རྭ་རྩེར་སྐྱོན་པའི་ལང་ཚོ།

ཁྱ་དགེ་རྡོ་རྗེ་དོན་གྲུབ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



གཅིག

ང་ནི་དཔྱིད་ཐོག་མའི་གོམ་སྒྲ་ཉེ་རུ་ཕྱིན་ཅིང་ཁ་ཆར་བུ་ཡུག་དྲག་ཏུ་ལྡང་བའི་མཚན་གཞུང་ཞིག་ལ་མི་མེད་ལུང་སྟོང་ཞིག་ནས་སྐྱེས་པ་ཡིན། དེ་དུས་ངའི་རྐང་ལག་བཞི་བོ་རང་ལ་མི་དབང་བ་ཇི་བཞིན་རང་ཚུགས་ངང་ཡར་ལངས་མི་ཐུབ་ཅིང་། རང་ལུས་འཁོལ་བོ་དེའང་ད་དུང་འབྱར་བག་ཅན་གྱི་ཤོག་ཐུམ་ལྟ་བུ་ཞིག་གིས་བཏུམས་ཡོད་པའང་ཤེས། དེ་དུས། ཨ་མ་དྲིན་ཆེན་མས་ངའི་ལུས་སྟེང་གི་ཤ་མ་དེ་ལྡག་ཅིང་ནུ་མ་སྣུན་གྲབས་བྱེད་ཀྱང་། ངར་ལྟོགས་སྡུག་གི་ངར་སྐད་འབྱིན་པ་ལས་ནུ་མ་བཙལ་འདོད་ཀྱི་བློ་སེམས་ཤིག་གཏན་ནས་སྐྱེས་མ་བྱུང་། ཁ་ཆར་བུ་ཡུག་གིས་གདོང་ལ་བརླན་ཞིང་འདམ་རྩྭའི་ཟེགས་སུ་འཐིམས་པའི་ན་ཆུ་འཁྱགས་པ་ལས་བསྐྱལ་འོང་བའི་གྲང་རེག་དེ་ངའི་རྐང་ལག་བརྒྱུད་ནས་མགོ་རྩར་འཁྱུད་འོང་ལ། གྲང་ལྷགས་ཀྱིས་མནར་བའི་ལྷགས་པ་དེས་ང་རང་མིག་ཡང་ཕྱེ་དབང་མེད་པའི་ཚོད་ལ་བཞགདེ་འདྲའི་གྲང་ལྷགས་ཀྱི་རེག་པས་ངེད་མ་བུ་གཉིས་ལ་བརྗེད་དུ་མེད་པའི་གཏམ་རྒྱུད་ཅིག་སེམས་པའི་དྲན་ངོར་ཕབ་སོང་།

གཉིས།

ང་རང་ནི་མ་དྲིན་ཆེན་མའི་བྱམས་སྐྱོང་འོག་ཏུ་དེ་འདྲའི་མུན་ནག་ཅིང་ཁ་ཆར་བུ་ཡུག་དྲག་ཏུ་ལྡང་བའི་མཚན་གཞུང་ཞིག་ལ་ས་སྟོང་ལུང་སྟོང་ཞིག་ནས་ཐར་འོང་བའི་ཡ་རུ་ཞིག་ཏུ་གྱུར་ཡོད། ད་ནི་ང་རང་སྟག་ལུང་སྡེ་བའི་ཁ་བསོད་ཅན་དུ་འབོད་པའི་རབ་བརྟན་རྡོ་རྗེ་ཚང་གི་ལྷས་རར་ཚུད་ཡོད། ཉིན་འགའི་སྔོན་ལ། ཁྱིམ་བདག་མ་ཚེ་རིང་དབང་མོ་ནམ་རྒྱུན་དང་འདྲ་བར་མལ་ལས་ལངས་ཤིང་། ལྷས་རར་ཡོང་ནས་འབྲི་རྒན་རྔ་དཀར་མ་དེ་ཚོ་བཞོས་ཚར་ནས་ཅུང་མ་འགོར་བར་ཕྱིར་ལྷས་རར་ཡོང་སྟེ། ང་རང་ཚོའི་ཕྱོགས་སུ་དགོན་པ་ནས་འཁྱེར་ཡོང་བའི་ཚོགས་རྫས་དེས་མནོལ་བསང་ཕུད་བྱུང་། རླུང་གཞོན་གྱི་རྒྱུ་ཕྱོགས་སུ་དེ་འདྲའི་དྲི་ངད་ཞིམ་པོ་དེས་ངའི་ཡིད་དབང་གསོས་མྱོང་ལ། ཉིན་གཅིག་གི་རེ་སྙེག་གིས་བཏུས་པའི་འཚོ་བ་དེ་འགོ་བརྩམས་པའི་སྟ་གོན་འགྲིག ངས་རང་ལུས་ལས་ལྕི་བ་ལྟ་བུའི་མགོ་བོ་དེ་ཡར་དགྱེ་ནས་སྦྲ་ནག་གྲུ་བཞིའི་ཕྱོགས་སུ་རྣ་བ་བླགས་པ་ན། ངག་འཇམ་ཚིག་གི་སྨྲ་བརྗོད་ཅིག་གིས“ན་ནིང་གི་དཔྱིད་འགོ་དེར་ཁྱེད་ཀྱིས་ཁ་ཆར་བུ་ཡུག་དེར་འཛེམས་ནས་ནོར་ཁ་ཤས་ཀྱང་སྔ་ཆད་རྗེས་ལུས་ལྟར་དེད་ཡོང་པ་ཨེ་བརྗེད། ལོ་འདི་གར་དགོན་པར་ཚོགས་བཅོལ་བའི་དཀོན་མཆོག་གསུམ་པོའི་བྱིན་རླབས་ཀྱིས་གྱོང་གུད་དེ་འདྲ་མ་ཐེབས། ”ཞེས་ལབ་བྱུང་ལ། ཕལ་ཆེར་སྐད་ལ་བརྟག་ན། ཚེ་རིང་ལྷ་མོ་ཡིན་པའང་ཤེས་ཐུབ། “དེ་རིང་ངས་གསེར་ཆེན་ཐང་དུ་དེད་འགྲོ། ……”ཞེས་ལབ་བྱུང་།

ཁྱིམ་བདག་རབ་བརྟན་སྦྲ་སྒོར་བུད་ནས་ང་རང་ཚོའི་ཕྱོགས་སུ་སྡུག་ཡུས་འདོན་གྱིན་དུ“ཚེ་རིང་ལྷ་མོ། འུར་ཆ་ཆུ་མིག་དགུ་སྒྲིལ་དེ་གང་ན་ཡོད། བྲོ་ཁ་དགའ་ཞིག་སྒྲིགས”ཟེར་བཞིན་ང་རང་ཚོ་ལྷས་སྒོར་ཕུད་བྱུང་། ཁྱིམ་བདག་རབ་བརྟན་གྱིས་གློ་ཁུག་ལས་ཚྭ་ཏིལ་འབྲུ་ཙམ་ཞིག་བླངས་ཏེ་ང་ལ་སྟེར་མོད། ཁོས་ཕལ་ཆེར་ཁྱིམ་བདག་མའི་རྒྱུན་སྐྱོད་ཀྱི་འཚོ་བའི་གོ་རིམ་ཁྲོད་ནས་ང་རང་ཡང་ཨ་མ་དྲིན་ཆེན་མ་ལྟར་ཚྭ་ལ་དགའ་བ་ཤེས་ཡོད་པ་འདྲ། ངས་ཚྭ་ཏིལ་འབྲུ་ཙམ་པོ་ལྡག་པའི་བར་གླགས་སུ། ཁོས་རུམ་ནས་འུར་ཆ་བླངས་ཏེ་ངའི་སྐེ་རུ་བསྐོན་བྱུང་། གར་འགྲོ་འདུག་དབང་མེད་པའི་ང་རང་ནི་གཟེབ་ཏུ་བཅུག་པའི་བྱིའུ་ཇི་བཞིན་ཁོའི་ལག་ནས་འཆོར་ཐབས་བྲལ་བའི་གནས་སུ་ལྷུང་།

ངའི་ལུས་ཟུང་ནི་ལོ་ཚོད་མཉམ་པ་དག་དང་བསྡུར་ན་གྲུང་ཤ་ཉམས་ཤིང་སྐྱེས་སྟོབས་ཉམས་ཆེ་བས་ལམ་བར་དུ་གཞན་གྱི་རྗེས་ཆོད་དཀའ་མོ་ཡིན་པའི་རྐྱེན་གྱིས་ཁྱིམ་བདག་རབ་བརྟན་རྡོ་རྗེས་སྣེ་ཁྲིད་འོག་ཏུ་གསེར་བཟང་ཐང་དུ་ཆས་དགོས་བྱུང་། “ངས་ཁྱེད་ཀྱི་རྣ་བ་མ་ཤོ་གོང་དུ་ལེགས་པོར་སོང་། ”ཞེས་རྫིག་རྫིག་བྱེད་ཅིང་། བསམ་བཞིན་དུ་རང་ཉིད་ཀྱང་ཁོའི་ལག་ནས་ཁ་ཤོ་རྣ་ཤོ་ཅན་དུ་འགྱུར་བར་མི་འདོད་པས། ཐབས་བཀོལ་མེད་པར་གསེར་ཆེན་ཐང་གི་བརྒྱུད་ལམ་དེད་དེ་རྒྱང་དུ་སྐྱོད་ཀྱིན་པའི་འབྲི་རྒན་མ་རྔ་དཀར་དེ་ཚོའི་རྗེར་བསྙེགས་ནས་སོང་།

གསུམ།

ལ་ཀྱོག་ལུང་ཀྱོག་གི་བརྒྱུད་ལམ་དེའི་གཡས་གཡོན་ནི་སྔར་ལྟར་སྐྱ་མདོག་ལྟར་དལ་ཅིག་གེར་འདུག་ལ། དགུན་ཟླ་རིང་མོ་ནས་ཐར་མེད་པ་ལྟར་ཞོགས་པ་དང་དགུང་དྲོར་ཙག་ཤེད་ཅུང་ཆེ་བ་རེད། སོང་གིན་སོང་གིན་དུ་ལུས་ཀྱི་ནུས་ཚད་རྒྱས་པ་དང་བསྟུན་ནས་ལུས་སྟེང་ནས་ཕྱི་ལ་རླངས་པ་མཆེད་ཀྱིན་འདུག་མོད། ཁྱིམ་བདག་རབ་བརྟན་གྱིས་ད་དུང་ངའི་ཕུང་མགོར་ཁུ་ཚུར་གཞུས་ནས“ལྟས་ངན་ཁྱོད་ལ་ཚྭ་རང་བྱིན་པ་མིན་ནམ”ཟེར། ངེད་གཉིས་ལུང་ཐག་རིང་བོ་དེ་བརྒྱུད་ནས་གསེར་ཆེན་ཐང་དུ་ཐོན་དུས། འབྲི་རྒན་མ་རྔ་དཀར་དེ་ཚོ་རང་དགར་རྩྭ་ཆུ་ལ་གཡེང་འདུགཁྱིམ་བདག་རབ་བརྟན་རྟོ་རྗེ་གླིང་རྒན་ཆུ་འཐུང་ཞེས་པའི་སྙེག་ཁ་ནས་རྔམ་རིང་ཞིག་འཐེན་ཞོར་དུ་གསེར་ཆེན་ཐང་གི་ཕྱོགས་སུ་མིག་དབང་ཤོར།

རྒྱང་རིང་བའི་ཡུལ་གྲུ་དེ་ནས་མཆེད་འོང་བའི་རྫི་གླུ་སྙན་མོས་ངའི་ཡིད་དབང་ངང་ངམ་ཤུགས་ཀྱིས་གསོས་ཤིང་། གསེར་བཟང་ཐང་ནི་ངའི་ཉིན་གཅིག་གི་བསྟི་གནས་སུ་གྱུར་པའང་ཤུགས་ནས་རྟོགས་ཐུབ་ལ། རྒྱབ་ཕྱོགས་ཀྱི་ལུང་ཤུར་དེ་ངའི་མིག་ལམ་ནས་བསྐྱུར་ཅིང་། རུ་སྡེ་ཁྲ་མོ་རུ་ཡར་བཤད་མར་བཤད་ལ་དགའ་བའི་ཁྱིམ་བདག་མ་དེ་ཚོའི་བྱ་བྱེད་མཐའ་དག་བསྐྱུར་ཏེ་བློ་སེམས་རྩེ་གཅིག་ཏུ་གསེར་བཟང་ཐང་གི་ཕྱོགས་སུ་ཤོར་སོང་། “ཨ་རོ། བཀྲ་ཁོ་ཡིན་ནམ། ང་ཨ་ཁུ་རབ་བརྟན་རྡོ་རྗེ་ཡིན། ངེད་གཉིས་ཀྱིས་ནོར་འདྲེས་ཡོད་དམ། ”ཟེར་བཞིན་སྐད་གདངས་མཐོན་པོས་གསེར་ཆེན་ཐང་གི་ཕྱོགས་སུ་བོས་བྱུང་། “འོ། ང་བཀྲ་ཁོ་ཡིན་ཡ། ”ཞེས་གསེར་ཆེན་ཐང་གི་ཕྱོགས་ནས་ངེད་གཉིས་ཡོད་སའི་ཉག་གར་ཁྱབ་བྱུང་།

“་་་་་་”

“ཨ་ཁུ་རབ་བརྟན། དེ་རིང་ངེད་གཉིས་ཀྱིས་རང་རང་གིས་བཏུལ་བའི་ཞོན་པ་དེས་གོམ་ལག་དང་རྭ་ཁ་འགྲན་སྡུར་ཅིག་བྱས་ན་མི་བཟང་ངམ། ”ཟེར་བཞིན་རུམ་ནས་ཞགས་ཐག་ཅིག་བླངས་ཏེ་རང་ཉིད་ཀྱི་ཞོན་པ་བཙལ་དུ་ཕྱིན། ཅུང་ཙམ་འགོར་རྗེས་བཀྲ་ཁོས་ཞོན་པ་རྭ་ཅན་ཞིག་ཁྲིད་འོང་སྟེ་ཐད་ཀར་ངའི་སྟེང་དུ་ཕུད་བྱུང་། ཁྱིམ་བདག་རབ་བརྟན་གྱིས་འདི་སྐད། “ཝེ། བཀྲ་ཁོ། ཁྱེད་ཀྱི་དེ་ཤེད་ཅན་ཅིག་རེད། ངའི་དེ་ད་དུང་ཡ་རུ་ཞིག་ཡིན་ཡ། ”ཟེར་ཞོར་དུ་ཡར་ལངས་ཏེ་མིག་ཅེ་རར་ང་ལ་བལྟས་འདུགབཀྲ་ཁོས་ལག་གི་ཕྲེང་བ་སྐེ་ལ་སྐོན་ཞོར་དུ་འཛུམ་དམུལ་དམུལ་གྱིས“ལྟོས། དེ་རིང་ཡ་རུ་འདི་འཆི་ལ་ཁད་བྱེད་དམ། ”ཞེས་ཁ་རྒོད་སྣ་རྒོད་ཅིག་བྱས་སོང་། ངས་རང་ཤུགས་གང་ཡོད་བཏོན་ནས་རྭ་ཅན་ལ་འགྲན་མོད། མཐར་ངའི་ཤེད་ཤུགས་ཡོད་ཚད་ཟད་དེ་རྭ་གཡོན་པ་བསྣུན་ཏེ་ཁྲག་ཤེད་མི་ཆོད་པ་ཞིག་བཞུར་བྱུང་། དེ་འདྲའི་ན་ཟུག་དེ་རྭ་རྩ་བརྒྱུད་ནས་ལུས་གཞིར་ཟུག་གཟེར་ཆེན་པོ་ཞིག་བསླངས་སོང་། ཁྱིམ་བདག་རབ་བརྟན་གྱིས་འདི་སྐད། “ལྟས་ངན་འདི། ངས་ན་ནིང་འབྲི་རྒན་མ་དེ་ཚོ་དང་མཉམ་དུ་བཙོང་རྒྱུ་ཡིད་ངོར་མ་ཤར་བ་མིན། ”ཟེར་བཞིན་ཨམ་ཕྲག་ལས་དུ་བ་རྐང་གཅིག་ལངས་ཏེ་དུ་བ་སྔོ་ལྷོག་ལྷོག་ཏུ་འཐེན། “ཨ་ཁུ་རབ་བརྟན། ལོ་འདི་གར་གནམ་གཤིས་ཇེ་དྲོ་ནས་ཇེ་དྲོ་རེད། ཡ་རུ་འདིས་རྭ་རྩ་སྨན་བཅོས་མ་བྱས་ན་རྨ་ཁར་འབུ་འཇོག་རྒྱུ་རེད་ཡ”ཞེས་འཛུམ་དམུལ་དམུལ་གྱིས་སྨྲས་བྱུང་། དེ་དུས། ངའི་འགྲན་ཡ་རུ་གྱུར་པའི་ཡ་རུ་དེས་གསེར་ཆེན་ཐང་ནི་ཁོ་ཁོ་ནར་དབང་བ་ལྟར་མཆོང་ལྡིང་བྱེད་བཞིན་དུ་བེའུ་ཚོགས་ཀྱི་ཁྲོད་དུ་ཡན་འདུགཡིན་ཡང་། ངས་རང་ལུས་ལས་ལྕི་བ་ལྟ་བུའི་མགོ་བོ་དེ་ས་ལ་ཟུག་པ་ལྟར་རང་ས་ནས་འཕག་འཚག་ཙམ་ཡང་བྱེད་མི་ཐུབ་པར་མ་ཟད་རྩྭ་ཆུ་ཁམ་གང་ཡང་ཁར་རེག་མ་ཐུབ། “བཀྲ་ཁོ། ངེད་ཚང་གི་གཡག་གི་རྒྱུད་པ་ནི་སྔོན་མར་འབྲོག་ཐང་འདི་གར་མིང་ཅན་གྱིས་བཟུང་ཡོད། ཕ་དྲིན་ཆེན་པས་ང་རང་ལ་གཡག་རྒོད་བཏུལ་ཚུལ་སོགས་དངོས་སུ་ལག་ལེན་དུ་བསྟར་མྱོང་། ཡིན་ཡང་དེང་སང་གི་དུས་འདིར་འཕྲུལ་རྟ་སྟབས་བདེ་ཅན་པོ་མེད་ན་འགྲོ་འོང་ཡང་བྱེད་མི་ཐུབ་པའི་ཚོད་རེད། ” “་་་་་་”དེ་བཞིན་དུ་ཁོ་རང་སེམས་བདེ་སོང་བ་ནང་བཞིན་ཁ་བརྡའི་བར་ནས་དུས་ཚོད་གར་སོང་མ་ཤེས་པར་ཉི་མ་རི་ལུང་དང་གྱེས་ཕྱག་འབུལ་བཞིན་རིང་དུ་གྱེས་སོང་། བཀྲ་ཁོས་འུར་ཆ་མགོ་ལ་སྐོར་ནས་ཅུང་མ་འགོར་བར་གསེར་ཆེན་ཐང་གི་ནོར་ནག་ཚང་མ་ཕྱོགས་གཅིག་ཏུ་བསྐོར་བྱུང་།

ཁྱིམ་བདག་རབ་བརྟན་རྡོ་རྗེ་ངའི་རྭ་རྩ་ནས་བཞུར་བའི་ཁྲག་ལ་ཞེ་ལོག་ནས་འདི་སྐད་སྨྲས“ཡ་རུ་ལྟས་ངན། ངས་ཁྱོད་ཀོ་གྱོང་ལག་མཉེས་ཤིག་བྱ། ”ཟེར་ཞོར་དུ་ངའི་དཔྱི་མགོར་རྡོག་བརྫིས་འགའ་བཞུས་ཏེ་འབྲི་རྒན་རྔ་དཀར་མ་དང་གཡག་བུ་རྭ་ཅན་དེ་ཚོ་དེད་དེ་ང་རང་དང་རིང་དུ་གྱེས་སོང་། ངས་ཡང་བསྐྱར་གསེར་ཆེན་ཐང་གི་ལྷིང་འཇགས་གྱོན་ནས་མཚན་བསྐྱལ་དགོས་བྱུང་ལ། རྭ་རྩ་ནས་འཁྱུད་འོང་བའི་ན་ཟུག་གཅིག་གིས་ལུས་པོ་བྱེའུ་རོ་ཙམ་པོ་བཅུམ་ནས་ཟུག་གཟེར་དཔེ་འཇོག་མེད་པ་ཞིག་བསླངས་པས་གཉིད་ཐབས་བྲལ།

བཞི

ཉི་འོད་ས་ལ་ཟགས་པའི་ཉིན་གུང་ཙམ་ལ། འདྲུད་འཐེན་འཁོར་ལོ་ཞིག་གི་པད་ཁའི་དྲི་མ་ཞིག་རླུང་གི་རྒྱུ་ཕྱོགས་ལྟར་ངའི་སྣ་སྒོ་གཅོད་ལ་ཁད་དུ་བྱས། ཅུང་ཙམ་འགོར་རྗེས། ཁྱིམ་བདག་རབ་བརྟན་དང་བཅས་པའི་གསར་བུ་སྐོར་གཅིག་གིས་འདྲུད་འཐེན་འཁོར་ལོའི་སྣུམ་སྒོ་འགག་རྩར་མནན་ཏེ་ངའི་ཕྱོགས་སུ་ཆས་ཡོང་། དེ་དུས་ངས་རྨ་ཁ་ལས་བཞུར་བའི་གདོང་གི་ཁྲག་སྐམ་ལུག་རོ་ཙམ་པོ་གཡུག་ཏེ་སྣ་ཁ་ལས་དབང་མེད་དུ་བཞུར་བའི་སྣ་ཆུ་ཆུ་དར་འདྲ་བོ་ཁོག་པར་མིད་དེ་སེམས་ཀྱི་འདུ་ལོང་མཐའ་དག་ཁོག་ལ་སྙོམས་སྒྲིག་ཞིག་བྱ་བསམ་མོད། ཡིན་ཡང་ཁྱིམ་བདག་རབ་བརྟན་རྡོ་རྗེ་ཡིས་འདྲུད་འཐེན་འཁོར་ལོ་དེ་གཟས་ནས་ངའི་སྟེང་དུ་སྐོར་བྱུང་ལ། དེ་དུས་ངས་རང་ཉིད་རང་ཉིད་ཡིན་པའང་བརྗེད་སོང་བར་མ་ཟད་ན་ཟུག་ཀྱང་དབོར་སོང་བ་ཇི་བཞིན་ཕར་ལ་འགྲེ་ལྡོག་ཅིག་བརྒྱབ་ནས་ཁྱིམ་བདག་རབ་བརྟན་གྱི་འདྲུད་འཐེན་འཁོར་ལོའི་འོག་ནས་ཐར་ཅི་ཐུབ་བྱས། གསར་བུ་དེས་ཧང་སང་བའི་ངང་ནས“ཨ་ཁུ་རབ་བརྟན། ཅུང་མིན་ན་ཡ་རུ་འདི་བསད་བཞག་ཐལ། ཨ། ཨ། ”ཟེར་བཞིན་འདྲུད་འཐེན་འཁོར་ལོ་ལས་མར་བབས་བྱུང་། ཁྱིམ་བདག་རབ་བརྟན་རྡོ་རྗེས་འདྲུད་འཐེན་འཁོར་ལོའི་སྣུམ་སྒོ་ལྷོད་པར་བཏང་སྟེ། “འོ་་་་། ངས་ཡ་རུ་འདི་འཆི་ཡོད་མེད་ལ་བལྟས”ཞེས་ཧབ་ཆ་དང་བཅས་ཏེ་ལན་སློག་བྱུང་། “་་་་་་”ཉི་རྩེ་ས་ལ་ཟགས་པའི་ཉིན་གུང་འདིར། སྤང་ཐང་གི་དར་ཆུའི་བཞུར་སྒྲ་ཤག་ཤག་ཏུ་བཞུར་གྱིན་པ་ཐོས་ལ། གསེར་ཆེན་ཐང་གི་ནུབ་བྱང་ཕྱོགས་སུ་གླང་ཆེན་ཆུ་འཐུང་ཞེས་པའི་རྫི་བོ་རྣམ་པའི་ཁ་མཚར་ཀུ་རེའི་བར་ན་གནས་པའི་རི་བོ་དེ་ལས་བཞུར་འོང་བའི་དར་ཆུ་ནི་ངའི་ཕྱོགས་སུ་རྒྱུག་འོང་བ་ཇི་བཞིན། ལང་ཚོའི་གཟི་དཔལ་མངོན་གྱིན་པའང་ཤེས་ལ། ངས་དཔྱིད་གསུམ་ལྗང་མྱུག་གི་གོས་གསར་གདན་དུ་བཏིང་ནས་གཞན་གྱི་ལང་ཚོ་ལ་ཡིད་སྨོན་སྐྱེས་མྱོང་ལ། ཡིན་ཡང་ཁྱིམ་བདག་རབ་བརྟན་གྱི་སྡུག་ཡུས་ཀྱིས་ངའི་རྣ་སྒོ་འགག་ལ་ཁད་དུ་བྱས། ཤ་སྦྲང་དག་གིས་ཀྱང་ཁོ་རང་གཉིས་ལ་རོགས་བྱེད་པ་ཇི་བཞིན་སྣག་ཁྲག་བཞུར་ཤུལ་དུ་རུབ་ནས་བརྙས་བཅོས་ཡིད་ངོར་མི་ཤོང་བ་ཞིག་བྱས་པས། སྐད་ཅིག་མའི་ཡིད་སྨོན་དེའང་རྩ་བ་ནས་བཅོམ་སོང་། ཁོ་རང་གཉིས་ཀྱིས་ང་རང་འདྲུད་འཐེན་འཁོར་ལོའི་ནང་དུ་འཇོག་རྩིས་བྱེད་དུས། ངས་ན་ཟུག་ལས་བསྐྱེད་པའི་ཆོ་ངེ་དེས་ཁོ་རང་གཉིས་ལ་ཕོག་ཐུག་བཏང་སོང་བའམ་ཡང་ན་རུམ་ཁོང་དུ་ཆུ་འཁྱགས་བླུགས་སོང་བ་ཇི་བཞིན་ང་ལ་སྡུག་ཡུས་བློ་ངོར་མི་ཤོང་བ་ཞིག་བཏོན་པར་མ་ཟད།

ཁྱིམ་བདག་རབ་བརྟན་དེ་རིང་མགོ་འཐོམ་ཅི་བྱུང་ཡོད་པ་མི་ཤེས་མོད། ཉི་འོད་དྲག་ཏུ་འཚེར་བའི་ཉིན་མོ་འདི་འདྲ་ཞིག་ལ་ད་དུང་ཆར་ལྷམ་འདམ་བག་ཅན་དེ་གྱོན་ཡོད་ལ། དེས་ང་རང་གི་དཔྱི་མགོར་རྡོག་བརྫིས་འགའ་ཡང་བྱས་སོང་། ཁྱིམ་བདག་རབ་བརྟན་རྡོ་རྗེ་ཡིས་ཁྱིམ་མཚེས་གསར་བུ་དེ་ལ་བཀོད་པ་འཐེན་ཞོར་དུ། “གཅིག། གཉིས། གསུམ” “ཤེད་ཤུགས་མཉམ་པའི་སྒོ་ནས་འགྱོག”ཟེར་མོད། ཡིན་ཡང་གསར་བུ་དེས་ལན་ཅི་ཡང་སློག་མ་བྱུང་། གསར་བུ་དེའི་ཤེད་ཤུགས་ཅུང་སྟོབས་ཆེ་བས། ང་རང་ཡང་རང་དབང་ཅི་ཡང་མེད་པར་འདྲུད་འཐེན་འཁོར་ལོའི་ནང་དུ་བཅུག

ལྔ

ལམ་གྱི་གོང་བུ་དག་ལས་གསིག་གསིག་བྱས་མཐར་ང་རང་ཤི་མིན་རོ་མིན་དུ་བྱས་སོང་བར་མ་ཟད། འདྲུད་འཐེན་འཁོར་ལོའི་སྣུམ་སྒོ་ལས་ཕྱིར་ཕུད་པའི་པད་ཁའི་དྲི་མ་དེས་ང་རང་ཁ་སྐྱུགས་སྣ་སྐྱུགས་བྱས་མྱོང་བས། ཉིན་འདི་གར་ཁྱིམ་བདག་མ་ཚེ་རིང་ལྷ་མོས་ང་རང་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་ལ། རྩྭ་ཆུ་གང་བཟང་དང་ཚྭ་ཁུ་བཅས་ཀྱི་བཟའ་ཆས་ལེགས་པོ་སྟེར་མོད། ཡིན་ཡང་ང་རང་ལ་བཟའ་འདོད་ཀྱི་བློ་ཞིག་གཏན་ནས་སྐྱེས་མ་བྱུང་།

གོ་ཐོས་ལྟར་དེ་རིང་ནི་ཤང་མངགས་གཏོང་ཁང་གི་བཀོད་སྒྲིག་ལྟར་ཕྱུགས་ལས་སྨན་བཅོས་རུ་ཁག་གཞི་རིམ་དུ་བསྐྱོད་པའི་ཉིན་མོར་འཁེལ་འདུགཁྱིམ་བདག་མ་ཚེ་རིང་ལྷ་མོའི་གཉོར་སྐྱོང་དང་སྨན་པ་དྲིན་ཆེན་པ་དེ་ཚོའི་བྱམས་སྐྱོང་འོག་ཏུ་ཡང་བསྐྱར་ངར་ཤུགས་ཀྱི་གཟི་དཔལ་འབར་བའི་ཉིན་མོ་ཞིག་གི་འགོ་བརྩམས་སོང་། །


རྩོམ་ཡིག་སྔོན་མ།
2018ལོའི་དེབ་6པ།
རྩོམ་ཡིག་རྗེས་མ།
མ་སྐྱེས་ཨ་མའི་ཇ་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1