མ་སྐྱེས་ཨ་མའི་ཇ་ཁང་།
ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
མ།
ཚ་ཟེར་མཐོ་སྒང་གི་ཡུལ་གྲུ་གཞན་ལས་ཆེ་བའི་ལྷ་སའི་ཉི་འོད་ཀྱིས། གྲོང་ཁྱེར་གྱི་ཕྱོགས་བཞིའི་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ཚང་བའི་རི་བོ་ཀུན་ལ་ཉིན་གཅིག་གི་མཇུག་མཐའི་གསེར་ཞལ་སྒོར་མོ་དེ་འབྲལ་མི་འདོད་པ་ལྟར་སྟོན་གྱིན་རེ་ཞིག་གླིང་གཞན་དུ་ཕེབས་སོང་། དལ་འབབ་སྐྱིད་ཆུ་རིང་མོས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་བོ་དག་ལ་ཉི་མ་ནུབ་རིར་བཞུད་པར་སེམས་པ་མ་སྐྱོ་དང་ངས་ནམ་ཡང་ཁྱེད་ཅག་གི་ཞབས་མཐིལ་ལ་གཙང་མ་ཁྲུས་ཀྱི་བགྱི་བ་དང་ལེན་བྱེད་ངེས་ཞེས་སེམས་གསོ་བྱེད་པ་ལྟར། ལྗང་ཀྱུག་ཀྱུག སྔོ་ལྡེམ་ལྡེམ་དུ་རི་བོ་དག་གི་མདུན་ནས་སྒེག་ཉམས་ཅི་ཡང་སྟོན་བཞིན་བཞུར།
ལྷ་ས་གྲོང་ཁྱེར་གྱི་མཐའ་བཞིའི་རི་བོ་དག་གིས་མུན་པའི་ལྭ་བ་གྱོན་པ་དང་བསྟུན། དྲི་འཛིན་རི་བོའི་སྟེང་ན་རྔམ་བརྗིད་ཡིད་འོང་གིས་འགྱིང་བའི་ཕོ་བྲང་པོ་ཏ་ལ་ཉིད་དེང་རབས་གློག་འོད་ལས་སླར་ཡང་ཉིན་མོའི་དུས་དང་འདྲ་བར་བཀྲག་མདངས་འཚེར་བཞིན་མངོན་འོང་། འདི་ནི་གྲོང་ཁྱེར་ལྷ་སའི་ཁོར་ཡུག་ཡོངས་ལ་མེལ་ཚེ་བྱེད་པའི་བློན་ཆེན་ཞིག་ལྟར་བརྟན་བརླིང་གིས་མངོན། བོད་མི་ཚོས་ཀྱང་ཕྱོགས་དང་ཕྱོགས་ནས་པོ་ཏ་ལའི་གཟི་མདངས་ལ་མིག་ཟུང་རེ་འཕེན་གྱིན་ལག་པས་ཐལ་མོ་སྦྱོར་ཙམ་བྱེད་པའམ། ཡིད་ཀྱིས་སྨོན་ལམ་རེ་འདེབས། བགྱི་བ་འདི་རིགས་ནི་བོད་མི་ཐུན་མོང་ལ་བྱེད་པོ་དབང་ཆེན་སུ་ཞིག་གིས་བཀས་བསྐུལ་བ་མིན་པར་རང་མོས་རང་འཐད་ཀྱིས་དང་། རང་བྱུང་རང་གྲུབ་ཀྱིས་མངའ་བའི་མ་བཅོས་སེམས་ཀྱི་སྟོབས་ཤུགས་ཤིག་ཡིན་ངེས། དེ་བཞིན་དུ་རལ་གྲི་དང་མདའ་མདུང་གྱེན་དུ་བསླངས་པ་ལྟ་བུའི་དེང་རབས་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་ཡེ་མི་འདྲ་བར། གནའ་བོའི་བབས་ཆགས་ཡིད་འོང་གི་བཟོ་བཀོད་ཀྱིས་མཛེས་པར་སྤུད་པའི་ལྷ་ལྡན་གཙུག་ལག་ཁང་རྣམ་གཉིས་ཀྱི་མཐའ་བསྐོར་བའི་ཁང་བའི་ཚོགས་དག་ནི། མཐོ་དམན་དོ་མཉམ་པའི་རྒྱ་མཚོ་ཆེན་མོ་ཞིག་ལྟེམ་མེར་འཁྱིལ་བ་ལྟར་ཧ་ཅང་ལྷོད་ཆགས་ཀྱིས་གནས། ལྷ་ལྡན་གཙུག་ལག་ཁང་ཆེན་མོའི་གསེར་ཏོག་དག་ཀྱང་གཡོ་མེད་ཏིང་འཛིན་གྱི་རོལ་གར་འཆང་ནས་ལྷ་སའི་མཚན་མོར་དབེན་ཞིང་འཇགས་པའི་མཛེས་སྡུག་གཞན་ཞིག་གི་སྣང་བརྙན་བསྐྲུན་གྱིན་གདའ།
གཙུག་ལག་ཁང་གི་བར་སྐོར་དུ་དད་ལྡན་གྱི་མི་ཚོགས་ཉིན་མོ་ལས་ཅུང་ཉུང་ངུར་སོང་ཡོད་མོད། ད་དུང་ལག་ཏུ་འཁོར་ལོ་དང་ཕྲེང་བ་ཐོགས་ཤིང་། ངག་ནས་སྟོན་པ་ཤཱཀྱ་མུ་ནེའི་མཚན་དང་གཟུངས་སྔགས། སྒྲོལ་མ་དང་དམིགས་བརྩེ་མ། སྐྱེས་ཆེན་དམ་པའི་ཞབས་བརྟན་དང་མ་གྱུར་འགྲོ་ཀུན་ཐར་བར་འདྲེན་པའི་སྨོན་ལམ་སྣ་ཚོགས། སྙིང་བོ་ཡི་གེ་དྲུག་མ་སོགས་ཟློ་བཞིན་གཡས་ནས་གཡས་སུ་སྐོར་བ་བྱེད་པ་དང་། གཙུག་ལག་ཁང་གི་སྒོ་འཕྱོར་ནས་མདུན་ཐད་ཀྱི་ཐང་གི་བར་དུ་དད་གསུམ་སྙིམ་པའི་མེ་ཏོག་གི་འབྱེད་འཛུམ་ཅི་ཡང་བསྒྱུར་ཞིང་། ལྷུ་དྲུག་ལུས་ཀྱི་སྟངས་སྟབས་གཅིག་མཚུངས་ཀྱིས་དད་ཕྱག་གྱང་འགྱེལ་བ་བཞིན་འཚལ་གྱིན་པ་སོགས་བོད་ཆོས་ལྡན་གྱི་ཞིང་ཁམས་བླ་ན་མེད་པའི་རྟགས་མཚན་གྱིས་སེམས་ཀྱི་དྭངས་བ་དབང་མེད་དུ་འདྲེན་པར་བྱེད།
ང་རང་བར་སྐོར་གྱི་མི་ཚོགས་ཁྲོད་ནས་ཁོ་ཚོའི་དད་སེམས་ཀྱིས་ཕྱུག་པའི་ཚུགས་ཀ་དང་། གཡས་གཡོན་གྱི་གནའ་བོའི་ཉམས་བཟང་ལྷང་ངེར་ཐོན་པའི་འཛུགས་སྐྲུན། དབུ་ལ་འཁོར་ལོའི་དབྱིབས་དང་དེའི་སྨད་དུ(བཀྲ་ཤིས་བདེ་ལེགས)ཞེས་པའི་བོད་ཡིག་གིས་མཛེས་ཆོས་སྤྲས་ཤིང་དེ་ལས་གློག་འོད་འབྱིན་པའི་ལམ་གློག་གི་སྡོང་བོ་སོགས་ལ་ཧད་དེ་ད་ཅི་ངག་ནས་གྱེར་བའི་ཁ་དོན་དེའང་ཆད། སྤྱིར་རང་ཉིད་ས་རུབ་རྗེས་ད་ཚོད་ཀྱི་དུས་ཚོད་ཕལ་མོ་ཆེར་རང་ཁྱིམ་དུ་དཔེ་ཀློག་བྱེད་པའི་དུས་ཚོད་ཡིན་མོད། དེ་རིང་དབུས་ལྷ་ལྡན་གྱི་གཙུག་ལག་ཁང་གི་བར་སྐོར་དུ་གོམ་འགྲོས་བསྒྱུར་བཞིན། དད་པ་དང་དགའ་བའི་བར་དུ་ཕངས་སེམས་ཞིག་འཕྱུར་ཞིང་། ཡི་རངས་དང་ང་རྒྱལ་གྱི་བར་དུ་ཡིད་གཅུང་ལྟ་བུ་ཞིག་ཐོན་དེ་རྟོག་འགྱུ་སྣ་ཚོགས་དབྱར་སྤྲིན་རླུང་གིས་སྐྱོམས་པའི་འདུ་འགོད་བཞིན་འཁྲིགས། ངའི་རྐང་ཟུང་གི་བགྲོད་པ་དེ་བར་སྐོར་གྱི་མི་ཚོགས་ཀྱི་ཁྲོད་མདུན་ནས་མདུན་དུ་བསྐྱོད། འོན་ཏེ་སེམས་པ་ནི་སྐབས་རེར་མེས་པོ་གོང་མའི་འདས་སོང་གི་ལོ་ཟླ་རིང་མོའི་རྗེས་ཤུལ་དང་སྐབས་རེར་ཆེན་པོ་སུས་ཀྱང་དཔོག་པར་དཀའ་བའི་ལྐོག་ཏུ་གྱུར་བའི་མ་འོངས་པ་སོགས་ལ་མགོ་མཇུག་དང་གོ་རིམ་མེད་པར་གང་སར་འབྱམས།
བར་སྐོར་གྱི་ལམ་ལས་གཙུག་ལག་ཁང་གི་རྒྱབ་ངོས་གཡོན་ཕྱོགས་ཀྱི་མཆོག་གམ་ཟུར་ངོས་སུ་ཟླུམ་གཟུགས་ཀྱིས་བསྐྲུན་པའི་སུམ་ཐོག་ཅན་གྱི་བརྩེགས་གཉིས་པའི་ངོས་སུ(མ་སྐྱེས་ཨ་མ)ཞེས་རྒྱ་བོད་དབྱིན་གསུམ་གྱི་སྒོ་བྱང་སྙིང་དུ་སྡུག་པ་ཞིག་བཀོད་ཡོད། སྒོ་བྱང་དེའི་ཉེ་འགྲམ་ནས་རྣ་བར་འཇེབས་པའི་བོད་པའི་གླུ་གཞས་ཀྱི་གདངས་དབྱངས་དམའ་མོ་ཞིག་གིས་ལྷ་སའི་མཚན་མོའི་མཛེས་ལྗོངས་ལ་རོལ་དབྱངས་ཀྱི་རམ་འདེགས་ཕུན་སུམ་ཚོགས་པོ་ཞིག་བསྩལ་དང་སྩོལ་གྱིན་གདའ།
(མ་སྐྱེས་ཨ་མ)ཞེས་པའི་སྒོ་བྱང་དང་། (མ་སྐྱེས་ཨ་མ)ཞེས་པའི་གླུ་དབྱངས་གཉིས་ནི་ང་རང་བར་སྐོར་དུ་བགྲོད་པའི་རྐང་སྣེ་འཐོག་ས་དང་། རྣ་བ་གཡར་ས་ཉག་གཅིག་ཡིན་པས། མཚམས་ཤིག་ཏུ་རང་དབང་མེད་པར་གནས་དེར་གོམ་ཁ་བསྒྱུར་དགོས་བྱུང་།
ངའི་དགེ་རྒན་དམ་པ་དང་ངེད་གཉིས(མ་སྐྱེས་ཨ་མ)འི་ཇ་ཁང་གི་ཐོག་སོ་གཉིས་པའི་སྒེའུ་ཁུང་གི་འགྲམ་ཁར་བསྡད་དེ་དཀྲུག་ཇ་དང་ལྷ་སའི་ལྦུ་རག་ལ་རོལ། སྒེའུ་ཁུང་གི་སྟེགས་བུའི་སྟེང་དུ་ཕྲེང་རིང་བོར་བརྩེགས་པའི་བོད་པའི་འབྲི་དེབ་ཀྱི་སྟེང་དུ་སྙན་ངག་བྲིས། མ་བཅོས་སེམས་ཀྱི་མཐིལ་ནས་བརྡོལ་བའི་སྙན་ངག་བཞུར། དེ་དུས་ཀྱི་སྙུག་རྩེ་ནི་ཇི་འདྲའི་ཟོལ་ཡངས་ཤིང་འཁྱུག་རྐྱེན་པ་ལ། དེ་དུས་ཀྱི་དུང་ཚོར་ནི་ཇི་འདྲའི་གཡའ་བྲལ་ཞིང་བསླད་མེད་པ་ལ།
ངའི་ཁ་གཏད་དུ་བཞུགས་པའི་དགེ་རྒན་དམ་པ། སྙན་ངག་པ་ཆེན་པོས(ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསལ་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་བྱུང་།།)ཞེས་པའི་ཚངས་དབྱངས་པའི་ཞལ་ནས་གྱེར་བའི་སྙན་ངག་དེའི་རྒྱབ་ལྗོངས་བསྔོགས་བཤེར་བྱས་ཤིང་། ལོ་རྒྱུས་ཀྱི་གཡའ་ཡིས་བསུབ་མ་ཐུབ་པའི་མི་ལོ་སུམ་བརྒྱའི་ཡར་སྔོན་གྱི་མ་བཅོས་དུང་སེམས་ཀྱི་རི་མོ་དེའི་བཞིན་མདངས་གསལ་བར་བཀྲ། ཆོས་ལུགས་པའི་ཞེན་ཁོག་དང་ཆབ་སྲིད་ཀྱི་དགོས་དབང་སོགས་འཁྱོག་བསྒྱུར་དགུ་བརྩེགས་ཀྱི་ཤུན་པ་བཤུས་ཏེ། མི་ལ་མི་ཡི་གཉུག་གཤིས་སམ་རང་བཞིན་མངའ་བའི་མེས་པོ་གང་ཉིད་ཀྱི་དོན་དངོས་ཀྱི་བྱུང་བ་བརྗོད་པའི་མགུར་ཚིག་གི་དོན་དེ་འཆད་པ་སྙིང་ལ་སིམ་སོང་། སྙིང་ལ་སིམ་པའི་ལོ་རྒྱུས་དེ་ནི་བདུད་རྩི་བཞིན་ལུས་སེམས་ཡོངས་སུ་ཁྱབ། ཡོངས་སུ་ཁྱབ་པས་རྣམ་ཤེས་ཚོགས་དྲུག་བཟི་མགོ་བརྩམས། འདི་ནི་ལྷ་སའི་ལྦི་རག་གི་བཟི་ཁ་ལས་ཀྱང་བཙན་པའི་ལྷ་སའི་བཟི་སྟངས་གཞན་ཞིག་དང་། འདི་ནི(མ་སྐྱེས་ཨ་མ)འི་ཇ་ཁང་ནས(མ་སྐྱེས་ཨ་མ)འི་སྙན་ངག་གི་བཟི་སྟངས་གཞན་ཞིག་རེད་ཨང་།
(མ་སྐྱེས་ཨ་མ)ཞེས་པ་དབུ་མེད་འབྲུ་ཚས་བྲིས་པའི་ཡིག་འབྲུ་སྙིང་དུ་སྡུག་པ་བཀོད་པའི་ཞྭ་མོ་དང་སྟོད་གོས། པང་ཁེབ་སོགས་གྱོན་པའི་ཞབས་ཞུ་བ་བུ་མོ་ཆུང་ཆུང་གིས་ཕྲ་ལ་མཉེན་པའི་ལག་ཟུང་གིས་ངེད་གཉིས་ལ་འོ་ཇ་དང་ལྷ་སའི་ལྦུ་རག་དྲངས། (མཆོད་དང)(མཆོད་དང)ཞེས་པའི་ཞེ་ཚིག་གིས་མཚན་མོའི་སྐྱེམས་ཆང་དྲངས། ངས་ཆང་ཕོར་ཁ་ལ་ཁྱེར་ཏེ་ལྕེ་ཡིས་མྱོང་པའི་བར་ནས(དག་པ་ཤེལ་རིའི་གངས་ཆུ།། ཀླུ་བདུད་རྡོ་རྗེའི་ཟིལ་བ།། བདུད་རྩི་སྨན་གྱི་ཕབ་རྒྱུན།། ཆང་མ་ཡེ་ཤེས་མཁའ་འགྲོ།། དམ་ཚིག་གཙང་མས་བཏུང་ན།། ངན་སོང་མྱོང་དགོས་མིན་འདུག།)ཅེས་པའི་ཚངས་དབྱངས་པའི་གསུང་མགུར་དེ་ཤར་རེར་དྲན། ཤར་རེར་དྲན་པས་གངས་ཆབ་གཙང་མ་ཞིག་དང་བདུད་རྩི་སྨན་གྱི་ཕབ་རྒྱུན་ཞིག་ཏུ་སྙམ་བཞིན་ལག་གི་ཆང་ཕོར་གང་བོ་ཞབས་དག་བརྒྱབ། ངའི་མདུན་ཐད་ན་བཞུགས་པའི་བོད་ཀྱི་སྙན་ངག་པ་ཆེན་པོ་ཁོང་གིས་ཀྱང་འོ་ཇ་ཧུབ་གཅིག་དལ་གྱིས་བཞེས་རྗེས། འཛུམ་ཞལ་ལྷུག་ལྷུག་གྲོལ་གྱིན(དོ་ནུབ་ངེད་གཉིས་ཀྱིས་ལོ་ངོ་སུམ་བརྒྱའི་སྔ་རོལ་དུ་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཡུལ་ཁྱད་པར་བ་འདི་ནས་རླབས་ཆེན་གྱི་སྐྱེས་བུ་ཁོང་ལ་རྗེས་དྲན་བྱེད། རྗེས་དྲན་འདིར་དོན་སྙིང་ལྡན་ནམ)ཞེས་གླེང་། ངས(དོན་སྙིང་ལོས་ལྡན། དོན་སྙིང་ལོས་ལྡན)ཞེས་པའི་བརྡ་ལ་མགོ་བོ་ནང་དུ་གུག་གུག་མང་ཙམ་བྱས། ད་ལྟ་ང་ཚངས་དབྱངས་པའི་སྙན་ངག་དང་ལྷ་སའི་ལྦུ་རག་གིས་བཟི་སྟེ་ལྕེ་སྣེ་ཤིན་ཏུ་ལྕི་བས་སྐད་ཆ་དེ་འདྲ་འཇོན་པོ་མི་འདུག ཁོང་གིས་ཀྱང་ངའི་སེམས་དོན་རྟོགས་ཡོད་པ་འདྲ་སྟེ། གློག་འོད་མོག་པོའི་ཁྲོད་ནས་ང་ལ་མཐེ་བོང་སྟོན་གྱིན་འདུག
སྐྱེས།
འདི་ནས་ཕྱིར་རྩིས་པའི་མི་ལོ་སུམ་ཅུའི་ཡར་སྔོན་དེ་ང་རང་གི་བྱིས་དུས་སུ། ངེད་ཚང་ལ། དབྱར་དགུན་སྟོན་དཔྱིད་གང་གི་དུས་སུའང་གཡག་ཆེས་གཡུང་མའམ་བརྟན་པོ་དང་ཆེས་ཁུར་ཤེད་ཅན་ལ་བཀལ་ནས་འགྲོ་བའི་མཆོད་སྒམ་ཆེན་པོ་ཞིག་ཡོད། ལྗིད་ཚད་ཀྱང་སྦྲ་ནག་དང་མར་ཡོམ། ཀ་ཆིངས་སོགས་ཀྱི་འཕྲོ་ནས་ཆེས་ལྕི་བ་ཡིན། ལྗིད་ཚད་དེ་འདྲ་ཡིན་པ་ཕ་མ་གཉིས་དང་ཨ་ཡེ་སོགས་ཀྱི་ཁ་བརྡ་ལས་ཐོས་པ་ལས། རང་གིས་སྒམ་གྱི་སྣེ་གཅིག་ས་ལས་ཕྲལ་ཙམ་ཡང་དཀའ། དུས་བཞིའི་རུ་བ་སྐྱེས་སྤོར་གང་གི་སྐབས་སུའང་འགོམ་ཡུག་གཏོང་ག་ལ་ཉན་དེ་ཐ་ན་སྒམ་དེའི་སྟེང་དུ་འཇོག་ཅིང་ཁྱེར་ཆོག་པའི་ཅ་ལག་ནི་དོ་ཕྱར་གཅིག་པུ་ལས་མེད། ནམ་རྒྱུན་གྲུ་བཞི་ནར་དབྱིབས་ཀྱིས་སྙོམས་པོར་བརྩིགས་པའི་དོ་བོའི་ཡ་ཁྱིམ་ཕྱོགས་ཀྱི་ཆེས་སྟེང་མར་བརྩིགས་ཡོད་པའི་སྒམ་དེའི་ནང་དུ། བརྒྱད་སྟོང་བ་དང་ཐར་མདོ། འཕགས་པ་བསྐལ་བ་བཟང་པོ། གཟུངས་བསྡུས་སོགས་ཆོས་དཔེ་སྣ་རིང་འགའ་རེ། ཐང་ཀ་ཆེ་ཆུང་ཁ་ཤས་དང་མཆོད་རྐོང་། ཕུད་རྐོང་། འཐེབ་བདུན་ཚར། རྟེན་གསུམ་ན་བཟའ་སོགས་ཕུད་གླིང་སྒྲུང་གི་གཙོས་མགོ་སྟེབ་མང་པོ་བཅུག་ཡོད། མགོ་སྟེབ་དེ་དག་གི་ནང་དུ(ཚངས་དབྱངས་རྒྱ་མཚོའི་མགུར་གླུ)ཞེས་དེབ་བམ་ཁ་སྲབ་མོ་ཅན། རྒྱབ་ཤ་སྔོ་ནག་གི་སྨད་ཕྱོགས་སུ་མེ་ཏོག་གི་རི་མོ་ཕྲ་བུ་བྲིས་པ་ཅན་ཞིག་ཡོད། དེབ་དེའི་ནང་དོན་གླིང་སྒྲུང་ལྟར་གྱི་གོ་བ་ལོན་པ་ཞིག་ཡེ་མིན་མོད། ཚིག་ཐུང་ཐུང་ཨ་ན་མ་ན་ཅན་ཏག་ཏག་སྟེ། ཀློག་བདེ་བོ་ཞིག་ཡིན་པ་དྲན་གྱིན་འདུག་ལ། དེབ་ཀྱི་ཁ་ཕྱེས་ཚེ་ཆེས་ཐོག་མར(ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསར་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་སོང་།།)ཞེས་པའི་ཤོ་ལོ་ཀ་དེ་ཡིན་པའང་དྲན་གྱིན་འདུག དེ་ནི་རང་གིས(ཚངས་མགུར)ཞེས་པའི་བཤད་རྒྱུན་སྣ་ཚོགས་ཅན་དེ་ཐོག་མར་བཀླགས་པའི་དུས་ཡིན་སོང་། སྐབས་དེར་སྙན་ཚིག་དེ་དག་ལ་དངོས་བསྟན་ཤུགས་བསྟན་སོགས་ཀྱི་ཟབ་གནད་དང་བཤད་སྒྲོས་སྣ་ཚོགས་ཡོད་པ་ག་ལ་ཤེས་སྟེ། ཐ་ན་དེའི་ནང་གི་ཤར་ཕྱོགས་དང་རི་བོ། ཨ་མ་ལྟ་བུ་རེ་ལས་ཚིག་ངོས་ཙམ་གྱི་གོ་བའང་ལེན་མི་ཐུབ། དེའི་ཕྱིར་ངས་བསད་རྨས་གཏུབ་གསུམ་དང་རྫུ་འཕྲུལ་སོགས་སྟོན་པའི(ཧོར་གླིང་གཡུལ་འགྱེད)དང་(འཁྲུངས་གླིང་མེ་ཏོག་ར་བ)(རྟ་རྒྱུག་ནོར་བུ་ཆ་བདུན)སོགས་གླིང་སྒྲུང་དག་བཀླགས་ནས(ཚངས་མགུར)དང་(མི་དབང་རྟོགས་བརྗོད)ལྟ་བུའི་མེས་པོའི་བྱུང་བ་དངོས་ཀྱི་དོན་ཆེན་དག་གཡས་སུ་བཞག་ཏེ་རྫི་བོ་བྱེད་ཞོར་དང་དཔེ་ཀློག་བྱེད་ཞོར་གྱི་བྱིས་དུས་ཤིག་ཕར་ཕར་བསྐྱལ།
ལོ་རབས་བརྒྱད་ཅུ་བའི་སྨད་དུ་སྒོར་རྡོག་ཁ་ཤས་ཡོད་པས་སྤྲེལ་མགོ་རྟགས་ཅན་གྱི་སྒྲ་ཕབ་འཁོར་ལོ་ཞིག་ཉོས། འཕྲུལ་ཆས་དེ་ལ་རྒྱ་མཚོའི་གླིང་གི་ནོར་བུ་ཞིག་ལོན་པ་དང་འདྲ་བའི་རྩིས་འདང་ཆེ། དེ་དུས་ཨ་མདོའི་རྡུང་ལེན་མཁན་པོ་དཔལ་མགོན་ལགས་ཀྱིས་(ཤར་ཕྱོགས་རི་བོའི་རྩེ་ནས།། གེ་སང་རོ། དཀར་གསར་ཟླ་བ་ཤར་བྱུང་།། གེ་སང་རོ། མ་སྐྱེས་ཨ་མའི་ཞལ་རས།། གེ་སང་རོ། ཡིད་ལ་འཁོར་འཁོར་བྱས་བྱུང་།། གེ་སང་ཡར་འགྲོ་རོ།)ཞེས་པའི་ཚངས་མགུར་དབྱངས་སུ་གྱེར་ཡོད་པའི་སྒྲ་ཐག་ཅིག་བསྐྲུན་ཡོད་པར། ངེད་ཚོ་གསར་བུ་འགས་སྒྲ་ཕབ་འཁོར་ལོ་སྤྲེལ་མགོ་ཅན་བསྐོར་ཏེ་བླ་མའི་མདུན་ནས་ཆོས་ཞུ་བའམ། དཔོན་པོའི་མདུན་ནས་གཏམ་བཤད་ཉན་པ་ལྟར་རུབ་རུབ་ཀྱིས་ཉན་པ་དེས། ངའི་བྱིས་དུས་ཀྱི(ཚངས་མགུར)རྒྱབ་ཤ་སྔོན་པོ་ཅན་དེ་དྲན་པར་བྱས་ཤིང་སྙན་འཇེབས་གདངས་དབྱངས་ཀྱིས་ཕྱུག་པའི་གླུ་དབྱངས་དེས་ཡིད་དབང་བཀུགས། སྐབས་འདིར་བྱིས་དུས་དང་མི་འདྲ་བར་ཚངས་མགུར་ཤོ་ལོ་ཀ་འདིའི་ནང་གི(མ་སྐྱེས)ཞེས་པའི་དོན་ཕུད་གཞན་དག་གི་ཚིག་ངོས་ཀྱི་གོ་བ་ལོན་པས་མི་ཚད་སེམས་ལ་ལྷུང་བའི་ཚོར་འདུ་ཞིག་ཡང་ཡང་བྱུང་།
ཕ་ཡུལ་དང་རྒྱང་ཅུང་རིང་བའི་གནས་ནས་མཚན་མོར་ཤར་ཕྱོགས་ཀྱི་རི་རྩེ་ནས་དཀར་གསལ་འོད་ཀྱི་ཕུང་བོས་གྲུབ་པའི་ཟླ་བ་ཤར་བ་མཐོང་ཐེངས་རེ་རེར། དྲིན་ཆེན་གྱི་ཨ་མ་དྲན་ནས་སེམས་པ་གྲང་ཤུར་ཤུར་དུ་གཏོང་། དེ་དང་དེའི་སྐབས་སུ་ཚངས་མགུར་ཤོ་ལོ་ཀ་དེ་དབྱངས་སུ་གྱེར་ན་དྲན་པའི་གདུང་བ་དེ་ཉིད་ཞི་ལ་མ་ཞི་བ་དང་། ཚོར་བ་མངར་ལ་སྐྱུར་བ། སྣང་བ་སྨྲེང་ལ་དྭངས་པ་སྟེ་སྨྲ་མི་ཤེས་པའི་སེམས་ཚོར་རེ་བསྐྱེད་འོང་། དེ་ནི་གཞོན་ནུའི་དུས་ཀྱི(མ་སྐྱེས་ཨ་མ)ཡིས་བཞག་པའི་སེམས་ཀྱི་བགྲོད་ཤུལ་ཟབ་མོ་ཡིན། དེ་ནི་རྒྱང་རིང་མི་ཡུལ་ནས་དྲིན་ཆེན་ཨ་མའི་བརྩེ་ཆེན་གྱི་ཟུར་ཙམ་ཤེས་ཤིང་ཡིད་ལ་བརྣགས་པའི་གཞོན་པའི་དུང་སེམས་གཙང་རྐྱང་ཡིན། དེ་ནི་གླིང་སྒྲུང་ལས(སྐྱིད་ན་ཇ་ཆང་མཚར་གླུ་ལེན།། སྡུག་ན་རང་སེམས་གསོ་གླུ་ལེན།།)ཞེས་བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་པ་དེ་བཞིན་དུ། རང་གི་མི་ཚེའི་སྟེང་ནས་ཀྱང་སྐྱིད་ན་གླུ་ཆུང་ལེན་པ་ཆོས་ཉིད་ལྟ་བུར་གྲུབ་ཡོད་མོད། སྡུག་པའང་དེ་བསྟུན་གྱི་གླུ་ལེན་ཆོག་ལ། གླུ་དེས་སྐབས་དེའི་སེམས་ཁམས་ལ་སྐྱོར་མ་འདེགས་པའི་ནུས་པ་ཆེན་པོ་ཞིག་ཐོན་རྒྱུ་ཡོད་པའང(མ་སྐྱེས་ཨ་མ)ཞེས་པའི་ཚངས་མགུར་གྱིས་ཤེས་སུ་བཅུག་སོང་།
རང་ཉིད་ན་གཞོན་གྱི་དུས་སློབ་སྦྱོང་དང་ལས་ཞོར་གང་གི་སྐབས་སུའང་ཁོམ་ལོངས་བྱུང་ཚེ་ངག་ནས་གླུ་རེ་གྱེར་རྒྱུར་ཤིན་ཏུ་དགའ་བོ་ཡོད། ཡིན་ནའང་སྤྱིར་བོད་དམངས་ཁྲོད་ཀྱི་གླུ་དག་ལ་ཚིག་དེ་རྩོམ་པ་པོ་འདི་དང་འདི་ཡིན་ཞེས་མཛུབ་མོ་འཛུགས་ས་ཞིག་མེད་པར། བོད་མི་དམངས་ཀྱི་ཐུན་མོང་གི་ངལ་རྩོལ་དང་བློ་གྲོས་ཀྱིས་བསྐྲུན་པ་ཡིན་ཤག་དང་། སྐབས་དེའི་རྡུང་ལེན་དང་གླུ་དབྱངས་གསར་བ་དག་ལ་ནི་ཚིག་ཅིག་ཅིག་གིས་བརྩམས་པ་དང་། དབྱངས་ཉིག་ཉིག་གིས་བརྩམས་ཞེས་རེ་རེ་བཞིན་བརྗོད་དུ་ཡོད་ཀྱང་། དེ་དག་གི་ཚིག་རྩོམ་པ་པོ་ནི་གཅིག་ཀྱང་ཡིད་ལ་མི་ཤར་མོད། (ཤར་ཕྱོགས་རི་བོའི་རྩེ་ནས།།་་་་་་)ཞེས་དང་། (དབུས་ཀྱི་རི་རྒྱལ་ལྷུན་པོ།།་་་་་་)(བྱ་དེ་ཁྲུང་་ཁྲུང་དཀར་མོ།།་་་་་་)སོགས་ནི་གནས་གང་ཞིག་ནས། མི་སུ་ཞིག་གིས་གྱེར་ན་ཆོག དཔེ་དེབ་དང་ཤོག་བུ་གང་ཞིག་གི་སྟེང་ནས་མཐོང་ཙམ་གྱིས་ཏཱ་ལའི་སྐུ་ཕྲེང་དྲུག་པ་བློ་བཟང་རིན་ཆེན་ཚང་དབྱངས་རྒྱ་མཚོ་མཆོག་གིས་བརྩམས་པ་ཡིན་སྙམ་གྱི་བསམ་པ་ཞིག་ཡིད་གཏིང་ན་ཡོད་པས་མི་ཚད། ཁོང་ཉིད་ལ་སྒྱུ་རྩལ་གྱི་རི་མོ་བསྐལ་བརྒྱར་ཉམས་པ་མེད་པའི་སྙན་ངག་སྨྲ་བ་ཆེན་པོ་ཞིག་གམ། མདོ་སྔགས་ཀྱི་གཞུང་ལ་ནང་བྱན་ཆུད་པའི་མཁས་ཆེན་ཞིག ཡང་ན་ཐུགས་རྒྱུད་བྱམས་དང་སྙིང་རྗེ་ཆེན་པོས་གཏམས་པའི་བླ་མ་ཆེན་པོ་ཞིག ཡང་ན་ཁམས་གསུམ་ཟིལ་གྱིས་གནོན་པའི་རྒྱལ་པོ་ཆེན་པོ་ཞིག ཡང་ན་འཇིག་རྟེན་མི་ཡི་གཉུག་གཤིས་མངོན་པའི་ཕྱི་ཐག་ཅན་གྱི་བརྩེ་དུངས་ཀྱི་རྒྱལ་སྲས་ཤིག་སོགས་གཅིག་འདུས་ཀྱི་ཕུང་བོར་གྲུབ་པའི་སྐྱེས་བུ་དམ་པ་ཞིག་གི་སྣང་བརྙན་གསལ་ལ་མ་གསལ་བ་ཞིག་བློས་བསླངས་ཀྱི་འཇིག་རྟེན་དུ་མག་མོག་ངང་སེམས་ཀྱི་ཁམས་ཡངས་པོར་ཤར་ཡོང་། དེ་ནི(མ་སྐྱེས་ཨ་མ)ཡིས་བསྐྲུན་པའི་དགའ་དད་ཟུང་གི་སྟོབས་ཤུགས་ཤིག་ཡིན་ངེས།
ཨ།
(ཡ། གཙང་བཞེས་གནོངས་དང)ཞེས་ཞལ་རས་འཛུམ་བག་གིས་ཕྱུག་པའི་ངའི་མདུན་ཐད་ཀྱི་དགེ་རྒན་དམ་པ། སྙན་ངག་སྨྲ་བ་ཁོང་གིས། སེར་ཞགས་འཁྱིལ་བའི་དཀྲུག་ཇ་བླུགས་པའི་ཤིང་ཕོར་བཀྱགས་ཏེ་ངའི་ལྦུ་རག་བླུགས་པའི་ཤེལ་ཕོར་ལ་གཏུགས། ངས(བཀའ་དྲིན་ཆེ། རྒན་ལགས)ཟེར་གྱིན་ལྷ་སའི་ལྦུ་རག་ཕོར་བ་གང་ཞབས་དག་བརྒྱབ། ཁོང་གི་འཛུམ་མདངས་དང་སྨོན་ཚིག་ལས་ཐོན་པའི་ལྦུ་རག་དེ་མིད་པར་བཞུར་ཚེ། ཇ་ཁང་ཡོངས་སུ་ཚངས་མགུར་གྱི་དབྱངས་རྟས་ཁྱབ་པ་བཞིན་དུ་ངའི་ལུས་སེམས་ཡོངས་སུ་སྦྲིད་ཚོར་རམ་བདེ་ཚོར་ཁྱད་པར་བ་ཞིག་གིས་ཁེངས་སོང་།
ངའི་མདུན་ཐད་ཀྱི་སྙན་ངག་སྨྲ་བ་ཁོང་གིས་མུ་མཐུད་དུ་སྒེའུ་ཁུང་གི་སྟེགས་བུའི་ཐོག་ནས་བླངས་པའི་འབྲི་དེབ་སྟེང་དུ་དབུ་མེད་ཀྱི་སྙུག་རྩེ་ཅི་ཡང་སྒྱུར་གྱིན་འདུག ངས་བོད་བཟོས་ཀྱི་འབྲི་དེབ་རྒྱབ་ཤ་རྣམ་བུས་གྲུབ་པ་བཅུ་ཕྲག་ཅིག་མདུན་ཅོག་སྟེང་དུ་བླངས་ནས་རེ་རེ་བཞིན་ཁ་ཕྱེས། རེ་རེ་བཞིན(མ་སྐྱེས་ཨ་མའི་ཇ་ཁང)དུ་ཕེབས་པའི་སྐུ་མགྲོན་ཚོས་སེམས་ཚོར་དང་སྙན་ཚིག་གིས་བྱུར་བུར་གཏམས་ནས་འབྲི་ཤོག་སྟོང་བ་ཞིག་རྙེད་དཀའ། བལྟས་ཀྱིན་བལྟས་ཀྱིན་བྲིས་པའི་ཡི་གེ་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་རྒྱ་ཡིག་ཁོ་ན་རེད་འདུག་ལ། བརྒྱ་ཆའི་གཅིག་དབྱིན་ཡིག་དང་། བརྒྱ་ཆའི་གཅིག་ཙམ་བོད་ཡིག་རེད་འདུག ངའི་སེམས་སུ(ཨ་ཙི། འདི་ཅི་ཞིག་ཡིན་ནམ། བོད་པ་ཚོ‘མ་སྐྱེས་ཨ་མའི་ཇ་ཁང’འདིར་ཕེབས་རྒྱུར་དེ་འདྲ་མི་དགའ་བ་ཡིན་ནམ། ཡང་ན་ཕེབས་ཀྱང་སེམས་ཚོར་འབྲི་བའི་འདུན་པ་མེད་པ་ཡིན། ཡང་ན་ཡིག་རྨོངས་པ་ཡིན་པས་འབྲི་ཐབས་མ་བྱུང་བར་སེམས་ཚོར་སེམས་ཀྱིས་ཕབ་སྟེ་དཀྲུག་ཇ་དང་མངར་ཇ། ལྦུ་རག་སོགས་བཞེས་ཙམ་གྱིས་ཕེབས་སོང་བ་ཡིན། ཡང་ན་སྙུག་རྩེ་ལས་བོད་ཡིག་བཙིར་ཡང་མ་ཐོན་པར་རྒྱ་ཡིག་ཁ་ཤས་བྲིས་ཏེ་བློ་མི་བདེ་བཞིན་ཕེབས་སོང་བ་ཡིན། ཡང་ན་རྒྱ་ཡིག་འཁྱག་འཁྱོག་ཁ་ཤས་བྲིས་པས་འདོད་བློ་ཡོངས་སུ་ཚིམ་ཏེ་མགོ་འཕངས་མཐོན་པོར་འདེགས་ཀྱིན་བུད་སོང་བ་ཡིན། ཡང་ན་་་་་་ ཡང་ན་་་་་་)སྙམ་གྱིན་མདུན་གྱི་ལྦུ་རག་ཕོར་བ་གསུམ་འཕྲོ་རིམ་འཕྲོར་གཙང་དག་བརྒྱབ་པ་ཡིན། ངས་རང་རྟོགས་ཀྱིས་གཅིག་པུར་ལྦུ་རག་ཞབས་དག་ཡང་ཡང་རྒྱག་གིན་པ་མདུན་ཐད་ཀྱི་སྙན་ངག་པས་ཧ་མ་གོ་བ་འདྲ་སྟེ། ཁོ་རང་ད་ལྟ་སྙན་ངག་གིས་བཟི་བཞིན་ཡོད་སྲིད།
ཞྭ་མོ་དང་སྟོད་གོས་ཀྱི་ངོས་སུ(མ་སྐྱེས་ཨ་མ)ཞེས་དབུ་མེད་བཟོ་གྲུབ་ཀྱིས་ཕབ་པའི་གྱོན་པ་གྱོན་མཁན་ཞབས་ཞུ་མ་དེས། (བཞེས་རོགས་གནོངས་དང)ཞེས་ཟེར་གྱིན་ངའི་ཆང་ཕོར་དུ་ལྦུ་བ་སོབ་སོབ་ངང་ལྷ་སའི་ལྦུ་རག་ཡང་ཡང་བླུགས། ངས་མཚམས་རེར(ཐུགས་རྗེ་ཆེ)ཞེས་ལྷ་ས་བའི་གུས་ཞབས་ལ་ལད་མོ་བྱེད་ཙམ་དང་མཚམས་རེར་འཛུམ་ཙམ་རེ་བྱེད་ཀྱིན་མུ་ནས་འབྲི་དེབ་དག་ཕར་སློག་ཚུར་སློག་བྱས། སློག་གིན་སློག་གིན་བྱིས་དུས་སུ་དཔེ་ཆ་ལ་ཡང་ཡང་བཞག་མྱོང་བའི་ཁེད་དེ(བྲག་དཀར་ལེབ་གཅིག་ལེབ་གཉིས། སྐྱུང་ཀ་བརྒྱ་ཉལ་སྟོང་ཉལ)ཞེས་པའང་གང་ཞིག་ནས་མག་མོག་ངང་དྲན་འོང་ལ། ཤོག་བུ་ལྡེབ་མ་རེ་རེ་དངོས་གནས་བྲག་དཀར་ལྟར་ལྕི་ཞིང་། དེའི་སྟེང་གི་རྒྱ་ཡིག་གི་སྐྱུང་ཀ་དག་ཀྱང་ཕོ་རོག་ལས་ཆུང་ཞིང་མྱུར་བའི་བྱ་ནག་དེ་འདྲ་ཡེ་མ་ཡིན་པར། བྱ་ནག་རེ་རེ་གཡག་རོག་པོ་རེ་རེ་ལྟར་ཆེ། ཤིན་ཏུ་ཆེ་བས་ངའི་ཕ་སྐད་མ་ཡིག་གི་སྐྱུང་ཀ་ནག་པོ་འབབ་ས་མི་རྙེད། ངས་མདུན་གྱི་བྲག་དཀར་སྐྱུང་ཀ་ཅན་དེ་དག་ཕར་བསྐྱལ་ནས་སླར་ཡང་འཁྱར་མ་འཁྱོར་གྱིས་མགོ་ལྟེབ་དཀར་པོ་པང་གང་ཁྱེར་ཡོང་ནས་མདུན་ཅོག་སྟེང་དུ་བླུགས། དེ་དུས་བྲག་རི་དཀར་པོ་སྐྱུང་ཀས་གང་བ་དག་གི་འདབས་ནས་མཚོ་མོ་ཞིག་འཁྱིལ་ནས་མར་བཞུར། ལྦུ་བའི་རླབས་འཕྲེང་རྩེན་གྱིན་བཞུར། (མ་སྐྱེས་ཨ་མ)རྟགས་ཅན་གྱོན་པའི་ཞབས་ཞུ་མ་གཉིས་གསུམ་ཤིག་རུབ་རུབ་ངང་ཐོན་འོང་ནས་མཚོ་མོར་རྐྱལ། འོ་མ་རེད་མ་རེད། (མཚོ་མོ་འཁྱིལ་དུ་མི་འཇུག་པར་སྐམ་པོར་གཏོང་དགོས)ཞེས་སྨྲ་བར་བྱེད། ངས་ཁོ་ཚོར་ཨུ་ཚུགས་བྱས་ཏེ་གནས་ལུགས་བཤད། (རི་མཐོན་པོ་གནམ་གྱི་ཀ་བ་ཡོད་པའི་བོད་ཁ་བ་ཅན་གྱི་ཡུལ་ན། རི་འདབས་དྭངས་གཙང་གི་མཚོ་མོས་བརྒྱན་པ་ང་ཚོའི་བསོད་ནམས་རེད། མཚོ་མོ་མེད་ན་རི་ལ་རི་དྭགས་དང་འདབ་ཆགས་གནས་འཆའ་བ་མ་རེད། མཚོ་མོ་དང་རི་བོ་མཐོ་སྒང་གི་ཏོག་རེད། འཛམ་གླིང་གི་མཛེས་རྒྱན་རེད། ཡ་གླིང་གི་ནོར་བུ་རེད)ཅེས་སོགས་ཡང་ཡང་བཤད་ནའང་བུ་མོ་ཚོས་ངའི་ཁ་མི་ལེན། ཁ་མ་བླངས་པས་ད་ཐེངས་ངས་ཀྱང(ལགས་སོ)དང(ཐུགས་རྗེ་ཆེ)ཞེས་པའི་དབུས་གཙང་གི་གུས་ཞབས་སྟོན་མ་ཐུབ།
ངས་རི་ལྟར་བརྩིགས་པའི་འབྲི་དེབ་དག་ཕར་སློག་ཚུར་སློག་བྱས་བྱས་མཐར། ཤོག་ངོས་གཅིག་ཙམ་གྱི་བར་སྟོང་ཞིག་རྙེད་སོང་། དེ་ནི་དབུལ་བོས་བརྒྱ་ལོར་བདམས་ཆག་ཅིག་རྙེད་པ་ལྟར་དགའ་སྤྲོ་ཆེན་པོ་རྒྱས་པས། མདུན་ཐད་ཀྱི་སྙན་ངག་པ་ཆེན་པོར
(དག་པ་ཤེལ་རིའི་གངས་ཆུ།། ཀླུད་བདུད་རྡོ་རྗེའི་ཟིལ་བ།། བདུད་རྩི་སྨན་གྱི་ཕབ་རྒྱུན།། ཆང་མ་ཡེ་ཤེས་མཁའ་འགྲོ།། དམ་ཚིག་གཙང་མས་བཏུང་ན།། ངན་སོང་མྱོང་དགོས་མི་འདུག །)ཞེས་ཚངས་མགུར་གྱི་ཚིག་ཅིག་གིས་ཆང་ཕོར་མཐོན་པོར་བཀྱགས་ཏེ་དགའ་སྤྲོ་དེ་ཉིད་མཚོན་པར་བྱས། ཆང་ཕོར་མར་བཞག་རྗེས་གོང་ཁུག་ལས་སྙུ་གུ་བཏོན་ཏེ་ཅི་ཞིག་འབྲི་འགོ་བརྩམས། སྔོན་ཆད་འབྲི་དེབ་ཀྱི་ཁ་ཕྱེས་ཤིང་། སྙུ་གུ་ལག་ཏུ་བཟུང་སྟེ་བསམ་བློ་གང་འཚམ་ཞིག་གཏོང་དགོས་པ་དང་། ཐིག་རྐང་རེ་ཟུང་བྲིས་རྗེས་འདང་རྒྱག་དགོས་པ། བྲིས་ཚར་རྗེས་ཡང་བསྐྱར་ལ་ལ་བསུབ་ཅིང་གང་ཞིག་སྣོན་པ་སོགས་ལས་རྒྱུ་བཅའ་རྒྱུ་མང་པོ་ཡོད་དཔེ་མོད། དོ་ནུབ་ནི་ལྷ་སའི་སྐྱིད་ཆུའི་བཞུར་རྒྱུན་ལྟར་སྙུ་གུའི་སྣེ་མོ་འབྲི་དེབ་ཏུ་བཙུགས་པ་ནས་སྙན་ངག་ཡིན་ནོ་ལོ་ཞིག་ཤར་རེར་བྲིས་ནས་བར་སྟོང་དཀར་པོ་དེ་ཡིག་འབྲུས་ནག་པོར་བཏང་། མཇུག་མཐའི་ཟླ་ཚེས་འབྲི་སྐབས་ཚོར་3བའི་བཞུར་རྒྱུན་དེ་ཆད་ནས། ད་ལྟ་གློག་འོད་མོག་པོའི་འོག་གི་མཚན་མོ་ཞིག་ཡིན་པ་ལས། དུས་རབས་གང་ཞིག་དང་ལོ་ཟླ་ནམ་ཞིག་ཡིན་པ་ཡིད་ལ་མི་ཤར། (རྒན་ལགས། དེ་རིང་གི་ཟླ་ཚེས་གསུང་རོགས)ཞེས་དྲིས་པ་ན། སྙན་ངག་མཁན་གྱིས་ཞལ་འཛུམ་པའི་ངང་ནས་ལན་གསུངས་སོང་། དེ་དུས་གཞི་ནས་ལོ་ཟླའི་འཁོར་འགྲོས་ཏེ་དུས་རབས་ཉེར་གཅིག་པའི་སྟོད་དུ་ཐོན་པ་སྟེ། སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཡིན་པ་ཤེས།
ངས་སེམས་གཏིང་ནས་ལྷོག་ལྷོག་ཏུ་གདུས་པའི་ཚོར་བ་སྙུག་རྩེ་ནས་ལུད་པ་དེ་ད་ནི་མི་ལོ་སུམ་བརྒྱའི་སྔོན་དུ་མི་ཡུལ་དུ་འཁྲུངས་པའི་མི་བོ་ཆེ་ཞིག་ལ་ཕུལ་ཡོད་པས(ཁོང་ལ་འཕྲོད་པར་ཤོག)སྙམ་པའི་ཡིད་སྨོན་ངང་འབྲི་དེབ་ཀྱི་ཁ་བསུམས། ཁ་བསུམས་མ་བྲག་རི་ལྟར་བརྩིགས་པའི་མགོ་སྟེབ་དག་གི་གྲས་སུ་འཇོག་པར་མི་བཟོད། དོ་ནུབ་རང་གིས་འབྲི་ཤོག་སྟོང་བ་ཞིག་མ་རྙེད་པར་དུས་ཡུན་རིང་ཙམ་འགོར་བ་ལྟར། གལ་ཏེ་ངས་ཁོང་ལ་ཕུལ་བའི་ཕ་སྐད་མ་ཡིག་གི་ཡིག་འབྲུ་འགའ་བོ་ཡིག་རིགས་གཞན་གྱིས་ཡོངས་སུ་གང་ཞིང་གཏམས་པའི་གྲས་སུ་ལྷུང་སོང་ཚེ། གནམ་ས་ཡུག་གཅིག་ཏུ་སྦྲེལ་འདྲའི་ནགས་ཚལ་སྟུག་པོའི་ཁྲོད་ནས་ཤུག་སྡོང་ཁེར་སྐྱེས་ཤིག་འཚོལ་བ་ལྟར་རྙེད་དཀའ་ཞིང་། མུ་མེད་བྱེ་ཐང་ཡངས་པོ་ནས་འཐུང་ཆུ་དྭངས་མོ་ཞིག་འཚོལ་བ་ལྟར་རག་མི་སྲིད་སྙམ་ནས་ཕངས་སེམས་ཆེན་པོ་སྐྱེས། གང་ལྟར་ད་ནི་ཁོང་གིས(བྲིས་པའི་ཡི་གེ་ནག་ཆུང་།། ཆུ་ཐིགས་པས་འཇིག་སོང་།། མ་བྲིས་སེམས་ཀྱི་རི་མོ།། བསུབ་ཀྱང་སུབ་རྒྱུ་མི་འདུག།)ཅེས་གསུངས་མྱོང་བའི་མགུར་ཚིག་དེ་འདྲ་ལ་རེ་བ་བཅོལ་རྒྱུ་ལས་འོས་མེད་པར་སྣང་བས། སེམས་གཏམ་དམར་པོ་བླུགས་པའི་མགོ་ལྟེབ་དེར་ཡང་ཡང་བལྟས། ཡང་ཡང་རེག
མ།
(མ་སྐྱེས་ཨ་མ)ཡི་ཇ་ཁང་གི་ཐོག་སོ་གཉིས་པའི་ནང་དུ་ངའི་དགེ་རྒན་ནམ་སྙན་ངག་པ་ཆེན་པོ་དང་ངེད་གཉིས་ལས་བོད་ཅིག་ཕལ་ཆེར་མི་འདུག གང་ལྟར་ཡང་བོད་སྐད་བཤད་མཁན་ཞིག་མི་འདུག རྒྱ་སྐད་བཤད་པའི་སྐྱེས་པ་སྐྱེས་མ་ལྔ་དྲུག་ཅིག་གིས་ཚོང་གཏམ་ཁོ་ན་ཁ་གང་མང་གིས་གླེང་གིན་འདུག་ཅིང་། བཤད་པ་དེ་དག་ལས་ཅི་ཞིག་ཟིན་བྲིས་སུའང་འདེབས་ཀྱིན་འདུག ཁོ་ཚོས་ཕལ་ཆེར་སྤྱི་གཉེར་ཁང་ཞིག་འཛུགས་ཀྱིན་པ་ལོས་ཡིན་སྙམ་པར་བྱེད། གཞན་མདུན་ཅོག་རེའི་ཕར་ཚུར་དུ་མི་གཉིས་ཅན་དང་གསུམ་ཅན། ཁེར་རྐྱང་ཅན་སོགས་འདུག ཁོ་ཚོས་ནི་ཁ་བརྡ་ལས་ཁ་པར་ངོས་སུ་ལྟ་རྒྱུ་མང་སྟེ། ཁང་མིག་འདི་ནི་ཆེད་དུ་ཁ་པར་ལ་ལྟ་སའི་གནས་ཆེད་དམིགས་པ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་སྟེར། གང་ལྟར་དོ་ནུབ(མ་སྐྱེས་ཨ་མ)འི་ཇ་ཁང་འདི་རུ(མ་སྐྱེས་ཨ་མ)གླེང་མཁན་དང་ཚངས་དབྱངས་རྒྱ་མཚོ་དྲན་མཁན་ནི་ངེད་གཉིས་ལས་མི་འདུག་ཅེས་ཁ་ཚོན་གཅོད་ཐུབ་པར་སྣང་།
སྐབས་ཤིག་ནས་ཇ་ཁང་དུ་བོད་ལྭ་དམར་པོ་ཆ་འགྲིག་གྱོན་པའི་གསར་བུ་གཅིག་དང་གསར་མོ་གཉིས་ཞབས་ཞུའི་སྟེགས་བུའི་མདུན་དུ་ཐོན། གསར་བུ་དཀྱིལ་དང་གསར་མོ་གཉིས་གཡོན་དུ་ལངས། གསར་བུའི་ལག་ཏུ་སྒྲ་སྙན་བཟུང་ཞིང་།
གསར་མོ་གཅིག་གི་ལག་ཏུ་ཁ་བཏགས་དང་རོལ་ཆས་ཤིག་བཟུང་། གསར་མོ་ཅིག་ཤོས་ཀྱི་ལག་ཏུ་ཁ་བཏགས་དཀར་པོ་རིང་ཞིང་མཛེས་པ་ཞིག་བཟུང་ནས། ཚང་མས་མཉམ་གཅིག་ཏུ་ཇ་ཁང་གི་འགྲོན་པོ་ཚང་མར་ཚུགས་ཀ་འགྲིག་པའི་གུས་འདུད་ཅིག་ཞུས་རྗེས། གསར་མོ་ཁ་བཏགས་འཛིན་མཁན་དེས་དག་ཅིང་གསལ་བའི་བོད་སྐད་དང་རྒྱ་སྐད་ཟུང་གིས་མགོ་འཛིན་པའི་གཏམ་སྨྲས་བྱུང་། དེར་མཐུད་ནས་གསར་བུ་དང་གསར་མོ་ཅིག་ཤོས་ཀྱིས་སྒྲ་སྙན་དཀྲོལ་ཞིང་རོལ་ཆས་བརྡུང་། རོལ་དབྱངས་དེ་ནི་མཚན་མོའི་ལྷིང་འཇགས་ཀྱི་ཁྲོད་ཤིན་ཏུ་གསོན་ཤུགས་སྟེར་བའི་སྒྲ་ཞིག་རེད་ལ། རོལ་དབྱངས་ཀྱི་འདེགས་འཇོག་ལས་བོད་ཁུལ་གང་སར་ཁྱབ་ཆེ་བའི་ཚངས་མགུར་གྱི་གླུ་རྟ་ཞིག་ཡིན་པ་ཧ་ཅང་གསལ་བོར་ཤེས་ཐུབ། ངས་དེ་ལྟར་སྙམ་པའི་མུར(ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསར་ཟླ་བ་ཤར་བྱུང་།། མ་སྐྱེས་ཨ་མའི་ཞལ་རས།། ཡིད་ལ་འཁོར་འཁོར་བྱས་བྱུང་།། ཨེ་་་་་ཡ་་་་་ཡ་ལ་སོ། མ་སྐྱེས་ཨ་མ་་་་། ཨེ་་་་་ཡ་་་་་ཡ་ལ་སོ། མ་སྐྱེས་ཨ་མ་་་་། མ་སྐྱེས་ཨ་་་་་་མ་་་་ མ་སྐྱེས་ཨ་མ་་་་། མ་སྐྱེས་ཨ་མའི་ཞལ་རིས།། ཡིད་ལ་འཁོར་འཁོར་བྱས་བྱུང་།།)(在那东山顶上,神奇弯弯的月亮,年轻姑娘的美容,浮现在我的心上。哎咦耶咦呀啦索…玛吉阿妈 )ཞེས་ཕོ་མོ་གསུམ་ཀས་མཉམ་དུ་སྙན་པའི་དབྱངས་ལ་བཀུགས་ནས་བླངས་བྱུང་བས། ངའི་སེམས་པའི་གཏིང་རིམ་ཞིག་ནས་དགའ་སྐྱོ་ཟུང་གི་ཚོར་བ་དྲག་པོ་ཞིག་ཕོར་བའི་ནང་དུ་ལྦུ་རག་བླུགས་པ་ལྟར་ཐོལ་གྱིས་འཕྱུར་བྱུང་། ངས་ལག་ཟུང་མཐོན་པོར་བཏེགས་ནས་ཐལ་མོ་ཡང་ཡང་བརྡབས། ངས་མི་ལོ་མང་པོའི་སྔོན་ནས(དགའ་སྐྱོ་ཟུང་གི་མཆི་མ)དང་། (དགའ་སྐྱོ་ཟུང་གི་ཚོར་འདུ་རླབས་བཞིན་འཁྲུགས)(དགའ་སྐྱོ་མཉམ་བརྡོལ་གྱི་སེམས་ཚོར་འགོག་མེད་མ)ཞེས་སོགས་དགའ་སྐྱོ་ཟུང་གི་ཚོར་བའི་རྩོམ་ཡིག་མང་པོ་འབྲི་ཁུལ་བྱས་མོད། མ་གསང་དྲང་པོར་བཤད་ན། དོན་དམ་པའི་དགའ་སྐྱོ་ཟུང་གི་ཚོར་བ་མངོན་སུམ་མམ་དྲག་པོ་ཞིག་དོ་ནུབ་མ་གཏོགས་སྐྱེས་མ་མྱོང་བ་གཞི་ནས་ཤེས། འོན་ཏེ། དགའ་སྐྱོ་ཟུང་གི་ཚོར་བ་མཉམ་དུ་ཐོན་པ་ནི་གཏམ་ཁ་ལྕེ་ཡོད་པ་ཙམ་གྱིས་སྨྲ་ཤེས་རྒྱུ་ཞིག་དང་ལག་འབྲི་སྙུག་འཛོམས་པ་ཙམ་གྱིས་འབྲི་ཤེས་རྒྱུ་ཞིག་མ་རེད་པས། ངས་ཀྱང་མཚན་མོ་དེར་མཚོན་མི་ནུས་པ་ཞིག་མཚོན་ཁུལ་གྱི་ངལ་བ་དང་དུ་མ་བླངས་པར་དགའ་སྐྱོའི་ཚོར་འདུ་ཁྱད་པར་བ་དེ(མ་སྐྱེས་ཨ་མ)འི་ཇ་ཁང་དུ་བསྐྱུར་བ་ཡིན། (མ་སྐྱེས་ཨ་མ)འི་ཇ་ཁང་ནི་མེས་པོ་ཚངས་དབྱངས་པ་དྲན་པའི་དགའ་སྐྱོའི་ཚོར་འདུ་ཡོངས་རྫོགས་བླུགས་སའི་མཇུག་མཐའི་གནས་མལ་གཅིག་པུ་ཡིན་སྙམ་འཆར།
རྒྱལ་བ་ཚངས་དབྱངས་པ་དང་ཚངས་མགུར་སྐོར་གྱི་བཤད་སྒྲོས་སྣ་ཚོགས་ལ་ཞིབ་འཇུག་སྔོན་དུ་སོང་ཞིང་། བདེན་པའི་རང་ཞལ་གྱི་དཀྱིལ་འཁོར་མངོན་སུམ་མཐོང་བའི་ངའི་མདུན་ཐད་དུ་བཞུགས་པའི་སྙན་ངག་པ་ཁོང་གིས་སྣེ་ཁྲིད་དེ། (མ་སྐྱེས་ཨ་མ) ལེན་པའི་གླུ་བ་གླུ་མ་གསུམ་པོར་དྭངས་གཙང་དྲི་མེད་ཀྱི་ཁ་བཏགས་དཀར་པོ་སྲིད་དུ་རིང་བ་རེ་རེ་ཕུལ། འདི་ནི་མི་ལོ་སུམ་བརྒྱའི་སྔོན་གྱི་སྐྱེས་བུ་ཞིག་དྲན་སྟངས་ཡིན་ལ། འདི་ནི་དུས་ཀྱི་ཁུག་པ་གང་ནས་ཀྱང་བོར་དུ་མེད་པར་རྗེས་རབས་པའི་སེམས་པ་གཡོ་སྐྱོམས་ཐེབས་བྱེད་ཀྱི(མ་སྐྱེས་ཨ་མ)ཞེས་པའི་མགུར་གླུ་བཞེངས་མཁན་དེ་ཉིད་དང་སྙིང་ཉེ་སྟངས་ཤིག་ཡིན།
མཚན་མོ་དེར་ངས(མི་དབང་རྟོགས་བརྗོད)དང་(བཀའ་བློན་རྟོགས་བརྗོད)(གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད)སོགས་རྩོམ་མཁན་གྱི་མདོ་མཁར་བ་ཚེ་རིང་དབང་རྒྱལ་དྲན། མི་ལ་མི་ཡི་ཐོབ་ཐང་སྤྲད་ཅིང་རྣམ་དཔྱོད་ཀྱི་རྣོ་དབལ་འབར་བའི་བཀའ་བློན་ཁོ་རང་དྲན། ཡིན་ནའང་ཁོང་དང་ཁོང་གི་སྐབས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཀྱི་སྙུ་གུ་འགུལ་མཁན་ཚོས། སོག་པོ་ལྷ་བཟང་ཧན་ནམ་ལྷ་བཟང་ཁང་ལ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས་པའི་གོ་ས་གནམ་ལ་མི་ཤོང་བ་སྤྲད་མཁན་དག་ལ་ཁོང་ཁྲོ་ལངས། ཁོང་ཁྲོ་ལངས་པས་ངས་ལྷ་སའི་ལྦུ་རག་བླུགས་པའི་ཆང་ཕོར་ཡང་ཡང་ཞབས་དག་བརྒྱབ། ཐ་མག་གཅིག་འཕྲོར་གཅིག་མཐུད་དེ་འཐེན། མདུན་ཅོག་སྟེང་ལ་ཁུ་ཚུར་གྱིས་གཞུས། ད་ཅིའི་དགའ་སྐྱོ་ཟུང་གི་ཚོར་བ་དེ་ཉི་མ་སྤྲིན་སྟུག་གི་ཕག་ཏུ་ནུབ་པ་ལྟར་སྐྱོ་བས་བསྒྲིབས་ནས་ དགའ་ཚོར་དེ་ཉིད་གང་ཞིག་ཏུ་མི་སྣང་བར་གྱུར། ཚོང་གཏམ་ནས་ཁ་སུ་སྔ་བྱེད་མཁན་དང་། ཁ་པར་གྱི་ངོས་སུ་མགོ་བོ་བསྒུར་ནས་ཅི་ཞིག་མ་ལོན་པ་ལྟར་བྱེད་མཁན་གྱི་མགྲོན་པོ་ཚོས་མིག་རིག་རིག་གིས་ངའི་ཕྱོགས་སུ་ལྟ། ངས་ཇ་ཁང་གི་སྒེའུ་ཁུང་ལས་བར་སྐོར་དུ་བལྟས། གློག་སྒྲོན་གྱི་འོད་ལས་སྐོར་བ་བྱེད་མཁན་གྱི་ཆོས་དད་པ་ཁ་ཤས་རེ་ད་དུང་མདུན་ནས་མདུན་དུ་འགྲོ་བཞིན་འདུག་མོད་ཉིན་མོ་ལྟར་གྱི་ལུས་ཤུགས་ཤིག་མི་འདུག་པར་གོམ་འགྲོས་དལ་ལྷོད་ལྷོད་ཅིག་ཡིན་སྣང་ཤར་བྱུང་། དེར་མཐུད་ནས་ངས་སྒེའུ་ཁུང་ལས་པོ་ཏ་ལའི་ཕྱོགས་སུ་བལྟས། དམར་པོ་རི་ཡི་སྒལ་བ་ན་ཀྲོང་ངེར་འགྱིང་བའི་བརྗིད་ལྡན་གྱི་པོ་ཏ་ལས་རང་ལ་ཞལ་རས་ཀྱི་འཛུམ་མདངས་སྟོན་གྱིན་འདུག་མོད། ཚངས་དབྱངས་པ་བཞུགས་སའི་རྫོང་རྒྱབ་ཀླུ་ཁང་མ་མཐོང་། རྫོང་རྒྱབ་ཀླུ་ཁང་གིས་མཚན་མོའི་ལྷིང་འཇགས་ཀྱི་ཁྲོད་ནས་ངས་ཚངས་དབྱངས་པ་དྲན་པ་བཞིན་དུ་ (མ་སྐྱེས་ཨ་མ)གྱེར་མཁན་གྱི་མི་བུ་དེ་དྲན་གྱིན་ཡོད་ངེས་སྙམ། ཡང་ན་འཁྱོག་པོར་བསྒྱུར་བའི་ལོ་རྒྱུས་ཀྱི་གསང་བ་གང་ཞིག་མངོན་སུམ་གྱིས་མཐོང་མྱོང་བའི་རྫོང་རྒྱབ་ཀླུ་ཁང་གིས། ཕྱི་རབས་པས་ཚངས་དབྱངས་པར་སྒོ་འདོགས་སྐུར་འདེབས་རྣམ་པ་སྣ་ཚོགས་ཀྱིས་སྙན་དབང་གཙེ་འོང་བར་ཤིན་ཏུ་སུན་ཏེ། མཚན་མོ་འདི་བཞིན་ནམ་ཡང་མི་སྨྲ་མི་བསམ་ཏིང་འཛིན་གྱི་ངང་དུ་བཞུགས་ཡོད་ལས་ཀྱང་ཆེ་སྙམ།
ད་ལྟ་ངའི་མགོ་བོ་མདུན་ཅོག་སྟེང་དུ་བསྙེས་ཡོད་མོད། སེམས་པ་འདི་མཐུར་མེད་ཀྱི་རྟ་ཕོ་ཞིག་ལྟར་ཤོར་འགྲོ་བ་ལས་ང་དང་ངའི་མགོ་བོ་བཞིན་ཧ་ཅང་སྒྱིད་ལུག་ཅིག་ག་ལ་ཡིན་ཏེ་མ་རེད། བོད་པ་ཚང་གི་ཆོས་པ་ཚོས་ཆོས་ཀྱི་ཞེན་ཁོག་ཆེན་པོས་ལོ་རྒྱུས་ཀྱི་ཁ་ཕྱོགས་གཡས་སུ་བསྒྱུར་འགྲོ་ལ། སྐྱ་བོ་ཚོས་སྲིད་ཀྱི་ཞེན་ཁོག་ལྟར་གཡོན་དུ་བསྒྱུར། བར་མ་ཁ་སྟབས་ཞན་པ་ཉུང་ཤས་ཤིག་གིས་དྲང་བོར་གླེང་ཡང(ར་ཕོ་འཕར་ནས་ཀ་བ་མི་བསྒྱེལ)པའི་དཔེ་ལྟར་གླེང་བས་གླེང་གོ་མི་ཆོད་པར་ཆེན་པོ་གཉན་པོ་ཚོའི་ཞལ་ཏུ་བསྟིམས་འགྲོ་བ་འདི་ཅི་ཞིག་གིས་ལན་ནམ་སྙམ་ནས་སླར་ཡང་མགོ་བོ་ཤེད་ཀྱིས་བཀྱགས། ཡིན་ནའང་ད་ལྟ་རང་གི་མགོ་བོ་ནི་ཕ་བོང་ཆེན་པོ་ཞིག་འདེགས་པ་ལྟར་སྒུལ་ཙམ་ཡང་མི་ཐུབ།
ད་ལྟ་ངས་བར་སྐོར་གྱི་རང་དང་འདྲ་བའི་ཁ་སྟབས་ཞན་པའི་དད་ལྡན་པ་ཚོ་མི་མཐོང་ལ། ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་ཀྱང་མི་མཐོང་། རྫོང་རྒྱབ་ཀླུ་ཁང་ནི་དེ་བས་ཀྱང་མི་མཐོང་། འོན་ཏེ། (མ་སྐྱེས་ཨ་མ)འི་ཇ་ཁང་དུ་ཡོད་པའི་ངའི་སེམས་པ་ནི་སྒྲིབ་གཡོག་དང་ཐོགས་རེག་གང་ཡང་མེད་པར་རྫོང་རྒྱབ་ཀླུ་ཁང་དང་འབྲེལ་ཡོད། ཚངས་དབྱངས་པ་ཁོང་སྔོན་མའི་དུས་ཤིག་ན(མ་སྐྱེས་ཨ་མ)འི་ཇ་ཁང་དུ་འདི་ལྟར་འབྲེལ་ཡོད་དམ། ཡོད་དམ།།