འགྲུལ་བཞུད།
ཐང་གཞུང་རྟ་མགྲིན་རྡོ་རྗེ། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ད་ལྟ་ནས་དེའི་བར་དུ།
ནམ་མཁའི་ཁ་གཏད་དུ་ལངས་ནས།
འགོར་འགྱངས་མེད་པར་འགྲོ་བར་རྩོམ།
ལམ་ལ་ཆས་པའི་གོམ་འགྲོས་དེ།
སྲིད་པ་འདི་ཡི་འགྲུལ་བཞུད་ཡིན་ན་བསམ།
ལམ་ལམ་འཚེར་བའི་འོད་དེ།
ང་ཡི་ཁ་ཕྱོགས་ཡིན་ན་བསམ།
ད་ལྟ་ནས་དེའི་བར་དུ།
དགུང་གི་ཉི་ཟླར་རོལ་ནས།
རི་བོའི་སྡུག་བསྔལ་ཁུར་ནས།
ངལ་དུབ་ཀྱི་ཉིན་སྲིབ་བརྒྱུད་ནས།
ཕ་མཐའ་དེ་ཁད་ཀྱིས་བརྒལ་ནས་འགྲོ།
རྨ་འབྲི་རྫ་གསུམ་འཐུང་ནས།
ཨ་ཐང་ཡེ་ནས་ཆད་མ་མྱོང་།
དེ་དུས་ནས།
ཡིད་ལ་གོམས་པ་མང་བོར་འཁྲེང་ནས།
ལམ་ཐག་རིང་བོར་བརྒྱུད་ནས་འགྲོ།
གང་ནས་གང་ལ་འགྲོ།
ལ་རྒྱབ་དེ་ཡི་ཉག་ཁ་ནས།
མ་འོངས་པའི་ས་ཆ་དེ་རུ་འགྲོ།
ཡུལ་གྱི་ལུང་བ་དེ་ལ་འགྲོ།
ཁྱུང་མཆུ་ནི་རྒོད་སྐྱེས་ཀྱི་ཚང་ཞིག་རེད།
ཁྱུང་མཆུ་ནི་འབྲོག་པའི་རྩྭ་ཐང་ཞིག་རེད།
ནམ་མཁའ་སྔོ་མེར་འཁྱིལ་བའི་མེ་ལོང་ཞིག་རེད།
ལུང་སུམ་མདོ་ན་ཆགས་པའི་རུ་སྡེ་ཆེན་པོ་ཞིག་རེད།
ཕ་གིའི་རི་རྒྱུད་ཀྱིས་ཀེམ་ཀེམ་གཡོ་བའི་མིག་ཟུང་།
མདུན་གྱི་ཡར་ཆབ་སྔོན་མོ།
གནའ་སྔ་མོ་ལྟར་ལྷང་ངེར་རྒྱས་ནས།
ཡུལ་གྱི་གདོང་ལ།
རུ་སྡེ་ཆེན་པོ་འདི་ཡི།
ས་ཆེན་པོའི་ངང་རྒྱུད་ལས།
ཤ་ཁྲག་གདོས་བཅོས་ཀྱི་ཕུང་བོ་དཀྲུག་དཀྲུག་བྱས་ཏེ།
ཨམ་གཙིགས་སྡམ་པའི་སྙིང་ཤེད་རྒྱ་ཆེར་བསྐྱེད་འོང་།
མཐོན་པོའི་དབྱིངས་སུ་བསྐྱོད་པའི་རྒོད་སྐྱེས་ཤིག
རླུང་གི་སྤུ་གྲིར་འཕྲད་ན་འདར་བ་མེད།
འཆར་ཡན་གྱི་རྨི་ལམ་འདི་ནས་རུམ་ཏེ།
རྒྱང་རིང་དུ་ལོག་པ་ཡིན་ནམ།
རྒྱང་རིང་ནི་དུས་བཏབ་ཀྱི་རྔུལ་ཆུ་ཁྲོམ་ཁྲོམ་ཞིག
ཁྱུང་མཆུ་ནས།
གནམ་སྔོན་པོ་ཐང་ལ་ལྷུང་འདྲའི་རུམ་ཁོང་ནས།
འཕྲོ་རིམ་འཕྲོར་ཡིད་ལ་འཆར་བ་དེ་ཁྱེད་ཡིན།
སེང་གེ་གཡུ་རལ་ཅན་པོ་དེ་ཁྱེད་ཡིན།
བྱ་རྒྱལ་ཁྱུང་ཆེན་དེ་ཁྱེད་ཡིན།
ཁྱེད་རང་སུ་ཡིན་ནམ།
ཁྱེད་དང་ཡུན་རིང་མ་ཕྲད་པས།
གངས་ཀྱི་རི་བོ་ཞི་ནས་ཡོང་ལ།
རྫ་སྐེད་རི་སྐེད་ནགས་དང་གྱེས་ནས་ཡོང་།
སྐྱི་བསེར་རླུང་བུའི་འགྲོས་ཀྱང་འཇགས་ནས་སོང་།
གནམ་སྔོན་པོར་གཏད་པའི་ཁ་ངོ་འདི།
གཙང་དག་ཡང་དག་གིས་བཀྲུས་ནས།
དུས་ཚོད་ཀྱི་དཀའ་ཐུབ་བསལ་ནས།
མིག་མདུན་གྱི་ལམ་བུ་ནི་ག་ཚོད་རིང་ངམ།
ལས་དང་སྐལ་བར་བསྒུགས་ནས།
ས་གཞིའི་པང་ལ་ཉན་དུས།
ཡུན་རིང་ཞིག་ལ་བྲིས་པའི་སྙན་ངག་དེ་ཅི་ཡིན་ནམ།
ཕ་རིའི་ཉག་གར་ལྷུང་བའི་སྐར་མདའ་དེ་སུ་ཡིན་ནམ།
ནམ་ཞར་ཡིད་ལ་འཁོར་བ་དེ་སུ་ཡིན་ནམ།