ཁ་བཤད་དང་ལག་ལེན་གྱི་བར་ཐག

སྟོང་ཉིད་མ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



རྒན་མགོ་དཀར་མན་དང་གཞོན་སོ་དཀར་ཡན་གྱི་སྐྱེ་བོ་ཡོད་དོ་ཅོག་ལ་མཚོན་ན། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་གཏམ་དཔེ་ནི་ཁ་ནང་ལྕེ་བརྒྱུས་ལྟར་ཡིན་མོད། ཡིན་ནའང་དོན་གང་ཡང་མི་ནུས་པའི་ཁ་ཕོ་ཅན་འགའ་རེའི་སྤྱོད་ཚུལ་ནི་འདི་ལྟར་ཏེ། རང་འགན་དུ་བབ་པའི་བྱ་གཞག་གང་མང་ཞིག་མ་འཁྱོངས་པར་ལུས་དུས་སྐད་ཆ་གནས་ལུགས་ཅན་ཞིག་ཡིན་རྐྱང་གིས་འཁང་ར་དང་ཁ་གཡོར་ས་བདེ་མོ་ཞིག་ཏུ་བྱེད་ལ། ཡང་བསམ་པ་དང་ཁ་བཤད་ལས་རང་འགན་དུ་ལེན་མི་དགོས་དུས་ཧ་ཅང་བསམ་སྦྱོར་ཡར་ཐོན་ཅན་ཞིག་ཡིན་མདོག་ཚ་བོས། ཡུལ་དུས་དང་གནས་ཚུལ་གང་ལའང་མི་གཞིག་པར་འདི་ལྟ་བུའི་གཏམ་ནི། ཉམས་མྱོང་དང་ཉིང་བཅུད་གང་ཡང་མེད་པར་མི་རྣམས་ཀྱི་ནུས་པ་བག་ལ་ཞ་རུ་འཇུག་པའི་བསམ་བློའི་སྐྱེད་ཁོངས་ཡིན་མདོག་གིས་མ་བཤད་ན་མི་གོམ་སྤུར་ན་མི་འབར་སོགས་དགོས་ཆེ་རབས་དང་རྫིག་གཏམ་སྣ་ཚོགས་བསྒྲགས་ནས། ཁ་བཤད་ཙམ་ལས་བརྒལ་ཏེ་ལག་ལེན་ལ་འབད་ཀྱིན་པའི་མི་བུ་ཕལ་བ་དག་གི་ངལ་རྩོལ་དང་སྡུག་རུས་ཀྱི་བྱ་གཞག་གང་ཡོད་ལ་རྡོག་བརྫིས་དང་སྣང་མེད་བྱས་ཏེ་ཚིག་རྩུབ་ཀྱི་མཚོན་ཆ་དྲག་ཆར་ལྟར་འབེབས་ཤིང་། རེ་སྐུལ་གྱི་དུང་སྒྲ་ནི་ཁྭ་ཏའི་སྐྲ་དཀར་རག་དང་རི་བོང་ལ་རྭ་སྐྱེས་རག་བར་བསྒུགས་ཀྱང་ད་དུང་ངེས་མེད་ཀྱི་གྲངས་ཀ་ཞིག་ལས་གང་ཡང་ཡོང་མི་སྲིད་པ་དེའོ། །

མི་ཚང་མར་ཁ་ལག་ཡོད་པ་འདྲ་ཡང་། ཁ་དང་ལག་པའི་ནུས་པ་ནི་ཁྱོན་ནས་མི་འདྲ།ཁའི་ནུས་པ་ནི་གཅིག་ཟ་མ་བརྒྱུད་ས་དང་། གཉིས་ནི་བསམ་པ་དེ་ཕྱི་རུ་བསྒྲགས་པའི་སྒྲ་དུང་ལྟ་བུ་ཡིན། ལག་པའི་ནུས་པ་ནི་བསམ་པ་དེ་སྒྲུབ་པ་དང་ཁ་སྟོང་ནང་གི་ཚིག་སྟོང་ཁྲི་འབུམ་ཞིག་གི་མགོ་བོ་གནོན་པའི་གཉེན་པོ་སྟེ་དེའི་རིན་དོད་ནི་ཁ་བཤད་ཙམ་གྱིས་སྡུར་ཡ་གཏན་ནས་མི་ཡོང་། དེའང་མི་ཚོར་ལག་པ་གཅིག་དང་ཁ་གཉིས་མིན་དོན་ནི། བཤད་རྒྱུ་ཉུང་བར་གྱིས་ལ་བསྒྲུབ་པ་མང་ཙམ་གནོངས་ཞེས་པའི་དོན་ཡིན་པ་གཏམ་རྒྱུད་གང་ཞིག་ཏུ་འགྲེལ་བ་བཞིན། ཁ་བཤད་དང་ལག་ལེན་བར་དུ་ཆེས་ཐུང་བའི་བར་ཐག་ཅིག་འགྲུབ་ངེས་ལ། ཆེས་རིང་བའི་བར་ཐག་ཀྱང་འགྲུབ་ངེས། སྔ་མ་ནི་ལག་ལེན་ནས་ཁ་བཤད་བར་ཡིན་ལ། ཕྱི་མ་ནི་ཐེ་གོར་གྱིས་སྔོན་ཆད་འགྲེལ་མྱོང་བའི་“འཛམ་གླིང་སྟེང་གི་ཆེས་རིང་བའི་བར་ཐག་སྟེ། ཤི་གསོན་གྱི་བར་ཐག་མིན་པར། ང་ཁྱེད་ཀྱི་འཁྲིས་སུ་ཡོད་ཀྱང་། ང་ཁྱེད་ལ་དགའ་བ་ཁྱེད་ཀྱིས་མ་རྟོགས་པ་དེ་རེད་”ཟེར་བ་དེ་མིན་པར་ཁ་བཤད་ནས་ལག་ལེན་གྱི་བར་ཐག་དེའོ། །ཁ་ལག་གཉིས་ཀྱི་ནུས་པ་མི་འདྲ་བས། བྱ་བའི་མཇུག་འབྲས་ཀྱང་འདྲ་སར་མི་འགྲོ་ཞིང་། ཁ་བཤད་ལས་ལག་ལེན་མེད་པ་ནི་ནམ་ཡང་འགྲུབ་ཐབས་མེད་པའི་སྟོང་བསམ་དང་། ཁ་བཤད་ལས་ལག་ལེན་གཙོར་འཛིན་པ་ནི་ད་གཟོད་འཚོ་བ་དང་ཁ་ཐག་ཉེ་ཤོས་དེ་ཡིན་ངེས།

རྒྱ་ནག་གི་དྲྭ་བའི་སྟེང་དུ་དར་ཆེ་ཤོས་ཀྱི་ཚིག་དུམ་ཞིག་སྟེ། ང་ཚོས་འཇིག་རྟེན་མཐུན་འཇུག་གི་གནས་ལུགས་གང་མང་ཞིག་རྟོགས་མོད། ཡིན་ནའང་རང་གི་མི་ཚེ་ཇི་ལྟར་སྐྱེལ་དགོས་པ་མི་ཤེས་པ་དང་། ཡང་རྒྱུན་པར་གཞན་ལ་སློབ་གསོ་སྤྲོད་པར་མཁས་ཀྱང་། རང་ཉིད་ཀྱི་བློ་ནང་དུ་འགུགས་མི་ཐུབ་པ་སོགས་མདོར་ན་བར་ཐག་ཞིག་སོ་སོའི་བར་འགྲུབ་འགྲོ་བའང་བདེན་ཡང་། ཅིའི་ཕྱིར་བསྒྲུབ་རྒྱུ་མང་ཙམ་དང་བཤད་རྒྱུ་ཉུང་ཙམ་བྱས་ཏེ། འཇིག་རྟེན་འདིར་བདེན་པའི་ས་བོན་འབྲུ་རྡོག་གཅིག་རེ་ཡིན་ཡང་འདེབས་ཐབས་ལ་འབད་དེ།ཆེས་རིང་བའི་བར་ཐག་དེ་ཇེ་ཐུང་ལ་གཏོང་བའི་བློ་མེད་པ་རེད།

ལྷག་པར་དུ། གོང་ནས་རྒྱལ་ཁབ་ཀྱི་ལས་གནས་སོ་སོའི་ཚབ་མཚོན་ཡིན་མདོག་གི་དཔོན་པོ་གང་མང་དང་། བར་ནས་རིགས་ཀྱི་རྐང་འཛིན་ཡིན་མདོག་གིས་རང་ཉིད་ཀྱི་རང་ཉིད་ལ་མཁས་མིང་ག་གེ་མོའི་ཆོ་ལོ་སྩོལ་ལ་མཁས་པའི་ངོ་གཉིས་མ་སྟེ། རུས་རྐང་གི་སྲ་ཚུགས་ལྷོད་ཅིང་སྒལ་རུས་ཀྱི་ལྷུ་ཚིགས་འཐོར་བའི་བྱུར་གྱི་སྣ་འདྲེན་མཁན། མཐའ་ནས་རིག་གནས་ཀྱི་འཚོ་བཅུད་སྒྱུ་ལུས་ཀྱིས་མ་ལྕོགས་པའི་རང་དང་རང་ལྟ་བུའི་ཕ་མེས་ཀྱི་ཞབས་རྗེས་རྐང་བས་སུབ་བཞིན་པའི་ཆུ་གཟུགས་ཀྱི་ལྒང་བུ་ལྟར་ཕྱི་ལ་ཡོན་ཏན་གྱི་རྫས་དང་ནང་དུ་བྱིན་རླབས་ཀྱི་རྟེན་གཉིས་ཀས་སྟོང་པའི་ཚོགས་སྤྱི་གང་མང་ཞིག་ཇེ་འཕེལ་ཇེ་རྒྱས་སུ་འགྲོ་བཞིན་པ་དེ། ད་ནི་དངོས་གནས་རིག་གནས་དང་དོ་དམ་གང་ཞིག་གིས་མཐའ་རྒྱང་རིང་བའི་དམིགས་ཡུལ་དེ་རང་བཞིན་གྱིས་འགྲུབ་ཡོང་བ་ཅིས་མ་ཡིན།

ངས་འདི་ནས་བཤད་པའི་ཁ་བཤད་ནི། བསམ་གཞིག་དང་ཡིན་མིན་གྱི་དབྱེ་འབྱེད་གང་གིས་ཀྱང་ཞིབ་སྡུར་མ་བྱས་པའི་མིད་པ་ཡན་ནས་ཐོན་པའི་སྟོང་ལབ་ལ་བྱ་བ་ཡིན་གྱི། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་དང་ཁ་མ་བྲལ་ཞིང་ཉམས་མྱོང་ཅན་གྱི་སྐད་ཆ་ལ་ནི་བྱ་བ་མ་ཡིན་ནོ། །དེ་བས་མི་སྒེར་དང་ཚོགས་པ་གང་ཞིག་ཡར་རྒྱས་སུ་འགྲོ་དགོས་ན་ཁ་བཤད་ལས་ལག་ལེན་གཙོ་བས། ནམ་རྒྱུན་ལག་ཁོམ་ནས་ཁ་མི་ཚུམ་པར་ཡོད་པ་དག་ནི་ལས་དོན་གང་ལའང་མ་ཟིན་པར་ལུས་ནས་ཡོད་མཁན་དག་ཅིས་མ་ཡིན། རིགས་དེས་ལག་ལེན་གྱི་མ་འཇོན་ནས་ལུས་དུས། ཅི་བྱ་འདི་བྱེད་མེད་པར། རང་ཉིད་གྲགས་འདོད་དང་སྤུར་འདོད་ཀྱི་ཆེད་དུ། གཞན་པའི་བྱས་རྗེས་ཅི་ནུས་ཀྱིས་སྐུང་ཐབས་དང་སུབ་ཐབས་ལ་འབད་དེ། རང་རློམ་བྱ་བར་མ་གཞི་ནས་ཁ་འཐོར་དགུ་འཐོར་དུ་གྱུར་བའི་ང་ཚོར། ཡང་ནས་བསྐྱར་དུ་འཇགས་མེད་ཀྱི་འཐེན་ཁ་རྒྱོང་རེས་ཡོང་བ་ནི་ལྡོག་མེད་ཡིན་ཏེ། རྒྱུ་མཚན་ནི་རང་ཉིད་འུད་སྒྲོག་བྱེད་ཆེད་གཞན་པའི་སྐྱོན་ཁོ་ན་གླེང་ནས་སྡུར་བ་ལས་ཡོན་ཏན་ལ་ནི་སྡུར་ཐབས་མེད་རྐྱེན། གཞན་ལ་སྐྱོན་འདོགས་སྣ་དགུ་དང་ངན་སྨྲ་རྐྱང་བ་བྱ་རྒྱུ་ནི་ཁོ་ཚོའི་ང་རྒྱལ་དང་ཁེངས་དྲེགས་རྒྱོང་བྱེད་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་ཕྱིར། འདི་ལྟ་བུའི་མིས་ནི་གང་ཞིག་བཤད་དགོས་མིན་སོགས་ལ་ཆ་འཇོག་གང་ཡང་མེད་པས། འདི་ལྟ་བུའི་མི་ནི་རང་ཉིད་ཚོགས་གང་དུ་གནས་པར་འདང་རྒྱག་སྤུ་ཙམ་མེད་པར་རང་བླ་བཙག་ནས་རང་ཉིད་ཀྱི་རིགས་ལ་གཙེས་པར་བལྟས་ན། ཡུན་རིང་ལ་དྲང་བདེན་དང་གནས་ལུགས་ལ་མི་རྩི་བའི་གང་ཞིག་གིས། ཆེད་དུ་ཁོ་རང་ཚོ་ལ་བཟོས་པའི་སྲུང་སྐྱོབ་ཀྱི་སྒྲིབ་ཡོལ་དུ་ཡིན་པ་བསམས་ན། སྤྲེལ་ལད་བྱེད་པར་གོམས་སོང་བའི་ཁོ་པ་ཚོའང་སྙིང་མ་རྗེ། དངོས་གནས་ངོ་སོ་དགོས་པ་དང་ཡང་ན་ལ་རྒྱ་དགོས་པར་འདོད་ཚེ། ཁ་སྟོང་ནང་ནས་ཚིག་སྟོང་དང་གཞན་པའི་ལག་རྗེས་བསུབ་པར་འབད་པ་ལས་རང་གི་ཕྲག་དོག་དང་ང་རྒྱལ་སོགས་ལ་ཞིབ་ཀྱིས་རྟོགས་ལ་ནན་ནན་ཏན་ཏན་གྱིས་དངོས་འབྲེལ་གྱི་ལག་ལེན་རེ་ལ་བརྩོན་དང་། ཅི་ཡང་མི་སྒྲུབ་གང་ལའང་མི་འབད་པར་འདུག་པ་ལས་དགའ་བ་ནི་གདོན་མི་ཟ།

པིན་ཞིང་(冰心)གིས་གཏམ་བརྗོད་ཀྱི་མེ་ཏོག་བཞད་པ་ཅི་ལྟར་ཆེ་ན། སྦྱོར་བའི་འབྲས་བུ་སྨིན་པ་དེ་ལྟར་ཆུང་ཞེས་བྲིས་པ་ལྟར། ང་ཚོས་སྟོང་འདང་སྐྱིད་པོ་རེ་བརྒྱབ་སྟེ། རང་ཉིད་ཁོ་ན་ཚད་མའི་སྐྱེས་བུ་རུ་བསམས་ནས་མི་ཐོག་ལ་ཁ་ཆེ་རྒྱུ་མང་དྲགས་ན། ནམ་ཞིག་རང་ལ་བྱུར་གྱི་སྣ་འདྲེན་ལས་གང་ཡང་མེད་པས། ཁ་བཤད་དང་ལག་ལེན་ལ་བར་ཐག་ཅི་འདྲ་ཞིག་ཡོད་པ་རྟོགས་པར་བྱས་ནས་ཁ་བཤད་དང་ལག་ལེན་བར་ལ་ཉམས་ལེན་གྱི་མཐུན་ལམ་ཞིག་གཟུགས་རྒྱུ་ལས། གཞན་གྱི་སྐྱོན་དང་དམན་ས་ཞན་ས་རྐྱང་པར་དམིགས་ནས། (གཅིག་བྱས་ན་གཞན་གྱི་ཡོན་ཏན་ཁྱེད་ལས་མཐོ་སྲིད། དེ་འདྲ་ཡིན་ཙང་གཞན་དེར་བསྟོད་མ་འོས་ན། རང་ལ་ནི་དེ་བས་ཀྱང་འོས་མི་བབ་པ་ཁ་གསལ་གཏིང་གསལ་རེད། )རང་ཉིད་ཁེ་འདོད་དང་གྲགས་འདོད་ཀྱི་བྲན་གཡོག་དུ་མི་འགྱུར་བ་ཞིག་བྱས་ན།“མི་ཆོས་”ཞེས་པའང་དེ་ལས་གཞན་ཞིག་འགྲེལ་རྒྱུ་མེད་དོ།། །།


རྩོམ་ཡིག་སྔོན་མ།
འབྲི་ཆུ།
རྩོམ་ཡིག་རྗེས་མ།
མ་ཡུམ་ལ་ཕུལ་བའི་ཤིས་ཚིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1