྲིན་པ་རླུང་གིས་བསེད་པ།
ཆར་བས་སེམས་པ་བརྟོལ་བ།
སུ་ལ་གསང་ཐབས་མི་འདུག་ཨང་།
སྣང་བ་འདིའི་ངོས་སུ་ཁྱོད་གཅིག་པུའི་ཡི་གེ་བབས།
ཆར་གྱིས་བྲན་པ་ན་ལྷག་ཏུ་གསལ་བ་ལ།
ངག་ལ་བསྐྱོན་པ་ན་གདངས་ཀྱིས་དབུལ་བ་ལ།
ཆར་བ་མུ་མཐུད་དུ་དབབ་པར་མཛོད་ཅིག
ཁྱོད་ནི་ནམ་མཁའ་འོ།
སྲིད་པའི་ཁང་སྟོང་འདི་ན་སྡོམ་ཐག་མང་བར་མ་སྨྲེང་དང་།
རྨི་ལམ་གྱི་སྐུད་པ་འདིས།
ཁྱོད་ལ་རྩྭ་ཐང་ཞིག་བསླེ་བར་འདོད།
འུ་གཉིས་ཀ
ཁོག་པའི་ནང་ལ་མེ་ལྕེ་ཡར་ལ་ལངས་ན།
ཁྱོད་ལ་འཚམས་འདྲིའི་ཚུལ་དུ་འོ་ཞིག་བྱ་ངེས།
ངས་ཁྱོད་རང་ག་ལ་སྲེག་ནུས།
ཞེ་སྡང་གི་ཐབ་མགོ་ནས་ཀྱང་།
ཆབ་རོམ་དུམ་བུ་གཉིས་ལྟར།
འུ་གཉི་ཀ སླ་ང་གཅིག་ལ་ཞུ་འགྲོ་ཨང་།
དབུགས་ཀྱི་འབྱིན་རྔུབ།
དབུགས་འབྱིན་ཐེངས་ཤིག་གི་ཆགས་སྡང་གི་ལྕགས་འཛེར།
རྔུབ་ཐེངས་ཤིག་གི་ན་ཟུག་གི་རྡོ་བར་གླན་ཐེངས་རེར།
ཁེར་རྐྱང་གི་གྱང་ངོས་ལ་བཀལ་འདུག་པ་ནི།
བརྩེ་བ་ཁུར་ཤུལ་གྱི་འགྱིག་ཁུག་སྟོང་བ་ཞིག་གོ།
དྲན་པ་རླུང་བཞོན་མ་འདི། ཤུར་ཤུར་གཡུགས།
ཧྲག་ཧྲག་སྤྲུགས་རྗེས་ཀྱི་འགྱུག་ཁུག་འདི་ལ།
ས་དང་རྡུལ་གྱིས་གནས་བཅའ་རོགས།
ནང་སེམས་ཐེད་པོ་འདི་ཡིས།
དུས་ཚོད་ཀྱི་ཆར་ཆུ་དང་སྐྱིད་སྡུག་གི་མིག་ཆུ་ཚོགས་པ་མ་རེད།
ཅིས་ཀྱང་། ས་དང་རྡུལ་གྱིས་འཚང་བར་གྱིས།
ངས་ནི་བྱེ་མའི་རི་བོ་བཞིན།
རླུང་གི་འཁྲབ་ཡོལ་དང་ལྷན་དུ།
གཟུགས་རིས་སྣ་ཚོགས་གར་ལ་བསྒྱུར་འདོད།