མ་ཡུམ་ལ་ཕུལ་བའི་ཤིས་ཚིག

ཉི་གཞོན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ནར་མ་སོན་ཅིང་གཉོམ་ལག་མ་རྒྱས་པའི་བུས་པ་ཞིག་ཟླ་དགུ་ཞག་བཅུར་ལུས་དྲོད་ཀྱིས་བསྐྱངས་ཤིང་ཚེ་སྲོག་ཅེས་པའི་ཐ་སྙད་ཅིག་གི་རྨང་གཞི་འཛུགས་མཁན་གྱི་གསར་གཏོད་མཁན། རང་སྲོག་གི་དབང་བོ་འབེན་དུ་བཞག་ཅིང་རང་ལུས་ཀྱི་ན་ཚ་སྣང་མེད་དུ་འཇོག་པའི་བཟོད་པ་ཆེན་པོ་བ། ངས་དེ་རིང་ཁྱེད་ལ་གུས་ཕྱག་ཅིག་ཕུལ། དེ་ནི་ཁྱེད་ཀྱི་དཔའ་བརྟན་འགྱུར་མེད་ཀྱི་རང་གཤིས་དང་སྤོབས་པ་ལ་འཚལ་བའི་གུས་ཕྱག་དང་པོ་ཡིན།

ཁྱེད་ནི་བཟའ་ཚང་ཞིག་གི་སྲོག་ཤིང་ཡིན། སྦྲ་ནག་ཅིག་གི་བདག་མོ་ཡིན། མི་རིགས་ཤིག་གི་ཀ་བ་ཡིན། ཉིན་མཚན་དུས་དྲུག་ཏུ་བུ་ཕྲུག་བརྩེ་བས་སྐྱོང་དགོས། དབྱར་དགུན་སྟོན་དཔྱིད་དུ་འཁོར་བའི་ལས་འགན་བསྒྲུབ་དགོས། ལོ་ཟླའི་ཁུགས་སོ་ནས་ངལ་གསོ་ཐེངས་ཤིག་ཀྱང་བྱས་མ་མྱོང་བའི་མ་ཡུམ་ལགས། ངས་ཁྱེད་ཀྱི་བྱམས་བརྩེ་དང་བརྩོན་འགྲུས། རྒྱུན་འཁྱོངས་སོགས་ལ་གུས་ཕྱག་གཉིས་པ་འཚལ་ལོ།།

སྒང་ནས་ཕྱུགས་རིགས་དཀར་ནག་གི་རྫི་བོ་ཁྱེད་རང་ཡིན། ལྷས་ནས་འབྲི་དང་མཛོ་མོ་རྣམས་འཇོ་མཁན་ཁྱེད་རང་ཡིན། ཁྱིམ་ནས་ཟས་རིགས་འདྲ་མིན་གྱི་གཡོ་སྐོལ་ཁྱེད་ཀྱིས་བྱེད། ཁྱེད་ནི་ཉིན་མོའི་མི་ཡིན་མཚན་མོའི་ཁྱི་ཡིན། གཞི་འཁོར་བ་སྐྱོང་བའི་དཀྱིལ་ཤིང་ཡིན། སྒོ་ཕྱི་ནང་གཉིས་ཀྱི་སྲུང་མ་ཡིན། ས་ཉིན་སྲིབ་གཉིས་ཀྱི་གཞི་བདག་ཡིན། ངས་ཁྱེད་ཀྱི་ལྷག་བསམ་དང་འགན་ཁུར། ལ་རྒྱ་སོགས་ལ་གུས་ཕྱག་གསུམ་པ་འཚལ་ལོ།།

དང་དད་ཀྱིས་བསླངས་པའི་གུས་ཕྱག་ཅིག་མི་ཡུལ་གྱི་མགྲོན་པོ་རུ་གྱུར་བའི་བུ་ཆུང་ངས་ཁྱེད་ལ་འཚལ་ཡོད། ཁྱེད་ནི་ངའི་ཡ་ཐོད་ཀྱི་མིག་འབྲས་གསོན་པོའམ་ཡང་ན་ལུས་སྟེང་ན་ལྷོག་ལྷོག་ཏུ་རྒྱུ་བའི་ཟུངས་ཁྲག་གི་དྭངས་མ་དེའོ།།

ང་ཡི་མ་ཡུམ་ལགས། ཁྱེད་ནི་མཐོ་སྒང་དུ་བཏགས་པའི་དར་ལྕོག་ལེབ་མོ་དེ་ཡིན། དུས་བཞིའི་ཙག་རླུང་གི་ཁྲོད་ནས་ཁྱེད་རང་ཅི་དགར་གཡུག་ལ། ཁྱེད་ཀྱི་ཞབས་རྗེས་དང་གྲིབ་གཟུགས་དག་རི་ལུང་ཐང་གསུམ་ལ་དཔར་ཡང་། ཁྱེད་ཀྱི་འདས་སོང་གི་གཏམ་རྒྱུད་དང་མ་འོངས་པའི་རྨི་ལམ་རེ་རེ་ལོ་ཟླའི་རྩིག་ལྡེབས་ཀྱི་ངོས་སུ་རིས་སུ་བཀྲ། ཁྱེད་ནི་འཚོ་བ་ཞེས་པའི་གླེགས་བམ་གྱི་ཁ་འབྱེད་མཁན་ཐོག་མ་དེ་ཡིན་པས། དགའ་སྐྱོ་ཆགས་སྡང་གིས་བསྐྲུན་པའི་ཐ་སྙད་རེ་རེར་སྤྲོ་སྣང་དང་དགའ་མགུ་ཡིས་དཀྲིས་པའི་འོད་སྣང་གི་མདུད་པ་ཞིག

ང་ཡི་མ་ཡུམ་ལགས། ཁྱེད་ནི་ངའི་མིག་ཀོང་གི་མཆི་མ་རྡོག་པོ་དེ་ཡིན་པས། ངས་ཇི་སྲིད་འཚོ་བའི་བར་དུ་ངུ་ངག་གི་དབྱངས་རྟ་ཞིག་དཀྲོལ་བར་ག་ལ་འདོད།།


རྩོམ་ཡིག་སྔོན་མ།
ཁ་བཤད་དང་ལག་ལེན་གྱི་བར་ཐག
རྩོམ་ཡིག་རྗེས་མ།
ཚེ་རིང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1