མཆོད་རྟེན་འགྲམ་གྱི་བྱམས་པ།

བོད་རྩེ་རྒྱལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


གཅིག

ཀུན་བཟང་གིས་ཉིན་ཞིག་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་ཁང་རྙིང་ཞིག་ནས་བུ་མོ་ལོ་ཆུང་ཞིག་གི་འདྲ་པར་རྙེད་པ་ནས་བཟུང་། ཁོའི་འཚོ་བ་ལ་སུ་ཡང་ཡིད་མི་ཆེས་པའི་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་འགོ་ཚུགས།

ཉིན་དེར་ཀུན་བཟང་གིས་མ་གཞི་སློབ་ཁྲིད་ཐོག་ཁང་གི་ཁང་རྙིང་དེ་ནས་དཔེ་ཆ་ཞིག་འཚོལ་རྩིས་ཡོད་མོད། ཁོས་ཁང་རྙིང་དེའི་ཟུར་ཞིག་ཏུ་སྤུངས་བའི་དཔེ་ཆ་དག་ཕར་ཚུར་བསལ་ནས་མཚམས་ཤིག་ལ་ཐོན་དུས། རྡུལ་གྱིས་བཀབ་པའི་འདྲ་པར་ཞིག་དཔེ་ཆ་ཞིག་གི་བར་གསེང་ནས་ཉུང་ཙམ་ཕྱིར་མངོན་ཡོད་པ་མཐོང་། ཁོས་འདྲ་པར་དེ་ཕྱིར་བླངས་ནས་ལག་མཐིལ་གྱིས་རྡུལ་དག་ཕྱི་ཞོར་གཟབ་ནན་གྱིས་བལྟས་པ་ན། རྡུལ་གྱི་འོག་ནས་དལ་གྱིས་མཆོད་རྟེན་ཞིག་གི་རྩེ་མོ་བུད་ཡོང་ཞིང་དེ་ནས་རིམ་བཞིན་བུ་མོ་ལོ་ཆུང་ཞིག་གི་ངོ་གདོང་སྙིང་རྗེ་མོ་ཞིག་མངོན་ཡོང་།

ཁོས་འདྲ་པར་དེའི་སྟེང་གི་རྡུལ་དག་ལྷག་ལུས་མེད་པར་ཕྱིས་ཚར་རྗེས། སྟོང་ལྷིང་ལྷིང་གི་སེམས་པར་བཤད་མི་ཤེས་པའི་ཚ་དྲོད་ཅིག་རྒྱས་ནས་བྱུང་། ཁོས་འདྲ་པར་སྟེང་གི་བུ་མོ་ལོ་ཆུང་དེ་གང་ཞིག་ནས་མཐོང་མྱོང་བའི་ཚོར་བ་ཞིག་སྐྱེས་ཤིང་ཡང་ཁོ་མོ་དང་ཤ་འདྲིས་པགས་འདྲིས་སུ་སོང་ནས་ཤིན་ཏུ་རྒྱུས་ཆེ་ཞིང་བརྩེ་བ་ལྡན་པའི་ཚོར་བ་ཞིག་བྱུང་། མི་ཚེ་ཟེར་བ་འདི་ཡ་མཚར་རེད་བཤད་ན་ཡ་མཚར་ཡང་ཡིན་ཏེ། མི་འགའ་རེར་མིག་འོད་ཙམ་འཕངས་པའི་སྐལ་བ་ལས་མེད་ཀྱང་ཁྱོད་ཀྱི་སྣང་ངོར་མི་དེ་ངོ་ཤེས་ཏེ་ཡུན་རིང་ཞིག་འགོར་ཟིན་པའི་ཚོར་བ་འབྱུང་ལ། མི་འགའ་རེ་དང་ལྷན་དུ་ཧ་ལམ་ཚེ་གཅིག་ལ་བསྡད་ཀྱང་། ཁྱོད་ཀྱིས་མཚམས་མཚམས་སུ་ཁོ་ནི་ད་སོ་མ་ཐུག་འཕྲད་བྱས་པའི་འགྲུལ་བ་ཞིག་ཡིན་པའི་ཚོར་སྣང་ཡང་ཡང་འབྱུང་སྲིད།

དེའི་ཕྱིར། ཀུན་བཟང་ལ་ཚེ་སྲོག་ཁྲོད་ནས་ཐུག་འཕྲད་གང་ཞིག་གི་གཟབ་རྒྱས་དགའ་སྟོན་བྱས་པ་ནང་བཞིན། གནས་དེ་ནས་བུ་མོ་ལོ་ཆུང་དེའི་འདྲ་པར་ལ་ཡུན་རིང་ཞིག་ཏུ་བལྟས་ཤིང་ཁོའི་ཡིད་ལ་ཚིམ་པ་མེད་པར་ཉེ་འཁོར་གྱི་གནས་ཚུལ་ཡོངས་སུ་བརྗེད་དེ། ལོངས་སྤྱོད་ཀྱི་འཇིག་རྟེན་ལ་སྔར་བྱུང་མ་མྱོང་བའི་སོས་ཀའི་མཛེས་ལྗོངས་ནང་བཞིན་ཞིག་ཤར་ནས་ཐོན་པས། ཁོའི་སུ་ཡང་མི་ཆུད་པའི་སེམས་པ་དེ་དལ་གྱིས་ཡོལ་བ་ཕྱེས་པ་བཞིན་ཡངས་པོར་གྱུར་བ་དང་། སེམས་གཏིང་ནས་ཡུན་རིང་ལ་གཅིག་པུར་ལྷག་པའི་དྲོད་ཐིགས་དེ་དག་རླངས་པ་བཞིན་འཕྱུར་ནས་ཡར་ཡར་ཐོན། མཐར་དྲོད་ཐིགས་དེ་དག་མིག་ཀོང་ནང་གི་ཆུ་མིག་རྡོག་པོ་འགར་གྱུར་ནས་ཕྱི་ལ་ཁེར་འཐོར་གཉིས་འཐོར་བྱས་ཏེ་འགྲམ་པ་ནས་ཐུར་དུ་འགྲིལ།

ཀུན་བཟང་ཡུན་རིང་ཞིག་ཏུ་དེ་ལ་ཅེར་ནས་རང་གནས་སུ་ལུས། གལ་ཏེ་སློབ་མ་ཞིག་དགོད་དུ་མ་ཤོར་ན། སློབ་མ་འགའ་དང་དགེ་རྒན་འགས་ཡ་མཚར་བའི་མིག་ཟུང་ཞིག་གིས་ཁོ་ལ་བལྟས་འདུག་པའང་མ་མཐོང་། དེའི་ཕྱིར། ཁོས་སློབ་མ་ཆེ་གེ་མོའི་དགོད་སྒྲ་རྣ་ལ་གཟན་པ་ཞིག་ཐོས་པ་ན། མྱུར་གྱིས་ཟུར་དུ་འཁོར་ནས་ལྟ་དུས། རང་ཉིད་སློབ་མ་དང་དགེ་རྒན་ཚོའི་ལྟན་མོ་རུ་གྱུར་འདུག་པ་མཐོང་བས། དེ་མ་ཁད་ཡར་ལངས་ནས་སོང་སོང་། ཅི་ཞིག་ལ་བལྟ་རྒྱུ་འདུག ཅེས་གཤེ་གཤེ་གཏོང་ཞོར་རི་དྭགས་གང་རུང་ཞིག་གཅན་གཟན་ལ་བྲོས་པ་བཞིན་རང་གི་སྡོད་གནས་སུ་བྲེལ་འཚུབ་ཀྱིས་བརྒྱུགས་སོང་། ཁོ་བརྒྱུགས་ཤུལ་ན། སློབ་མ་དང་དགེ་རྒན་ཚོས་མགོ་བོ་འཐོམ་བཞིན། ཡ་མཚར་བའི་མི་ཞིག་རེད། ཡ་མཚར་བའི་མི་ཞིག་རེད་ཅེས་བསམ་ཞོར་སློབ་ཁང་སོ་སོར་འཛུལ།

ཀུན་བཟང་ནི་ལོ་ཉི་ཤུར་བུད་མ་ཁད་ཀྱི་གཞོན་ནུ་ཞིག་ཡིན། ཁོ་རང་དགེ་འོས་སློབ་གྲྭ་ཞིག་ནས་མཐར་ཕྱིན་རྗེས་ས་མཐའ་འདིར་དགེ་རྒན་བྱེད་དུ་ཡོང་བ་རེད། མི་ཚང་མས་ཁོས་རྒྱལ་ཁབ་ཀྱི་ཟླ་ཕོགས་ལོན་པ་ནི་སྲོང་བཙན་སློབ་ཆེན་ན་དགེ་རྒན་བྱེད་ཀྱིན་པའི་ཨ་མས་རོགས་བྱས་པས་ལོས་ཡིན་ཟེར། བལྟས་སོང་ན་དེ་འདྲ་ཞིག་ཡིན་ཡང་ཡིན་ཏེ། ཁོ་ནི་དུས་རྒྱུན་ཆང་ཁང་འགྲིམ་རྒྱུར་དགའ་ཞིང་འཛིང་རྩོད་ལ་དེ་ལས་བྱང་ནས་ཡོད། སློབ་གྲྭ་ན་ཡོད་དུས། སློབ་གྲོགས་ཚང་མས་ཁོ་ལ་ཀུན་ལཱབ་ད་ཟེར་བ་རེད། ལཱབ་ད་ནི་རྒྱ་སྐད་ཡིན་ཞིང་དོན་ནི་མགོ་དཔོན་ཀུན་བཟང་ཟེར་བ་ཡིན།

ཀུན་བཟང་མལ་ཁྲིའི་ཐོག་ཏུ་ཉལ་ནས་འདྲ་པར་དེ་ལ་ཡང་ཡང་བལྟས། འདྲ་པར་དེའི་མཐའ་སོ་ཅུང་ཙམ་རལ་བ་དང་ཁ་མདོག་སྐྱ་བོར་གྱུར་ཡོད་པར་བལྟས་ན། གནས་དེ་རུ་ཡུན་རིང་ཞིག་ལ་བདག་པོ་མེད་པར་ལྷག་སོང་བ་ཤེས་ཐུབ། འདྲ་པར་གྱི་ནང་དུ་མཆོད་རྟེན་ཞིག་གི་འགྲམ་ན་བུ་མོ་ལོ་ཆུང་ཞིག་འགྲེང་ཡོད། ཁོ་མོའི་ལུས་གཟུགས་ཐུང་ཡང་ཤ་གྱོང་བོ་ཡོད་པས། ཕར་བལྟས་ན་ལུས་པོ་ཤིན་ཏུ་ཕྲ་བའི་སྒེག་ཉམས་ཤིག་དང་། ཁོ་མོའི་ཁོག་སྟོད་དུ་རྫི་སྟོད་ཐེད་ཧྲུལ་ཅན་ཞིག་གོན་ཞིང་ཁོག་སྨད་ལ་དོར་ཕྲ་ཞིག་གོན་ནས་བུ་མོ་སྣང་སྐྱིད་ཅིག་གི་ལང་ཚོ་མངོན་ཡོད། ཁོ་མོའི་སྐྲ་དུམ་བུ་ཞིག་ཀླད་དཀྱིལ་ནས་གྱེན་དུ་བཅིངས་ཤིང་དེ་མིན་མཐའ་བཞིར་ལྷོད་ཀྱིས་རྐྱོང་དུ་བཅུག་ཡོད།

ཁོ་མོའི་ཐོད་པའི་མཚམས་ཀྱི་གནམ་ལ་བསྐྱོད་པའི་སྐྲ་ཚོམ་བུ་དེར་བལྟས་ནས་ཤེས་ཐུབ་པ་ནི། འདྲ་པར་དེ་ལེན་དུས་རླུང་ཕྲན་བུ་ཞིག་རྒྱུ་བཞིན་པ་ཤེས་ཐུབ། རླུང་རྒྱུ་བས་ཁོ་མོས་ལག་པ་མདུན་དུ་ཁྱེར་ནས་གནམ་ལ་བསྐྱོད་པའི་སྐྲ་ཚོམ་བུ་དེ་ཡར་ལ་འཇོག་པའི་གྲ་སྒྲིག་བྱེད་ཀྱིན་འདུག་སྐབས། པར་ཆས་ཀྱིས་ཁོ་མོའི་བྱེད་སྟངས་དེ་སྐར་ཆ་དེའི་རིང་དཀག་ཏུ་བཅུག་ཅིང་ནམ་ཡང་ཁོ་མོའི་ཡིད་འོང་གི་མིག་མདངས་དེ་རྟེན་དུ་བླངས།

ཁོ་མོའི་ངོ་གདོང་ལས་པྲ་ཚགས་ཀྱི་འཛུམ་མདངས་ཤིག་བསྟན་ནས། ཧ་ལམ་མཐོང་བ་ཙམ་གྱིས་ཁོ་མོའི་ཉི་འོད་དང་འདྲ་བའི་གཤིས་ཀ་དེ་གཞན་ལ་ངོ་སྤྲོད་བྱེད་ཀྱིན་པ་དང་མཚུངས། ཁོ་མོའི་མིག་ཟུང་ལ་གོང་ཞག་ཡོད་ཅིང་རྫི་མ་ནག་པོ་དེ་གཞུ་ཞིག་དང་འདྲ་བར་གྲལ་འགྲིག་པོར་ཡར་ལ་འཁྱོག་ཡོད། ཁོ་མོའི་སྣ་ནི་གླག་རྒོད་ཀྱི་མཆུ་ཏོ་བཞིན་ཅུང་ཙམ་གཟེང་ཞིང་གུག་ཡོད། ཁོ་མོའི་མཆུ་ཤ་སྲབ་ཅིང་གཡས་ཕྱོགས་ཀྱི་མཆུ་ཤའི་མཐའ་ཁར་སོ་ཡིས་བསྣུན་ནས་བལྟས་མ་ཁད་འདོད་ཚོར་གྱི་རྣམ་པ་ཞིག་སྟེར་འོང་། ཀུན་བཟང་ལ་མཚོན་ན། ཁོ་མོའི་ཡོད་ཚད་ལ་དེ་ལྟར་ལྟ་བ་ནི་མི་རྣམས་ཀྱིས་ཟས་བཟའ་དགོས་པ་ནང་བཞིན་ཤིན་ཏུ་རྒྱུན་ལྡན་གྱི་དོན་དག་ཅིག་ཏུ་གྱུར་སོང་།

ཁོ་མོ་གང་ནས་ཡིན། ཁོ་མོའི་མིང་ལ་ཅི་ཟེར། ཁོ་མོ་ད་ལྟ་གང་དུ་ཡོད། ཀུན་བཟང་གིས་བུ་མོ་ལོ་ཆུང་དེའི་འདྲ་པར་ནང་གི་ངོ་གདོང་ལ་ལག་པས་ཡང་ནས་ཡང་དུ་རག

ཁོ་མོ་གང་ནས་ཡིན། ཁོ་མོའི་མིང་ལ་ཅི་ཟེར། ཁོ་མོ་ད་ལྟ་གང་དུ་ཡོད། ཀུན་བཟང་གིས་བུ་མོ་ལོ་ཆུང་དེའི་འདྲ་པར་བྲང་ཁར་ཀླན་ནས་དེ་ལྟར་བསམ་བློ་བཏང་།

ཁོ་མོ་གང་ནས་ཡིན། ཁོ་མོའི་མིང་ལ་ཅི་ཟེར། ཁོ་མོ་ད་ལྟ་གང་དུ་ཡོད། ཀུན་བཟང་གིས་བུ་མོ་ལོ་ཆུང་དེའི་འདྲ་པར་མགོ་སྔས་ཐོག་ཏུ་བཞག་ཅིང་། རང་ཉིད་ཁ་སྦུབས་སུ་ཉལ་ནས་འདྲ་པར་ནང་གི་བུ་མོ་ལོ་ཆུང་དེའི་ཡོད་ཚད་ལ་བལྟ་འདོད་ཆེ་ཞིང་མྱུར་གྱིས་བལྟས། ཁོ་མོ་མཆོད་རྟེན་ཞིག་གི་འགྲམ་དུ་ལངས་ཡོད། ཁོ་མོའི་གཡས་ཕྱོགས་ན་བུ་མོ་ལོ་ཆུང་གཉིས་ཀྱིས་ཁ་ལག་པས་བཀབ་ནས་དགོད་ཀྱིན་འདུག ཁོ་མོའི་ལག་པ་གཡོན་ཕྱོགས་སུ་གཞོན་ནུ་ལོ་ཆུང་ཞིག་གིས་ཁོ་མོར་ལྐོག་སུད་སུད་ཀྱིས་བལྟས་འདུག འདྲ་པར་ལེན་པའི་ཉིན་དེར་གནམ་གཤིས་ཤིན་ཏུ་ཡག་སྟེ། ཁོ་མོའི་རྒྱབ་ཕྱོགས་ཀྱི་གནམ་སྔོན་པོར་སྤྲིན་པ་ཐིག་ལེ་ཙམ་ཡང་མེད་པར། དྲོ་སྐྱིད་སྟེར་བའི་ཉི་འོད་མཐུག་པོ་ཞིག་མཆོད་རྟེན་གྱི་སྟེང་དང་ཁོ་མོའི་གྱེན་དུ་བཅིངས་བའི་སྐྲ་གསེང་ནས་འོད་ཀྲིག་ཀྲིག་མངོན།

ཁོ་མོས་ནན་ཏན་གྱིས་འདྲ་པར་ཞིག་ལེན་བསམས་ཀྱང་། ཟུར་ན་ཡོད་པའི་གྲོགས་མོ་ཚོ་དགོད་ཀྱིན་འདུག་པས། ཁོ་མོས་ཀྱང་བསྲན་མ་ཐུབ་པར་མ་མཆུ་སོ་ཡིས་མནན་ནས་དགོད་ཤོར་བར་ཅི་ནུས་ཀྱིས་སྔོན་འགོག་བྱེད་བཞིན་འདུག་ཀྱང་། བལྟས་ཡོང་ན་ཁོ་མོས་དེ་ལྟར་བྱས་པ་ལ་གྲུབ་འབྲས་ཅིའང་མ་ཐོན་པ་འདྲ། ཁོ་མོའི་ལག་པ་གཡས་ཕྱོགས་ཀྱིས་གནམ་ལ་བསྐྱོད་པའི་སྐྲ་ཚོམ་བུ་དེ་སྙོམ་པར་འཇོག་པའི་གྲ་སྒྲིག་བྱེད་ཀྱིན་འདུག་ལ། ལག་པ་གཡོན་པས་ཤིན་ཏུ་ཕྲ་བའི་དོར་མའི་ཟུར་ཞིག་བསྡམས་ཡོད་པས། བལྟས་མ་ཁད། ཁོ་མོ་ནི་ངོ་ཚ་དང་པྲ་ཚགས་གཉིས་ལ་དགའ་བའི་གཞོན་ནུ་མ་ཞིག་ཡིན་པ་ཤེས་ཐུབ།

ཀུན་བཟང་གིས་འདྲ་པར་དེ་ལ་ལྟ་བཞིན་དགོད་ཤོར། ཁོས་ཁོ་མོ་ལ་འཕྱ་སྨོད་བྱེད་ཀྱིན་པ་ལྟར་ཡུན་རིང་ཞིག་ཏུ་བགད་ཅིང་དགོད་ཀྱིན་མིག་ཆུ་ཡང་འཐོར་ནས་བྱུང་། ཀུན་བཟང་སློབ་གྲྭ་འདིར་སླེབས་རྗེས། འདི་ལྟ་བུའི་དགོད་སྒྲ་ཞིག་གཏན་ནས་བཏང་མྱོང་མེད་པས། ཁོ་ལ་མཚོན་ན། དགོད་སྒྲ་འདི་ནི་སེམས་སུ་ཉར་བའི་ཁེར་རྐྱང་ལས་བྱུང་བའི་ངུ་འབོད་ཅིག་དང་ཀུན་གྱི་འབྲེལ་བའི་ར་བ་ལས་སྒོ་རུ་བདའ་བའི་གྲོགས་མེད་ཀྱི་ཤུགས་རིང་ཞིག་ཅིས་མ་ཡིན།

ཀུན་བཟང་གང་དུ་སོང་ཡང་འདྲ་པར་དེ་རང་གི་མཆན་ཁུག་ཏུ་བཅུག་ཅིང་གོ་སྐབས་ཕྲན་ཙམ་ཡོད་དུས་ཕྱི་རུ་བླངས་ནས་བལྟས། ཁོ་མོའི་ངོ་གདོང་དཀར་ལ་གཡས་ཕྱོགས་ཀྱི་འགྲམ་པའི་དཀྱིལ་ན་སྨེ་བ་ཆུང་ཆུང་ཞིག་ཡོད། ཁོ་མོའི་སྐེ་རུ་ཕྲེང་བ་དམར་བོ་ཞིག་བཀལ་ཡོད་ཅིང་། ཕྲེང་བ་དེའི་ཐོག་ནས་ལྡོག་འོད་གསལ་བོ་འགའ་ཚུར་ལ་འཕྲོས། ཁོ་མོའི་རྫི་སྟོད་ཀྱི་ནང་དུ་ཚི་ལེན་དཀར་བོ་ཞིག་གོན་ཡོད་ཅིང་ཚི་ལེན་དེའི་ཐོག་ན་འཛུམ་མདངས་ཀྱི་རྟགས་མ་དམར་བོ་ཞིག་ཡོད།

ཁོ་མོའི་ལུས་གཟུགས་ཕྲ་ཞིང་ཐུང་བས་མཆོད་རྟེན་ཆུང་ཆུང་དེའི་འགྲམ་ནས་ལྷག་ཏུ་གཅེས་ཤིང་། བལྟས་མ་ཁད་པང་དུ་བཟུང་ནས་སྐོར་བ་འགའ་རྒྱག་འདོད་པའི་སེམས་ཚོར་ཞིག་བྱིན་ཡོང་། འདྲ་པར་དེ་ལེན་དུས་ཁོ་མོ་དགོད་ཀྱིན་འདུག ཨོ། མ་རེད། ཁོ་མོས་དགོད་ཤོར་བར་སྲན་གྱིན་འདུག་མོད། འདྲ་པར་དེ་བླངས་རྗེས་ཁོ་མོ་ཡིད་ཚིམས་པ་ཞིག་བགད་ཡོད་པ་ཚོད་དཔག་བྱས་ཀྱང་ཤེས་ཐུབ།

ཀུན་བཟང་ལ་ཁོ་མོ་གནས་གང་ཞིག་ནས་མཐོང་མྱོང་བའི་ཚོར་སྣང་ཞིག་ཡོད་མོད། མཚམས་ལན་རེར་དེ་ལྟ་བུའི་ཚོར་བ་ནི་འཚོ་བའི་ཁྲོད་ནས་རྒྱུན་པར་མང་དུ་སྐྱེ་རྒྱུ་ཡོད། འདྲ་པར་གྱི་གཞོགས་ཤིག་ཏུ་ཨང་ཀི་འགའ་རུབ་རུབ་བྱས་ཏེ་མངོན་ཡང་གསལ་བོར་མཐོང་མ་ཐུབ། ཧ་ལམ་འདྲ་པར་དེ་བླངས་བའི་དུས་ཚོད་ཡིན་ངེས་ཀྱང་། ད་ལྟ་གཟབ་གཟབ་བྱས་ཏེ་བལྟས་ན་ཟླ་ཚེས་ཤིག་ལས་ཅིའང་མི་གསལ། ལོ་ནམ་ཞིག་གི་ཟླ་དྲུག་པའི་ཚེས་བཅུ་ལ་འདྲ་པར་དེ་བླངས་བ་ཡིན་སྲིད། གབ་ཚིག་ནང་བཞིན་གྱི་དྲི་བ་འདིར་ཀུན་བཟང་ལ་ཤེས་འདོད་ཀྱི་རྔམ་པ་ཞིག་མྱུར་གྱིས་ཐོན།

ཀུན་བཟང་གིས་ཁོ་མོའི་འདྲ་པར་དེ་མཐོང་རྗེས། སྔོན་ཆད་འཁྱོལ་ཐུབ་མེད་པའི་དུས་ཚོད་དེ་ད་ལྟ་ཆུ་བཞིན་གཤར་ནས་སྡོད་ཚུགས་མེད་པ་ཞིག་ཏུ་གྱུར། ཆུ་བཞིན་གཤར་བའི་དུས་ཚོད་ཀྱི་སྔུན་ནས་ཀུན་བཟང་གི་བསམ་བློ་ལ་རང་དབང་གི་གཤོག་པ་ཐོགས། ཁོ་མོས་འདྲ་པར་ལེན་ས་དེ་ས་ཆ་གང་ཞིག་ཡིན་སྲིད། ཁོ་མོ་གང་ནས་ཡིན་སྲིད། ཡང་ན་ཁོ་མོས་གནས་དེ་ནས་འདྲ་པར་དེ་ལེན་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་ལ་བསམ་བློ་བཏང་།

ཀུན་བཟང་གིས་སློབ་ཁྲིད་བྱེད་བཞིན་ཁོ་མོའི་ཕྱོགས་སུ་སེམས་པ་འཁོར། ཀུན་བཟང་གིས་ཟ་མ་ཟ་ཞོར་ཁོ་མོའི་ཕྱོགས་སུ་སེམས་པ་འཁོར། དེ་ལྟར་མཆོད་རྟེན་འགྲམ་གྱི་ཁོ་མོ་སེམས་ལ་དྲན་དུས། ཁོས་ཅིས་ཀྱང་འདྲ་པར་དེ་ཕྱི་རུ་བླངས་ནས་ཐེངས་གཅིག་བལྟས་ཚེ་ད་གཟོད་བློ་སེམས་བདེ་རུ་འགྲོ

མཆོད་རྟེན་འགྲམ་གྱི་ཁོ་མོ་ལོ་ཤིན་ཏུ་ཆུང་བ་འདྲ་སྟེ། གདོང་མདོག་ལས་སད་ཀྱིས་མ་བཅོམ་པའི་མེ་ཏོག་ནང་བཞིན་དྭངས་གཙང་གི་འོད་ཟེར་ཞིག་མཐོང་། ཁོ་མོའི་ཐོད་པར་ཁྱེར་བའི་ལག་པ་གཡས་ཕྱོགས་ལ་ལག་གདུབ་ཀྱི་ཚབ་ཏུ་སྐུད་པ་དམར་བོ་ཞིག་དཀྲིས་ཡོད་ཅིང་། དོར་མའི་ཟུར་ཞིག་ཤེད་ཀྱིས་བསྡམས་པའི་ལག་པ་གཡོན་པར་མེ་ཏོག་དཀར་བོ་ཞིག་ཤེད་ཀྱིས་དོར་མ་དང་མཉམ་པོར་བསྡམས་ནས། གསལ་བོ་མ་བལྟས་ན་ཕྱི་རུ་བུད་པའི་མེ་ཏོག་གི་འདབ་མ་དེ་ཤིན་ཏུ་མཐོང་བར་དཀའ། འདྲ་པར་གྱི་མར་སྣེའམ་དུས་ཚོད་དོད་སའི་ཀླད་ཕྱོགས་ཀྱི་ཟུར་ནས་བྱིས་པ་ཞིག་གི་རྐང་པ་ཆུང་ཆུང་ཞིག་མངོན། གསལ་བོར་བལྟས་ན། རྐང་པ་དེ་ས་ངོས་ལས་བྲལ་ཏེ་གནས་གཞན་ཞིག་ཏུ་སྤོ་བར་རྩོམ་གྱིན་འདུག་པ་འདྲ།

ཀུན་བཟང་གིས་རིམ་བཞིན་གཞན་དང་ཐོབ་ཤོར་མི་རྩོད་པར། བུ་མོ་ལོ་ཆུང་དེ་ཡི་འགྲོ་ཕྱོགས་བཙལ། ཀུན་བཟང་གིས་རྨི་ལམ་ནང་ནས་ཁོ་མོ་བཙལ། ཀུན་བཟང་གིས་འདྲ་པར་ཐོག་ནས་ཁོ་མོ་བཙལ།

སློབ་གྲྭ་ན་ཡོད་དུས་ཀུན་བཟང་སྦྱངས་འབྲས་ཤིན་ཏུ་ཞན་ཡང་། སྐྱེས་གཟུགས་ཀྱི་ཐད་ནས་བཤད་ན་ཕོ་སྟོབས་ཤིག་ཡིན། ཁོའི་ལུས་གཟུགས་རིང་ཞིང་རྒྱུན་དུ་ལུས་སྦྱོང་ལ་སྤྲོ་བ་ཆེ་བའི་རྒྱུ་མཚན་གྱིས་ལུས་ཡོངས་ཤ་རྒོད་ཀྱིས་བརྒྱན་ནས་ནུབ་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་པ་དང་འདྲ་བར། འབུར་ས་འབུར་ཡོད་ཅིང་སྙོམ་ས་སྙོམ་ཡོད། ཁོའི་གདོང་ནི་སྒམ་ཞིང་དབང་ལྔ་ནི་གཅིག་ལ་གཅིག་བསྟུན་གྱིས་འགྲིག་པོར་ཆགས་ཡོད་པས། ཀུན་གྱིས་ཁས་ལེན་པའི་སློབ་གྲྭ་ཡོངས་ཀྱི་ཕོ་ཡག་གམ་ཕོ་སྟོབས་ཡིན།

འོན་ཀྱང་། ཁོ་ལ་གཤིས་ཀ་རྩུབ་མོ་ཞིག་ཡོད། དོན་དག་ཕྲན་བུ་ཞིག་གི་དོན་དུ་ཡང་ཁོས་ངེས་པར་དུ་ཁུ་ཚུར་གཡུགས་ནས་ཐག་གཅོད་ཀྱིན་ཡོད། དེའི་ཕྱིར་ན། སློབ་གྲོགས་ཚང་མ་ཁོ་དང་བར་ཐག་བཞག་སྟེ་རྒྱང་ཏུ་བཀྱེད་ཅིང་། གལ་ཏེ་རླུང་རྟ་མ་དར་ནས་ལམ་ནས་ཁོ་ལ་འཕྲད་ཚེ་མགོ་བོ་སྒུར་བཞིན་བྲོས་འགྲོ དེ་ལྟར་ཡིན་ཡང་། སློབ་གྲོགས་འགས་རྒྱུན་དུ་ཁོ་རང་བསྐོར་ནས་གང་སར་འགྲོ་ཞིང་ཁོ་ལ་རོགས་བྱས་ཏེ་སློབ་གྲོགས་གཞན་དང་རྡུང་རེས་རྒྱག་པས། ཁོ་ནི་རྒྱུ་ཡི་ལོངས་སྤྱོད་ཡོད་ཅིང་ཐོབ་ཀྱི་ཆ་རྐྱེན་ཡོད་པའི་མགོ་ཁྲིད་ཆེན་མོ་ཞིག་དང་ཅིས་ཀྱང་མཚུངས་མོད། ད་ལྟའི་ཀུན་བཟང་ལ་དང་ཐོག་གི་གཤིས་ཀ་དེ་རྩ་བ་ནས་མེད་པར་གྱུར་ནས་འདྲ་པར་ནང་གི་བུ་མོ་རྐྱང་རྐྱང་དེའི་ཕྱོགས་ལ་སེམས་ཀྱི་དགའ་སྐྱོ་ཡོད་ཚད་གཏད།

ཀུན་བཟང་གིས་ཁོ་གཉིས་ཀྱི་བར་དུ་ལྷག་པའི་འགྲུལ་བདག་གི་རྒྱང་ཐག་དེ་དེ་ལས་ཉེ་རུ་གཏོང་ཆེད། རང་གི་ལག་འཕྲིན་གྱི་པར་ཆས་ཀྱིས་འདྲ་པར་དེ་ཐེངས་འགའ་པར་ལ་བླངས་རྗེས། འདྲ་པར་དེ་དག་ལག་འཕྲིན་གྱི་གནས་མི་འདྲ་བའི་མ་ལག་མང་པོར་ཉར་ཚགས་བྱས་ཤིང་རང་གི་ཁྱེའུ་འཕྲིན་དང་འཕྲིན་ཕྲན་གྱི་རྒྱབ་ལྗོངས་བྱས།

གཟའ་མཇུག་ལ་ཐོན་དུས། ཀུན་བཟང་གིས་འདྲ་པར་དེ་བཟུང་ནས་སྡེ་བ་འདིའི་མིང་དུ་གྲགས་པའི་ལྡུམ་སྒང་རྩྭ་ཐང་དུ་བསྐྱོད་ཅིང་། ཁོ་མོའི་འདྲ་པར་བཟུང་ནས་རང་གིས་རང་ལ་ལག་འཕྲིན་གྱིས་འདྲ་པར་མང་དུ་བླངས།

རྩྭ་ཐང་ཧྲིལ་བོ་མེ་ཏོག་སྣ་ཚོགས་ཀྱིས་བཀང་བས་གནས་འདི་ནས་མེ་ཏོག་ནང་དུ་བགྲོད་པ་ནི་ལྷ་ཡུལ་དུ་བགྲོད་པ་ནང་བཞིན། ཀུན་བཟང་ལ་མཚམས་མཚམས་སུ། རང་ཉིད་དངོས་གནས་མི་ཡུལ་ནས་ཁ་བྲལ་སྟེ་ཁོ་མོ་དང་མཉམ་པོར་ལྷ་ཡུལ་དུ་བགྲོད་ཀྱིན་པའི་ཚོར་སྣང་ཞིག་བྱུང་། ཀུན་བཟང་གིས་གནས་འདི་ན་མེ་ཏོག་ཡོད་ཅིང་ཉི་འོད་ཡོད། ད་དུང་དྭངས་ཤིང་སྙན་པའི་ཆུ་ཕྲན་ཡོད་ལ། ཡིད་དུ་འོང་བའི་ཁོ་མོའི་འདྲ་པར་ཡང་ཡོད་པས། མི་ཡུལ་ཟེར་ན་ལྷ་ཡུལ་རེད་ལ། ལྷ་ཡུལ་ཟེར་ན་མི་ཡུལ་ཡིན་པར་འདོད་ཅིང་ཉིན་དེ་ནི་རང་གི་མི་ཚེའི་ཁྲོད་ཀྱི་ཆེས་བདེ་སྐྱིད་ལྡན་པའི་ཉིན་ཞིག་ཡིན་པར་བསམས།

ཀུན་བཟང་གིས་བསམས་པར། འདྲ་པར་འདི་ངས་རྙེད་འགྲོ་བ་ལས་ཡིན་ན། ནམ་ཞིག་ང་ཁོ་མོ་ལ་འཕྲད་སྲིད་པའང་ལས་ཡིན། དུས་ཚོད་ཀྱི་སྔ་རྗེས་མ་གཏོགས། བུ་མོ་འདི་ངའི་ཡིན་ལ། ང་བུ་མོ་འདིའི་ཡིན་སྲིད། ཡང་ཁོས་བསམས་པར། མི་ཚོགས་ཀྱི་གྲུ་ག་གང་ཞིག་ཏུ་ཡོད་པའི་མོ་ལ་མཛའ་རོགས་ཡོད་སྲིད་དམ། ཁྱོ་བོ་ཡོད་སྲིད་དམ། མི་སྲིད། མི་སྲིད། ཡོད་མི་སྲིད། གལ་ཏེ་ཡོད་ན། ལས་དབང་གིས་ངེད་གཉིས་བར་ལ་འདི་འདྲའི་ཀུ་རེ་བརྩེས་མི་སྲིད།

བུ་མོ་ལོ་ཆུང་དེས་ཀུན་བཟང་ཞེས་པའི་གཞོན་ནུ་ཞིག་ཡོད་མེད་གོ་བའི་བརྡར་ཤ་གཅོད་དཀའ་ཡང་། ཀུན་བཟང་གི་འདུ་ཤེས་ནང་ལ་ངེད་གཉིས་ཞེས་པའི་ཐ་སྙད་དེ་ཤེས་མེད་ཚོར་མེད་ཀྱིས་ཁྱེར་ནས། བུ་མོ་ལོ་ཆུང་དང་ཁོ་གཉིས་ཀྱི་བར་དུ་ལྷག་པའི་རྒྱང་ཐག་ཅི་ནུས་ཀྱིས་ཉེ་རུ་གཏོང་གིན་ཡོད། དེ་ལྟར་ཀུན་བཟང་གིས་མཐོང་མྱོང་མེད་པའི་བུ་མོ་ཞིག་ལ་སྙིང་གི་ཆ་ཤས་རེ་རེ་བཞིན་གཙབ་ནས་མགོ་འབུལ་ལུས་འབུལ་བྱས་ཤིང་། བུ་མོ་དེ་ཐ་ན་ས་ཕྱོགས་གང་ཞིག་ནས་ཡིན་པའང་མི་ཤེས་མོད། ཀུན་བཟང་གིས་ནམ་ཞིག་ཁོ་གཉིས་ལྷན་དུ་འཛོམས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་འཛུགས་པར་ཡིད་ཆེས་བརྟན་པོ་སེམས་ལ་བསྙལ་ནས་ཡོད།།

གཉིས།

རྩྭ་ཐང་ལ་ཉི་འོད་དང་འཇའ་ཚོན་གྱིས་སྐོར་བ་རྒྱག་དུས། ཀུན་བཟང་གིས་མེ་ཏོག་དང་འདྲེས་ཏེ་རྒྱང་རིང་དུ་འགྲོ་བཞིན་པའི་རྒྱབ་གཟུགས་ཤིག་མཐོང་། ཁོ་དགའ་དྲགས་ཏེ་ས་ལྡིང་གནམ་ལྡིང་བྱས་ཏེ་མདུན་དུ་བརྒྱུགས། རྒྱུག་གིན་རྒྱུག་གིན་ཀུན་བཟང་གིས་རྒྱབ་གཟུགས་དེ་རང་དང་ཁ་ཐག་ཉེ་རུ་ཕྱིན་ཡང་། ལག་པ་བརྐྱངས་ནས་རྒྱབ་གཟུགས་དེའི་ཕྲག་པར་རག་དུས། རླུང་གིས་བསྒུལ་བའི་སྐྲ་ལོ་འཇམ་པོ་དེ་ལག་ངོ་ནས་ཆུ་བཞིན་གཤར། ཁོ་ལ་བྲེལ་འཚུབ་ལངས་ནས་རྒྱབ་གཟུགས་དེའི་མིང་ནས་འབོད་བསམས་ཀྱང་མིང་མ་ཤེས། ཁོས་སྐད་གདངས་མཐོ་རུ་བཀྱགས་ཏེ་ང་སྒུག་རོགས་ཞེས་འབོད་འདོད་ཀྱང་། མིད་པ་ལས་ཚིག་གཅིག་ཀྱང་མ་ཁྲོལ། ཁོ་རང་བྲེལ་བ་ལངས་ནས་ངུ་ངག་གི་མིག་ཆུ་འདོན་དུས། ཕར་བལྟས་ན་འཇའ་ཚོན་དང་དབྱེར་མེད་དུ་འདྲེས་པའི་བར་མཚམས་ནས། རྒྱབ་གཟུགས་དེ་མཆོད་རྟེན་ཞིག་གི་འགྲམ་ནས་དལ་གྱིས་ཕྱིར་འཁོར་གྱིན་ཁོའི་ཕྱོགས་སུ་བལྟས་པ་ན། ཀུན་བཟང་རང་ས་ནས་ཧད་དེ་མདུན་དུ་འགྲོ་མི་ཐུབ་པར་གྱུར། ཁོས་སེམས་སུ་འཕྲོ་ནས་འཕྲོར། རེད། ཁོ་མོ་རེད། ཁོ་མོ་རེད། ཁོ་མོ་ནི་ངའི་མིག་ཆུ་རེད། ངའི་ཚེ་སྲོག་རེད་ཅེས་བཤད་དེ་རང་གིས་རང་ལ་གསལ་འདེབས་བྱས།

ཁོ་མོའི་ལང་ཚོ་རྩྭ་ཐང་དང་མེ་ཏོག་གི་དྲོད་ཐིགས་ལ་བརྒྱུས་ཏེ་ཀུན་བཟང་གི་མིག་ལམ་དུ་མངོན་དུས། དུས་ཚོད་རང་ས་ནས་འགག ཆུ་མོ་རང་ས་ནས་འཁྱིལ། ཡོད་ཚད་དལ་གྱིས་བསྡད་དེ་གང་ལ་ཡང་འགུལ་བ་མ་བྱུང་ཡང་། ཀུན་བཟང་དང་ཁོ་མོའི་བར་ནས་དྲན་གདུང་གི་མིག་ཆུ་རྡོག་པོ་མང་བོ་འཐམ་འཁྱུད་བྱེད། ཁོ་མོ་འཛུམ་གྱིན་ཀུན་བཟང་ལ་བལྟས། ཀུན་བཟང་ངུ་བཞིན་ཁོ་མོ་ལ་བལྟས།

ཁོ་མོའི་སྐྲ་རྩེ་ནས་རྐང་པའི་བར་ཐམས་ཅན་དྲན་གདུང་གིས་མནར་བའི་གཟུགས་བརྙན་དེ་དང་གཅིག་མཚུངས་ཡིན། ཀུན་བཟང་གིས་གཟབ་ནན་ངང་གོམ་པ་སྤོ་ཞོར་ཁོ་མོའི་ཕྱོགས་སུ་བཅར། ཕར་བལྟས་ན། ཁོས་གོམ་པ་སྤོ་ཐེངས་རེ་རེ་ལ་ཁོ་མོ་ཤོར་འགྲོ་བའི་སེམས་ཁུར་གྱིས་གང་ནས་ཡོད་ལ། ཁོའི་གོམ་པ་སྤོས་པའི་རྗེས་ཤུལ་རེ་རེ་ལ་ཁོ་མོ་གློ་བུར་དུ་མེད་འགྲོ་བའི་སེམས་འཚུབ་ཀྱིས་ཁྱབ། ཀུན་བཟང་ཁོ་མོའི་འགྲམ་དུ་ཐོན་ལ་ཉེ་དུས། གློ་བུར་དུ་ཁོ་མོ་སྨུག་པ་དྭངས་བ་ནང་བཞིན་ཕྱོགས་བཞི་རུ་ཡལ་ཞིང་། ཤུལ་དུ་མེ་ཏོག་ལས་ཐོན་པའི་དྲི་ངད་ཅིག་ལས་ཅིའང་མ་ལྷག ཀུན་བཟང་གིས་མིག་གཉིས་ཆེར་བགྲད་དེ་སྨྱོས་པ་བཞིན་ཕར་ཚུར་བརྒྱུགས་ཤིང་། ཁ་ནང་ནས་ངའི་མིག་ཆུ། ངའི་ཚེ་སྲོག ངའི་ཡོད་ཚད་ཅེས་བོས་ཏེ་རྩྭ་ཐང་ཧྲིལ་བོ་ངུ་ངག་དང་སེམས་སྡུག་གིས་བཀང་།

ཀུན་བཟང་གིས་མིག་ཆུ་རྡོག་པོ་འགའ་འགྲམ་པར་དྲུད་ནས་མལ་སའི་ནང་ན་ཀན་རྐྱལ་དུ་ཉལ། དྲན་གདུང་གིས་ཁོ་རང་རྨ་ཡིས་ཁྱབ་པའི་བྱེའུ་ཞིག་དང་འདྲ་བར་འཕུར་མི་ཐུབ་པར་གྱུར། དུས་ཚོད་རིམ་བཞིན་འདས་དུས། ཀུན་བཟང་གིས་ཁོ་མོར་བཅངས་བའི་དགའ་མོས་ལས་བྱུང་བའི་འདོད་བློ་དེ་འདྲ་པར་རྐྱང་བ་ཙམ་ལ་བརྟེན་ནས་སྐོང་མི་ཐུབ་པར་གྱུར། ལན་རེར་ཁོ་རང་ནད་ཀྱིས་བཟུང་བའི་རྒན་པོ་ཞིག་དང་འདྲ་བར་མལ་ས་རུ་ཀུམ་ཀུམ་བྱས་ཏེ་ཉལ་ཞིང་། མིག་ཟུང་ལས་འདོད་པ་དང་རེ་ཐག་ཆད་པའི་ཚོར་བ་ཞིག་ཕྱི་རུ་མངོན་ནས། དོན་དག་འདི་ལ་ཆ་རྒྱུས་མེད་མཁན་ཞིག་གིས་བལྟས་ན། ཁོ་ནི་ཤི་ལ་ཉེ་བའི་ནད་པ་ལས་ངན་ཞིག་ཡིན་པའི་སེམས་ཚོར་འབྱུང་ངེས།

ཀུན་བཟང་གིས་དེ་ལྟར་འདྲ་པར་རྐྱང་བ་ཙམ་ལ་བལྟས་ནས་བསྡད་ན། ཁོ་མོ་འཚོལ་རྙེད་མི་ཐུབ་པ་གཏན་ཁེལ་ཡིན་པ་ཤེས་ཏེ་གཞན་ལ་འདྲི་རུ་སོང་། ཁོས་གཞན་དག་གི་ས་ནས་རང་ཉིད་ཀྱི་སེམས་པ་ཅིག་ཅར་དུ་འཕྲོག་བའི་གཞོན་ནུ་མ་དེ་ཡི་གནས་ཚུལ་ཕྲན་བུ་རེ་གོ་བར་རེ་བཅོལ་བྱས།

ཁོས་འདྲ་པར་དེ་མཆན་ཁུག་ཏུ་བཅུག་སྟེ་མི་རེ་ལ་ཐུག་དུས་ཕྱི་རུ་ཕུད་ནས་དྲིས། མི་རེ་ལ་ཐུག་དུས་རྒྱུ་ནོར་རྩ་ཆེན་ཞིག་མཆན་ཁུག་ནས་ལེན་གྱིན་པའི་ཚོར་བ་ཡང་ཡང་སྟེར་བས། དང་ཐོག་མི་རྣམས་ཀྱིས་ཁོའི་རྣམ་འགྱུར་དེ་མཐོང་ནས་རྒྱུ་ནོར་རྩ་ཆེན་ཞིག་ཡོད་པར་འདོད་ནས་བློ་སེམས་རྩེ་གཅིག་གིས་ངང་སྒུག་བྱས་མོད། མཐར་ཀུན་བཟང་གིས་བུ་མོ་ཞིག་གི་འདྲ་པར་ལས་ཅིའང་ལེན་རྒྱུ་མེད་པར་མཐོང་བ་ན། འགའ་རེས་ཤུགས་རིང་ཞིག་གཏོང་ཞོར་སྐད་ཆ་ཅིའང་མི་སྨྲ་བར་བུད་འགྲོ ཡང་འགའ་རེས་ནན་གྱིས་ལྟ་ཙམ་བྱས་རྗེས། པྲ་ཚགས་ཀྱི་མིག་མདངས་ཤིག་མངོན་ནས་ཀུན་བཟང་ལ་ཡང་ཡང་ལྟ། མིག་མདངས་དེ་ནི་རིགས་འདེད་ཀྱི་མིག་མདངས་ཤིག་ཡིན་པས། ཀུན་བཟང་ལ་ངོ་ཚ་བའི་ཚོར་བ་ཞིག་ཐོན་ནས་མི་དེས་ལན་འདེབས་པར་རྩོམ་དུས། ཁོ་རང་འཚབ་འཚུབ་ཀྱིས་འདྲ་པར་དེ་མཆན་ཁུག་ཏུ་བཅུག་ནས་བུད་སོང་། ཁོ་འགྲོ་ཞོར་ཡི་ཆད་ཅིང་སེམས་ཕངས་པའི་དངན་པ་རིང་བོ་རེ་འཐེན་པར་བྱེད།

ཁོས་ཉིན་འགའ་སྤྱད་དེ་སྡེ་བ་འདིའི་གྲོང་སྟོད་དང་གྲོང་སྨད་བརྒྱུད་ཅིང་། ཞིང་ས་དང་རྣང་མ་འགྲིམ་ནས་ཁོ་མོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུས། ཁང་ཀླད་ཀྱི་གྱང་སྣེ་ཆར་བས་ཆག་རལ་དུ་བཏང་བའི་ཁྱིམ་ཚང་གཅིག་གི་ཁྱིམ་ན་མི་མེད་ཕྱིན་འདྲི་རྒྱུ་མ་རྙེད་ཀྱང་། དེ་མིན་ཁྱིམ་ཚང་ཡོད་ཚད་ལ་དྲིས་ཀྱང་འདྲ་པར་ནང་གི་བུ་མོ་ལོ་ཆུང་དེ་སུས་ཀྱང་ངོས་མ་ཟིན། སུས་ཀྱང་བུ་མོ་དེ་མཐོང་མ་མྱོང་། ཧ་ལམ་ཁོ་མོའི་འདྲ་པར་དེ་རྒྱང་རིང་ཞིག་ནས་རླུང་གིས་ཁུར་ནས་གནས་འདི་རུ་ལྷུང་བ་བཞིན་ཁོ་མོ་དང་འབྲེལ་བའི་སྐད་ཆ་ཚིག་གཅིག་ཀྱང་ཐོས་རྒྱུ་མེད་པར་གྱུར་ནས། ཀུན་བཟང་གི་བྲེལ་བས་བཟུང་བའི་སེམས་པ་སྐར་ཆ་རེ་རེ་བཞིན་ནད་ཀྱིས་མནར་བ་བཞིན་མི་སྐྱིད་པར་གྱུར་ཅིང་། ཐ་ན་ཟས་ཀྱི་ཡི་ག་ཡང་ཆད་དེ་ཉིན་མཚན་མེད་པར་འདྲ་པར་ནང་གི་བུ་མོ་རྐྱང་རྐྱང་གི་ཕྱོགས་ལ་བསམ་བློ་འཁོར།

ལས་གྲོགས་ཚོས་སེམས་དཀའ་བའི་གནས་ཚུལ་འདི་མཐོང་བས། གཅིག་རེ་བཞིན་བློ་ཐབས་སྣ་ཚོགས་བཏོན། འགའ་རེས་འཕྲིན་ཕྲན་གྱི་གྲོགས་པོའི་གླིང་དུ་བསྐུར་ནས་བཙལ་ན་ཅི་འདྲ་འདུག་ཟེར། ཡང་འགའ་རེས་ཁོ་མོའི་འདྲ་པར་དེ་མང་ཙམ་པར་ནས་རྫོང་ལ་སོང་ནས་གང་སར་སྦྱར་ཏེ་བཙལ་ན་ཅི་འདྲ་འདུག་ཟེར། དེ་མིན་འགའ་རེས་ཀུན་བཟང་ལ་བུ་མོ་གཞན་པ་རེ་ངོ་སྤྲོད་བྱས་ན་ག་འདྲ་འདུག་ཟེར། དེ་བས་ཁོ་ཚོའི་ཁྲོད་ཀྱི་མི་གཅིག་གིས་བཏོན་པའི་བློ་ཐབས་ལ་ཀུན་བཟང་གི་བསམ་བློ་འཁོར།

རྫོང་སློབ་གསོ་ལས་ཁུངས་ནས་ཁོ་མོའི་གནས་ཚུལ་འདྲི་རྒྱུ་ནི་བློ་ཐབས་ཡག་ཤོས་ཤིག་རེད། ད་ལྟ་བལྟས་ཡོང་ན། རྫོང་སློབ་གསོ་ལས་ཁུངས་ནི་ཁོ་མོའི་གནས་ཚུལ་ལ་རྒྱུས་ལེན་ཆོག་སའི་འབྱུང་ཁུངས་གཅིག་པུ་དེ་ཡིན་པར་ངེས། ཀུན་བཟང་གིས་རྫོང་སློབ་གསོ་ལས་ཁུངས་ནས་ཁོ་མོའི་གནས་ཚུལ་ཤེས་སྲིད་ཤག་ཤག་ཡིན་ཏེ། ཁོ་མོའི་འདྲ་པར་གནས་འདི་རུ་ཡོད་པར་བལྟས་ན། ཁོ་མོ་ནི་འདིར་འོང་མྱོང་བའི་དགེ་རྒན་ཞིག་ཡིན་པ་ར་སྤྲོད་བྱས་པ་དང་མཚུངས་བར་བསམས། དེའི་ཕྱིར། ཀུན་བཟང་ལ་ཁོ་མོར་མྱུར་དུ་འཕྲད་ཐུབ་པའི་ཚོར་བ་སྟུག་པོ་ཞིག་སྐྱེས་པས་དགའ་ནས་བྱིས་པ་ཞིག་དང་འདྲ་བར་རང་ཤག་ཏུ་ས་ལྡིང་གནམ་ལྡིང་བྱས།

ཁོས་བསམས་པར་ངས་སྔོན་ནས་བཤད་པ་ཡིན། འདྲ་པར་འདི་ངས་རྙེད་འགྲོ་བ་ལས་ཡིན་ན། ང་ཁོ་མོ་ལ་མཐའ་མཇུག་འཕྲད་སྲིད་པའང་ལས་དབང་གི་བཀོད་སྒྲིག་ལོས་ཡིན། ཁོས་དེ་ལྟར་བསམ་བློ་གཏོང་དུས། མྱུར་གྱིས་ཁོ་མོའི་གནས་ཚུལ་གོ་ན་འདོད་ཅིང་མྱུར་གྱིས་ཁོ་མོ་ལ་ཐུག་ན་འདོད་དེ་ལུས་ཡོངས་ཚ་ཀྲབ་ཀྲབ་བྱས་ཏེ་དྲོད་ཀྱིས་བཟུང་།

དེའི་ཕྱིར། ཉིན་ཞིག ཀུན་བཟང་གིས་སྡེ་མི་ཞིག་གི་ས་ནས་འཕྲུལ་རྟ་ཞིག་གཡར་ནས་རྫོང་ཐོག་ཏུ་བརྒྱུགས། ཁོ་རང་ལམ་ལ་ཆས་ཁར། རྫ་ཆུ་བཞིན་ཐུར་དུ་འབྱོ་བའི་ཆར་བ་རི་ལུང་གི་གང་སར་བབས་ནས། རི་ངོས་དང་ལམ་གཞུང་དུ་འདམ་ཆུ་གཤར། ལམ་བར་གྱི་ཁུག་གཤོང་དག་ཏུ་འདམ་ཆུ་འཁྱིལ། དེ་མིན་ཡོད་ཚད་འདམ་བག་གིས་བཀང་མོད། ཀུན་བཟང་གིས་དྲག་ཆར་དེའི་ནང་ནས་འཕྲུལ་རྟའི་སྣུམ་སྒོ་ཤེད་ཀྱིས་གཅུས་ཏེ་གྲོང་སྨད་ཀྱི་ལམ་ཁུག་ཅིག་ནས་བྱ་འཕུར་བ་ལྟར་ཡལ་སོང་། ཁོ་བརྒྱུགས་ཤུལ་ན་ཆུ་ཡི་ཟེགས་མ་ནམ་མཁར་གཡེང་ནས་ཐུར་དུ་ལྷུང་གིན་འདུག

རྫོང་ཐོག་ཏུ་སླེབས་དུས། འདམ་བག་གིས་འཕྲུལ་རྟ་དང་ཀུན་བཟང་གི་ལུས་ཡོངས་ཤན་ནས། བལྟས་སོང་ན་ད་སོ་མ་འདམ་བག་ལས་བླངས་པ་ལྟར་གྱུར་ཡོད་ནའང་། ཁོའི་སེམས་ཡོངས་སྤྲོ་བས་བཟུང་ནས་ཕྱི་དོར་ཙམ་ཡང་མ་བྱས་པར་ཐད་ཀར་སློབ་གསོ་ལས་ཁུངས་ལ་བརྒྱུགས།

ཀུན་བཟང་བརྒྱུགས་ཏེ་རྫོང་སློབ་གསོ་ལས་ཁུངས་ཀྱི་ཁང་མདུན་དུ་ཐོན་དུས། ཁོའི་སེམས་པ་སྤྲོ་བས་ཀྱང་བཟུང་བྱུང་ལ། སྤྲོ་བའི་རྒྱབ་ནས་སེམས་ཁུར་གྱིས་ཀྱང་བཟུང་བྱུང་། དེ་ལྟར་དགའ་སྤྲོ་དང་སེམས་ཁུར་མཉམ་གྱིས་སྐྱེས་དུས་སེམས་སུ་སྨྲ་མི་ཤེས་པའི་འཚུབ་ཆ་ཞིག་འཁོར་ནས་རང་དབང་མེད་པར་དབུགས་རིང་ཞིག་ཤོར། མཐའ་མཇུག་ཁོས་སྤོབས་པར་ཆེར་བསྐྱེད་དེ་བྲང་ཁར་སྨད་པའི་མགོ་བོ་གྱེན་དུ་བཀྱགས་ཤིང་ཐོད་པར་བརྡོལ་བའི་རྔུལ་ཆུ་ལག་རྒྱབ་ཀྱིས་ཕྱིས་ཏེ་རྫོང་སློབ་གསོ་ལས་ཁུངས་སུ་འཛུལ།

ཀུན་བཟང་གིས་ངང་རྒྱུད་རིང་བོས་སྒོ་རེ་རེ་བཞིན་བརྡུངས་ཤིང་མི་རེ་རེ་བཞིན་ལ་སྐད་ཆ་གསལ་བོ་བྱས་ཏེ་དྲིས། ཡིན་ནའང་། ལས་མི་ལ་ལ་ཀུན་བཟང་གི་སྤྱོད་ཚུལ་འདི་ལ་ཁོང་དགོད་ཤོར། མི་བཙལ་དགོས་ན་ཉེན་རྟོག་ཁང་དུ་མི་འགྲོ་བར་སློབ་གསོ་ལས་ཁུངས་ལ་ཡོང་ནས་གོ་ཅི་ཆོད་འདོད་ཅིང་། དེའི་ཕྱིར་ན། ལས་མི་འགའ་རེས་བསམ་པ་བཟང་བོས་རྫོང་ཉེན་རྟོག་ཁང་དུ་སོང་ཞེས་བཤད་ཀྱང་། ཀུན་བཟང་གིས་ཕྱིར་འཁོར་ནས་ཁོ་མོ་ནི་དགེ་རྒན་ཞིག་ཡིན་པའི་རྒྱུ་མཚན་གྱིས་རྫོང་སློབ་གསོ་ལས་ཁུངས་ལ་མི་འདྲི་བར་ཉེན་རྟོག་ལས་ཁུངས་ལ་དྲིས་ནས་ཅི་ཕན་ཞེས་བཤད་པས། ད་ལྟ་བསམ་པ་བཟང་བོ་འཆང་མཁན་གྱི་ལས་མི་ཚོའི་ངོ་ཡང་ནག་རོག་གེར་སོང་ནས་ཁོ་ལ་གཏམ་ལན་ཅིའང་མ་བྱིན་པར་ཁོ་དང་ཁ་བྲལ།

ད་ནི་ཁང་པ་གཅིག་ལས་ལྷག་མེད། ཀུན་བཟང་ལ་རེ་བ་ཟད་ཅིང་ཡི་ཆད་སྐྱེས་ཏེ་ཅི་བྱེད་འདི་བྱེད་མེད་པར་གྱུར། ཁོས་ལག་ངོ་གཉིས་ཀྱིས་གདོང་ཡོངས་ཐེངས་གཅིག་ཕུར་ཞིང་ཡང་བསྐྱར་དབུགས་རིང་ཞིག་བཏང་ནས་ཁང་པ་དེའི་སྒོ་བརྡུངས། ཁོས་ཁང་སྒོར་ལག་པས་ཁྲོག་ཁྲོག་ཏུ་རྡུང་དུས། སྙིང་དམར་བོར་དེ་དང་མཚུངས་བའི་སྟུག་སྒྲ་ཐོན་ཞིང་། སྐད་ཅིག་ཙམ་གྱི་རིང་ལ་སྟུག་སྒྲ་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་བས། ཁོའི་སྣང་ངོ་ལ། ཁང་སྒོ་བརྡུངས་བའི་སྒྲ་དེ་ཁོ་དང་ཐག་རིང་ནས་ཐག་རིང་དུ་གྱེས་ཤིང་། ལན་རེར་སྒོ་བརྡུངས་བའི་སྒྲ་དེ་སྙིང་གི་འཕར་སྒྲ་ཡིས་བཀབ་ནས་བོང་བོང་དུ་མི་ཐོས་པར་གྱུར།

དུས་ཚེ་ན། ཁང་སྒོ་ཁྲོག་གེར་ཕྱེས་བྱུང་བས་ཀུན་བཟང་གིས་རྣམ་རིག་ཡོད་ཚད་ཤེད་ཀྱིས་ཚུར་བསྡུ་ཐབས་བྱས། ཁོས་མི་དེར་འཚམས་འདྲི་ཡང་ཞུ་རྒྱུ་བརྗེད་ཅིང་ཐད་ཀར་འདྲ་པར་དེ་བསྟན་ནས་སྐད་ཆ་དྲིས། མི་དེས་འདྲ་པར་དེ་ལག་ཏུ་བླངས་ནས་ཡུད་ཙམ་བལྟས་ཤིང་བསམ་བློ་བཏང་། བལྟས་ཚོད་ལ་མི་དེས་འདྲ་པར་ནང་གི་བུ་མོ་དེ་ངོ་ཤེས་པའི་སྣང་ཚུལ་ཞིག་མངོན་པས། ཀུན་བཟང་གིས་མིག་གཉིས་ཆེར་བསྒྲད་དེ་མི་དེའི་གདོང་ལ་ཅེར་བས། མི་དེས་བྲེལ་བ་མེད་པའི་མིག་མདངས་ཤིག་བསྟན་ནས་སྐད་ཆ་བཤད་འགོ་བརྩམས།

ཀུན་བཟང་གི་སེམས་སུ་ད་འགྲིག་སོང་། ངས་མགྱོགས་པར་ཁོ་མོ་གང་དུ་ཡོད་གོ་རྒྱུ་རེད་འདོད་དེ་ཁོག་པར་བཀག་པའི་དབུགས་རིང་དེ་དལ་གྱིས་ཕྱི་རུ་བཏང་། ཁོས་གདོང་མདོག་ལ་རེ་བའི་སྣུམ་འོད་ཅིག་ཐོན་ནས་མི་དེའི་སྐད་ཆ་ལ་ཉན། ཕར་བལྟས་ན། ཀུན་བཟང་ངོ་མ་དགའ་བཞིན་འདུག་སྟེ། འགྲམ་ཟུར་ནས་ལྐོག་ཏུ་ཡིབ་པའི་འཛུམ་མདངས་ཤིག་རང་དབང་མེད་པར་ཕྱི་ལ་ཤོར་གྱིན་འདུག

དུས་དེར། ལས་མི་དེས་བཤད་རྒྱུར། ངོ་མི་ཤེས་འུ། ངོ་མི་ཤེས་འུ་ཞེས་བཤད་པས། ཀུན་བཟང་གི་འཛུམ་གྱིས་བཟུང་བའི་གདོང་ཡོངས་མྱུར་གྱིས་ནག་རོག་གེར་གྱུར། ཁོས་ལས་མི་དེས་རྫུན་བཤད་ཀྱིན་པར་འདོད་དེ། ཡང་བསྐྱར་ཐེངས་གཅིག་དྲིས་ཀྱང་། ལས་མི་དེས་ངས་ངོ་མ་མི་ཤེས་འུ་ཞེས་ལན་བཏབ་པ་ན། ཀུན་བཟང་གིས་ཡང་ནས་ཡང་དུ་ཨུ་ཚུགས་ཀྱིས། དེས་ན་ཁྱོད་ཀྱིས་དེ་ལྟར་ཡུན་རིང་དུ་ལྟ་དགོས་དོན་ཅི་ཡིན་ཞེས་དྲིས། མི་དེས་ཅུང་ཙམ་མི་བདེ་བའི་ཚུལ་གྱིས་ངའི་མིག་དེ་འདྲ་བཟང་རྒྱུ་མེད། ཅ་ལག་གང་ལ་བལྟས་ཀྱང་འདི་ལྟར་གཟབ་ནན་གྱིས་མ་བལྟས་ན་མཐོང་མི་ཐུབ་ཅེས་བཤད་པས། ཀུན་བཟང་རྩ་བ་ནས་རེ་ཐག་ཆད་དེ་གྱེན་དུ་བཀྱག་པའི་མགོ་བོ་བྲང་ཁར་སྨད་ནས་ཁང་པ་དེའི་སྒོ་རྩར་བུད།

ཀུན་བཟང་གིས་དེ་ལྟར་སློབ་གསོ་ལས་ཁུངས་ཀྱི་ལས་མི་ཚང་མར་འདྲ་པར་དེ་བསྟན་ནས་སྐད་ཆ་དྲིས་ཀྱང་། སུ་གཅིག་གིས་ཀྱང་འདྲ་པར་ནང་གི་བུ་མོ་ལོ་ཆུང་དེ་ངོས་མ་ཟིན་པས། ཁོའི་རེ་བ་ཡོད་ཚད་ཡང་བསྐྱར་དེ་ལྟར་རྡུལ་དུ་གྱུར་བས་ཡི་མུག་པའི་སེམས་ཁམས་ལ་ངལ་གསོ་ཕྲན་ཙམ་ཡོང་བའི་ཆེད་དུ། ཁྱམས་བར་གྱི་རྐུབ་སྟེགས་ཤིག་གི་ཐོག་ནས་ངལ་གསོ་བྱས།

ཁོས་མགོ་བོ་སྒུར་བཞིན་མིག་གཉིས་རང་གི་འདམ་བག་གིས་ཤན་པའི་རྐང་པར་ཅེར། བལྟས་སོང་ན། ཁོ་མོ་ནི་རྒྱ་མཚོའི་ནང་དུ་ལྷུང་བའི་སྐུད་པ་བཞིན་ཁོས་རྙེད་མི་ཐུབ་ཁོ་ཐག་རེད། ལས་དབང་མེད་ན། ཀུན་བཟང་གིས་ཇི་ལྟར་ཨུ་ཚུགས་བྱས་ཀྱང་། མཐར་ཁོ་མོ་དང་འཕྲད་པའི་གོ་སྐབས་མེད་པ་ནི་དོན་དངོས་ཤིག་ཏུ་འགྱུར་ཤས་ཆེ།

ཁོས་རིམ་དུ་བཅུག་པའི་ཁོ་མོའི་འདྲ་པར་ཕྱིར་བླངས་ནས་བལྟས། ཁོ་མོའི་འཛུམ་མདངས་མངོན་པའི་གདོང་ལ། ཀུན་བཟང་གི་མིག་ཆུ་རྡོག་པོ་འགའ་འཕྲོ་ནས་འཕྲོར་ཐུར་དུ་ལྷུང་། མིག་ཆུ་དེ་དག་ཁོ་མོའི་གདོང་ལ་ལྷུང་ཞིང་གདོང་ནས་ཐུར་དུ་བཞུར་ཏེ་ཨར་འདམ་ཐོག་ཏུ་ཟག ཀུན་བཟང་གིས་མིག་ཆུ་རྡོག་པོ་དེ་དག་ལ་བསྟེན་ནས་མོ་ལ་དགོངས་དག་ཞུ་བཞིན་ཡོད་པ་དང་འདྲ་ལ། རང་གི་སོས་པ་མེད་པའི་རྨ་ཁ་ལ་སྨན་རྩི་སྐུད་བཞིན་མོ་དང་བར་ཐག་གིས་ཟིན་པའི་ལོ་ཟླ་དེ་ལ་རྒྱང་མིག་ལྟ་བཞིན་པ་དང་འདྲ།

གློ་བུར་དུ་མི་ཞིག་གིས། འདས་མོ་ཞིག་གི་འདྲ་པར་ལ་བལྟས་ནས་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་དྲིས་བྱུང་བས། ཁོས་འཚུབ་བེར་མགོ་བོ་བཀྱགས་ཏེ་བལྟས་པ་ན། མདུན་དུ་ཧ་ལམ་ལོ་བཞི་བཅུ་ལྷག་ལ་ཐོན་ཞིང་གདོང་ཡོངས་ཁ་སྤུས་བསྐོར་བའི་དར་མ་ཞིག་ལངས་འདུག་པ་མཐོང་། ཀུན་བཟང་གིས་མིག་གཉིས་ཆེར་བགྲད་དེ་མི་དེ་ལ་བལྟས་པ་ན། དར་མ་དེས་ཁོའི་མིག་མདངས་ཀྱི་མཚོན་དོན་ཤེས་པ་བཞིན། བུ་མོ་འདི་ལོ་ངོ་བཅུའི་ཡར་སྔོན་ནས་ཤི་ཟིན། ཁྱོད་ཀྱིས་འདྲ་པར་འདི་བཟུང་ནས་ཅི་ཞིག་བྱེད་རྩིས་ཡོད་ཅེས་བཤད།

སྐད་ཆ་དེ་ཐོས་པ་ན། ཀུན་བཟང་སྤོ་ལངས་ཤིང་ཡར་ལངས་ཏེ་དར་མ་དེའི་ཕྱོགས་སུ་ཁུ་ཚུར་གཡུག དར་མ་དེས་ཀུན་བཟང་གིས་གཡུགས་པའི་ཁུ་ཚུར་ལག་ནང་དུ་བསྡམས་ཤིང་ཕྱིར་ན་ཐག་ཆོད་པའི་ཁུ་ཚུར་ཞིག་གིས་ཡ་ལན་སྤྲད་པ་ན། ཁུ་ཚུར་དེ་ཏག་ཏག་ཀུན་བཟང་གི་རྣ་རྩར་ཕོག་ཅིང་ས་རུ་བསྒྱེལ། དར་མ་དེས་ཐང་དུ་འགྱེལ་བའི་ཀུན་བཟང་ལ་མཛུབ་གུ་འཛུགས་བཞིན། ཁྱོད་སྨྱོས་པ་རེད་དམ། ངས་ཁྱོད་ལ་ཅི་ཞིག་བྱས་པ་རེད་ཅེས་དྲིས། ཐང་དུ་འགྱེལ་བའི་ཀུན་བཟང་གིས་ངུ་ངག་འདོན་གྱིན་ཡར་ལངས་ནས། འདར་མ་འཁྱོལ་གྱིས་རེད། ང་སྨྱོས་པ་རེད། ང་སྨྱོས་པ་རེད། ང་ཁོ་མོའི་དོན་དུ་སྨྱོས་པ་རེད། ངས་ཁོ་མོ་བཙལ་བཙལ་ནས་འདིར་ཐོན་དུས། ཚང་མས་ཁོ་མོ་མ་མཐོང་ཟེར། ཁྱོད་ཀྱིས་ཁོ་མོ་ཤི་སོང་ཟེར། ཚང་མ་རྫུན་རེད། ཁྱོད་ཚོས་ཁོ་མོའི་གནས་ཚུལ་བཤད་མི་འདོད་ན་སྐྱུར་ཞོག་ཅེས་བཤད་དེ་ཡང་བསྐྱར་ཁུ་ཚུར་ཞིག་གཡུག་པ་ན། དར་མ་དེས་ཡང་བསྐྱར་ཁོ་ལ་ཁུ་ཚུར་ཞིག་གི་ཡ་ལན་སྤྲད་དེ་ཐང་དུ་བསྒྱེལ།

ཀུན་བཟང་གིས་ངུ་སྐད་བཏོན་པ་ཐོས་པ་ན། སློབ་གསོ་ལས་ཁུངས་ཀྱི་ལས་མི་ཡོད་ཚད་སྒོ་ནང་ནས་ཐོན་ཏེ་ཁོ་ལ་བསྐོར། དར་མ་དེས་ལུས་ཡོངས་འདམ་བག་གིས་ཤན་པའི་ཀུན་བཟང་ཐང་དུ་འགྱེལ་ནས་རེ་ཐག་ཆད་པའི་ངུ་སྐད་འདོན་གྱིན་པར་མཐོང་བས། སེམས་སུ་ཤ་ཚ་སྐྱེས་ཤིང་འགྲམ་དུ་སོང་ནས་ཡར་ལ་བསླངས། ལས་མི་ཚང་མས་རྟོགས་དཀའ་བའི་མིག་མདངས་ཤིག་གིས་ཁོར་བལྟས་པ་ན། ཀུན་བཟང་གིས་ཅི་ཞིག་ལ་བལྟ་རྒྱུ་འདུག མི་ངུས་པ་མཐོང་མ་མྱོང་ངམ་ཞེས་སྐད་གདངས་ཆེར་བཀྱགས་ཏེ་གཤེ་གཤེ་བྱས་པས། ལས་མི་ཚང་མས་མགོ་བོ་འཕྲེད་དུ་གཡུག་གིན། སྨྱོན་པ་རེད། སྨྱོན་པ་རེད་ཅེས་བཤད་དེ་རང་རང་སོ་སོའི་ལས་ཤག་ཏུ་སོང་བ་ན། དར་མ་དེས་ཀུན་བཟང་བསྐྱོར་ནས་ཁང་པའི་ཕྱི་ལ་བུད།

དར་མ་དེས་ཚིག་ཇ་ཧུབ་གང་འཐུངས་ནས།ལོ་ངོ་བཅུ་ཡི་ཡར་སྔོན་གྱི་མཚན་མོ་ཞིག་ལ་ཁོ་མོ་དུས་རྒྱུན་དང་འདྲ་བར་སྤྱོད་ཁང་ལ་སོང་། སློབ་གྲྭ་འདི་ཡང་སྔོན་ཆད་དང་འདྲ་བར་ལྷིང་འཇགས་ལས་འགྱུར་བ་ཅིའང་འབྱུང་གིན་མེད་པའམ།གལ་ཏེ་ཡོད་ཀྱང་སུ་གཅིག་གིས་ཤེས་ཀྱིན་མེད། ཁོ་མོ་གསར་དུ་ལས་ཀྱིན་པའི་སློབ་ཁྲིད་ཐོག་ཁང་གི་ར་བ་ནས་མདུན་དུ་འགྲོ་བཞིན་ལག་འཕྲིན་ངོས་ཀྱི་འཕྲིན་གསར་སྣ་ཚོགས་ལ་མཛུབ་གུས་བསྣུད།

སློབ་གྲྭའི་ར་བ་ནི་སྔོན་ཆད་དང་མི་འདྲ་བར། གང་སར་ས་དང་རྡོ་སྤུངས་ནས་ཉིན་དཀར་ཡང་འགྲོ་མི་བདེ་བ་ཞིག་ཏུ་བཏང་ཡོད་པས་ན། མཚན་མོར་ཐོན་ཚེ་དེ་ལས་སྨོས་མ་དགོས། ལྷག་པར་དུ་སྨི་གཉིས་ལྷག་ཟབ་པའི་རྩིག་རྨང་ཕྱོགས་སོ་སོར་ཡོད་ཅིང་། རྩིག་རྨང་གི་གཏིང་སར་ངར་ལྕགས་རིང་ཐུང་གིས་བཟོས་པའི་ཀ་བའི་སྙིང་ཤན་ཡར་ལ་གཟེང་ཡོད་། ཡིན་ནའང་། ཁོ་མོས་དམིགས་བསལ་གྱིས་དེ་ཚོ་ལ་ཉམས་འཇོག་མ་བྱས་པར། རང་གི་ཁ་པར་ལ་ལྟ་བཞིན་མདུན་དུ་སོང་། གློ་བུར་དུ། ཁོ་མོའི་རྐང་པ་རྡོ་ལོག་གམ་ས་འབུར་ཞིག་ལ་ཐོགས་ཏེ་ཐུར་དུ་འགྱེལ། རྒྱའི་གཏམ་དཔེ་ཞིག་ལ། མི་འདི་ཁ་ལས་རླུང་རྟ་རྒུད་དུས་ཆུ་འཐུང་བ་ཙམ་གྱིས་ཀྱང་ཕྱི་མར་གཏོང་ཐུབ་བཤད་པ་ནང་བཞིན། ཁོ་མོ་ལྷུང་ཐེངས་གཅིག་གིས་རྩིག་རྨང་ནང་ནས་ཡར་ལ་གཟེང་བའི་ངར་ལྕགས་ཐོག་ཏུ་ལྷུང་སྟེ་ལུས་པོ་དེ་མ་ཁད་གང་སར་ངར་ལྕགས་ཀྱིས་བརྟོལ།

ཁོ་མོ་དེ་ལྟར་དབུགས་ཐེངས་གཅིག་གིས་ཤི་སོང་། ཁོ་མོས་ཐ་ན་ཅི་བྱུང་ཡང་མ་གོ་བར་ མི་ཚེ་འདིའི་མཐའ་མཇུག་གི་སྐར་ཆ་དུམ་བུ་དག་བློང་བློང་གི་ཚོར་བའི་ཁྲོད་ནས་རྫོགས་དགོས་ཐུག་ཅེས་བཤད།

བདེན་ཐག་ཆོད་པའི་སྐད་ཆ་དེ་ཐོས་པ་ན། ཀུན་བཟང་གི་དབང་བོ་ཡོད་ཚད་ལ་རང་གི་སྒེར་དུ་དབང་བའི་ནུས་པ་མེད་པར་གྱུར་ནས་ཐམས་ཅད་སྐུད་པ་ཆད་པའི་བརྙན་འཕྲིན་བཞིན་བོང་བོང་དུ་གྱུར། མདུན་ན་སྡོད་པའི་དར་མ་དེའི་གཟུགས་བརྙན་རབ་རུབ་ལས་མིག་ལམ་དུ་གསལ་བོར་མ་ཤར་ཞིང་། ཁོས་བཤད་པའི་སྐད་ཆ་ཡང་རྒྱང་རིང་ནས་རྒྱང་རིང་ཞིག་ཏུ་གྲག་གིན་པའི་ཚོར་བ་བྱུང་། ཀུན་བཟང་གི་འཇིག་རྟེན་ལ་སུས་ཀྱང་ཐེག་དཀའ་བའི་བརྩེ་དུང་གི་བརྡབ་གསིག་ཅིག་དེ་ལྟར་གློ་རྒྱག་ཏུ་རྒྱ་མཚོ་ཁ་ལུད་པ་བཞིན་དྲག་ཏུ་འཕྱུར་ནས་ཐོན་པས། ཁོ་ནི་སྨྱོན་པ་ནང་བཞིན་དབང་རྩ་མི་དྭངས་བར་གྱུར་ལ། ནད་པ་ནང་བཞིན་དབང་རྩའི་ཚོར་བ་ཇེ་ཞན་ནས་ཇེ་ཞན་དུ་གྱུར།

དེའི་ཕྱིར།ཁོས་ཉིན་སྒུག་མཚན་སྒུག་དང་ཉིན་བཙལ་མཚན་བཙལ་བྱས་པའི་སྙིང་གི་བུ་མོ་དེ་ཤི་ནས་ལོ་བཅུ་ལྷག་འགོར་ཟིན་པའི་དོན་དངོས་དེ་ཁས་མི་ལེན་ཐབས་མེད་ལ་ཐོན་དུས། ཀུན་བཟང་གི་རེ་ལྟོས་ཡོད་ཚད་ལ་མེ་མདའ་བརྒྱབ་པ་ནང་བཞིན་འཚོ་བ་ལ་རེ་ཐག་ཆད་ཅིང་། ཁོ་མོ་དང་ལྷན་དུ་བཞེངས་བའི་བརྩེ་དུང་གི་ཞིང་ཁམས་དེ་སྙིང་རྗེ་མེད་པར་འཇིག་འགོ་བརྩམས།

ཁོ་མོ་ཤི་ཟིན་ན། ཀུན་བཟང་གིས་ཁོ་མོ་ལ་ནམ་ཡང་འཕྲད་མི་སྲིད་པའི་དོན་དངོས་གདུག་རྩུབ་ཅན་འདི་ཁས་མི་ལེན་ཐབས་མེད་ཡིན་ལ། ཀུན་བཟང་གིས་ཇི་ལྟར་ཁོ་མོ་ལ་དགའ་བའི་ཨུ་ཚུགས་ཀྱི་རྒྱང་འབོད་བྱས་ཀྱང་། ཁོ་མོས་ཐ་ན་སྒྲ་ཙམ་ཡང་ཐོས་ཐབས་མེད་ཅིང་། གལ་ཏེ་ཐོས་པའི་དབང་དུ་བཏང་ནའང་། དེ་ནི་ཐུག་ཐབས་བྲལ་བའི་སྟོང་ཁམས་ཆེན་པོ་འདིའི་སྟོང་སངས་ཀྱི་འཇིག་རྟེན་གཞན་ཞིག་ཡིན་སྲིད།

ཀུན་བཟང་གིས་བསྲན་མ་ཐུབ་པར་མིག་ཆུ་འཐོར། ཁོའི་ཁ་ཤ་ལྷབ་ལྷུབ་ཏུ་འགུལ་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར། ཁོས་ལག་པ་གཉིས་ཀྱིས་མགོ་བོ་སྐྱོར་བའམ། ལག་པ་གཉིས་ཀྱིས་ཅོ་ཏོ་ཤེད་ཀྱིས་འཐེན་ཞིང་མགོ་བོས་ཅོག་ཙེ་ལ་ཤེད་ཀྱིས་ཡང་ཡང་བརྒྱབ་པ་ན། དར་མ་དེས་ཀུན་བཟང་གི་ལག་པར་བཟུང་ནས། དེ་ལྟར་མ་བྱེད། འདི་ཡོད་ཚད་ལས་དབང་རེད། ཁྱོད་ཀྱིས་ངེས་པར་དུ་དང་ལེན་བྱེད་ཐུབ་དགོས་ཞེས་བཤད། ཀུན་བཟང་གིས་གནས་སྐབས་འདིར་སེམས་གསོ་ཅིའང་ཉན་འདོད་མེད་ལ། སློབ་གསོ་གང་ལའང་བློ་སེམས་གཏད་མ་ཐུབ་པས། ཀུན་བཟང་གིས་མགོ་བོ་ཅོག་ཙེ་ཐོག་ལ་བཞག་ནས་སྐད་གསང་ཆེན་པོས་ངུ་ངག་བཏོན།

ཀུན་བཟང་གིས་འཕྲུལ་རྟའི་སྣུམ་སྒོ་ཤེད་ཀྱིས་གཅུས་ཏེ་གུག་འཁྱོག་གིས་ཕར་ཚུར་བརྐྱངས་བའི་གཞུང་ལམ་ཐོག་ནས་སྨྱོས་པ་ལྟར་བརྒྱུགས། ཁོ་ལན་རེར་ཤེད་ཤུགས་ཡོད་དགུས་ངུས་ཤིང་། ལན་རེར་སྐད་གདངས་མཐོར་བཀྱགས་ཏེ་ཀི་འབོད་བྱས། ཁོས་རང་ཉིད་ཤི་སོང་ན་ཅི་མ་རུང་སྙམ་གྱིན་སྨྱོ་རྒྱུག་བྱས།

ཚེ་རིང་སྐྱིད། ཚེ་རིང་སྐྱིད། ཁྱོད་འདི་ལྟར་ཤི་དགོས་པ་ཅིའི་ཕྱིར་རེད། གལ་ཏེ་ངའི་ཚེ་སྲོག་གིས་ཁྱོད་ཀྱི་རྣམ་ཤེས་བརྗེས་ཆོག་ན་ཅི་མ་རུང་། གལ་ཏེ་ཁྱོད་མ་ཤི་བའི་སྔུན་ནས་འུ་གཉིས་འཕྲད་ཡོད་ན་ཅི་མ་རུང་། གལ་ཏེ། ངེད་གཉིས་མི་ཚོགས་ཀྱི་ཁྲོད་ནས་མཐའ་མཇུག་འབྲལ་དགོས་བྱུང་ཡང་ཐེངས་གཅིག་ལ་ངོ་འཕྲད་པའི་སྐལ་བ་ཞིག་ཡོད་ན་ཅི་མ་རུང་། འོན་ཀྱང་། ད་ལྟ་ཡོད་ཚད་གཞན་ཞིག་ཏུ་གྱུར་སོང་། ངའི་ལྷ་མོ་མི་ཡུལ་ནས་སོང་ཟིན། ངའི་ཁྱིམ་གཞིས་མི་ཡུལ་ནས་འཇིག་ཟིན་ཞེས་ངུ་འབོད་བྱས།།

གསུམ།

འཇིག་རྟེན་མི་ཡུལ་གྱི་བརྩེ་བས་བྱིན་པའི་བདེ་སྐྱིད་ནི་ཆེས་བརྗེད་དུ་བྲལ་བའི་བདེ་སྐྱིད་དེ་ཡིན་ན། འཇིག་རྟེན་མི་ཡུལ་གྱི་བརྩེ་བས་བྱིན་པའི་སྡུག་བསྔལ་ཡང་ཆེས་སེམས་ལ་ཟུག་པའི་མནར་གཅོད་དེ་ཡིན་ངེས། བརྩེ་དུང་ཟེར་བའི་ཚོར་བ་རྐྱང་རྐྱང་གིས་བཙལ་རྙེད་ཐུབ་པའི་ཡི་གའི་ལོངས་སྤྱོད་དམ་མནར་གཅོད་འདིས། མི་ཡུལ་གྱི་ཕོ་མོ་མང་པོ་ཞིག་འཇིག་རྟེན་གཅིག་ནས་མཉམ་པོར་ཞིང་ཁམས་དང་དམྱལ་བ་མྱོང་དུ་བཅུག

བཤད་མ་དགོས་ཏེ་ཀུན་བཟང་ནི་མི་ཡུལ་ནས་གསོན་གསོན་དུ་དམྱལ་བ་མྱོང་མཁན་དེ་ཅིས་མ་ཡིན། རྫོང་ཐོག་ཏུ་ཕྱིན་ཏེ་ཕྱིར་ལོག་པ་ནས་བཟུང་། ཀུན་བཟང་ནི་རྣམ་ཤེས་མེད་པའི་བེམ་པོ་སྟོང་བ་བཞིན་ལན་རེར་ཅི་ཡིན་འདི་ཡིན་མེད་པར་ཉིན་རྒྱུན་བློང་བློང་པོར་སྡོད། ལན་རེར་ཆང་རག་འཐུངས་ནས་སྡེ་བ་འདིའི་གང་སར་ཕྱིན་ཞིང་གང་སར་འགྱེལ་ནས་ཡོད། ད་ལྟ་ཁོའི་ལུས་སྟེང་ནས་དགེ་རྒན་ཕར་ཞོག སྨྱོན་པ་ཞིག་གིས་རང་གཤིས་བཙལ་དགོས་ནའང་ཤིན་ཏུ་དཀའ་ཁག་ལྡན། གལ་ཏེ་འཇིག་རྟེན་འདིར། སྨྱོན་པ་ལས་ཀྱང་དབང་རྩའི་གོ་རིམ་འཆུག་པའི་མི་ཞིག་ཡོད་ན་དེ་ནི་ཀུན་བཟང་ཡིན་པ་ཐག་གིས་ཆོད།

དེ་ལྟར་སྟོན་ཁ་ཕར་སོང་ནས་དགུན་ཁ་ཚུར་ཐོན་དུས། ཀུན་བཟང་སྔར་བཞིན་ཐར་ཐབས་མེད་པའི་སེམས་སྡུག་གིས་འགྲོ་ས་འདུག་ས་མེད་པར་ཁ་ལོ་བསྒྱུར་ནས་ཡོད། ཁོའི་ཁང་བའི་ནང་དུ་སོང་ན། གང་སར་གཡུག་པའི་ཆང་དེམ་དང་དུ་མགོ་ཡིས་པང་གཅལ་བཀང་ཞིང་། ཡིག་གཟུགས་ཆེ་ཆུང་གིས་ཚེ་རིང་སྐྱིད་དང་ང་ཁྱོད་ལ་དགའ། ངེད་གཉིས་ནམ་ཡང་ཁ་མི་འབྲལ་ཞེས་པའི་ཚིག་དུམ་དེ་ཚོ་གྱང་ངོས་ཀྱི་གང་སར་བྲིས་ཤིང་། ཁོས་སློབ་ཁྲིད་ཐོག་ཁང་ནས་རྙེད་པའི་ཁོ་མོའི་འདྲ་པར་དེ་ཐེངས་མང་པོར་པར་ནས་གྱང་ངོས་ཀྱི་གང་སར་སྦྱར། ད་རུང་ཁྱིམ་གྱི་ཅ་ལག་སྟེ། ཚེ་རིང་སྐྱིད་དང་ཁོ་གཉིས་ལ་རེ་རེ་བཞིན། མགོ་སྔས་གཉིས་དང་ངོ་སྣུམ་གཉིས། ད་རུང་སོ་འཁྲུད་གཉིས་དང་འཁྲུད་ཕོར་གཉིས། དེ་མིན་ཞྭ་མོ་སོགས་ཉོས་ཡོད་པས་མི་ཚད། དེ་ཚོ་རེ་རེ་ཡི་ཟུར་དུ་ཁོ་མོའི་འདྲ་པར་རེ་བསླངས་ཏེ་བཞག་ཡོད།

ད་ལྟའི་ཁོ་ལ་ཁོང་ཁྲོ་ལང་རྒྱུ་མེད་ལ། དགའ་སྤྲོ་ཡང་སྐྱེ་རྒྱུ་མེད། ནམ་རྒྱུན་གཅིག་པུ་ཁང་བར་བཙུད་དེ་དུ་བ་རྔམ་འཐེན་ནམ་ཆང་རྔམ་འཐུང་བྱེད་པ་ལས། ཚེ་རིང་སྐྱིད་རྐྱེན་ལམ་དུ་ཤོར་སའམ་སྤྱོད་ཁང་ཕྱོགས་སུ་བཅར་བའི་སློབ་ཁྲིད་ཐོག་གི་སྐས་ཐོག་ནས་བསམ་གཞིག་ལ་ཚུད་ཅིང་། ལན་རེར་ཚེ་རིང་སྐྱིད་འདྲེ་ལ་གྱུར་རུང་རང་དང་ཉེ་བར་བཅར་ན་སྙམ་པས་མི་ཚད། སྐབས་ལན་རེར་ཚེ་རིང་སྐྱིད་རྐྱེན་ལམ་དུ་ཤོར་སའི་སྐས་ཟུར་དུ་བསྡད་དེ་སུས་ཀྱང་མི་གོ་ཞིང་རང་གིས་ཀྱང་གོ་བ་ལེན་དཀའ་བའི་ཁ་བརྡ་སྣ་ཚོགས་བྱེད་ལ། ཁོ་གང་དུ་སོང་ནའང་ལག་ན་ཁོ་མོའི་འདྲ་པར་དེ་བཟུང་ཡོད་པ་རྒྱུན་དུ་མཐོང་ཐུབ།

ཁོས་འདྲ་པར་དེ་ལ་ཁ་བརྡ་བྱེད་ཅིང་། འདྲ་པར་དེ་དང་མཉམ་དུ་ཉལ། ཁོས་ཟ་མ་ཟ་དུས་འདྲ་པར་ལ་སྐད་ཆ་བཤད་ཞོར་དགོད་སྒྲ་གཏོང་། ཁོ་མལ་དུ་ཉལ་དུས་འདྲ་པར་དེ་མགོ་སྔས་ཐོག་ཏུ་བཞག་སྟེ་འོ་སྐྱེལ་ཞིང་འདྲ་པར་ནང་གི་ཚེ་རིང་སྐྱིད་ཀྱི་ངོ་གདོང་ལ་བྱིལ་བྱིལ་བྱེད།

དགོད་འོང་བའམ་སྐྱོ་ཡུས་ཀྱི་གནས་ཚུལ་འདི་དག་ཚང་མའི་མིག་ལམ་དུ་བརྒྱུད་པ་ན། ཚང་མས་ཀུན་བཟང་ཤི་ཟིན་པའི་བུ་མོ་ཞིག་གི་དོན་དུ་སྨྱོས་པ་རེད་ཅེས་བཤད་དེ་འཕྱ་སྨོད་བཏང་། ཀུན་གྱིས་ཀུན་བཟང་གིས་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་སྐས་ཟུར་ནས་འདྲེ་མོ་ཞིག་དང་ལུས་འབྲེལ་འཇོག་གིན་འདུག་ཅེས་ཟུར་ཟ་བྱས། ཡིན་ནའང་། ཀུན་བཟང་གིས་དེ་ཚོར་ཁ་ཡ་མ་བྱས། ཁོ་ཚོས་གཞོན་ནུ་ལོ་ཆུང་དེས་ཚེ་རིང་སྐྱིད་ལ་གཏད་པའི་སེམས་པ་དེ་ཤེས་མི་སྲིད་ལ། ཁོ་ཚོས་གཞོན་ནུ་ལོ་ཆུང་དེས་ཤི་ཟིན་པའི་འདས་མོ་ཞིག་གི་ཆེད་དུ་རང་ཉིད་སྨྱོན་པ་ལྟར་བསྒྱུར་ནས་གཞན་དག་གི་འཕྱ་ཡུལ་དུ་གྱུར་བའི་རྒྱུ་རྐྱེན་དེ་གཏན་ནས་ཤེས་མི་སྲིད།

ཉིན་ཞིག ཀུན་བཟང་ཡོད་སར་བུད་མེད་ལྐུགས་པ་ཞིག་དང་ཨ་ཕྱི་གཟུགས་ཆུང་ཆུང་ཅན་གཉིས་ཐོན། བུད་མེད་ལྐུགས་པ་དེས་ཀུན་བཟང་མཐོང་མ་ཁད། མིག་ཆུ་ཤོར་ཞིང་ངུ་ངག་བཏོན་ནས་ཁོའི་ལུས་པོར་འབྱར། གློ་བུར་གྱི་བྱ་སྤྱོད་འདི་ལ་ཀུན་བཟང་གིས་ཅི་ཞིག་བྱེད་དགོས་པ་མི་གོ་བར་གྱུར། ཁོས་བུད་མེད་ལྐུགས་པ་དེ་དང་ཨ་ཕྱི་དེ་གཉིས་ངོ་གཏན་ནས་མ་ཤེས། བུད་མེད་ལྐུགས་པ་དེ་དང་བསྡུར་ན། ཨ་ཕྱི་གཟུགས་ཆུང་དེ་ཡི་བྱ་སྤྱོད་ལ་བབ་བརླིང་གིས་གང་། ཨ་ཕྱི་དེས་ཀུན་བཟང་གི་ལག་པར་འབྱར་ནས་ངུ་བཞིན་པའི་བུད་མེད་ལྐུགས་པ་དེ་ཕྱིར་འཐེན་ཞིང་མོ་ལ་ལག་བརྡ་འགའ་བརྒྱབ། ནང་དོན་ནི། ཁྱོད་ཀྱིས་དེ་ལྟར་མ་བྱེད། བྱིས་པ་འདི་སྐྲག་གིན་འདུག་ཅེས་པའི་དོན་ཡིན།

བུད་མེད་ལྐུགས་པ་དེས་ཀུན་བཟང་གི་ལག་པ་བཏང་བ་ན། ཀུན་བཟང་གིས་ད་གཟོད་རྣམ་རིག་བསྒྲིམས་ནས་ཁྱོད་གཉིས་སུ་ཡིན། འདིར་འོང་དོན་ཅི་ཡིན་ཞེས་དྲིས། ཨ་ཕྱི་གཟུགས་ཆུང་དེས། ང་འདས་མོ་ཚེ་རིང་སྐྱིད་ཀྱི་ཨ་ཕྱི་ཡིན། ཁོ་མོ་འདས་མོ་ཚེ་རིང་སྐྱིད་ཀྱི་ཨ་མ་རེད་ཅེས་ངོ་སྤྲད་བྱས་པ་ན། ཀུན་བཟང་ཡུད་ཙམ་ཧད་དེ་ཅིའང་མ་བཤད། དོན་དངོས་ཚེ་རིང་སྐྱིད་ཀྱི་མིང་ཚོར་བས་ཁོ་ཧད་དུ་བཅུག་པ་ཡིན་ནམ། ཚེ་རིང་སྐྱིད་ཀྱི་ཁྱིམ་མི་ཁོ་བཙལ་བར་འོང་བའི་རྒྱུ་མཚན་གྱིས་ཁོ་ཧད་དུ་བཅུག་པ་ཡིན། གང་ལྟར། ཀུན་བཟང་གིས་སྐད་ཆ་ཅིའང་མ་བཤད། ཁོས་ཤིན་ཏུ་རྟོགས་དཀའ་བའི་མིག་མདངས་ཤིག་གིས་ཁོ་གཉིས་ཅི་ཞིག་བྱེད་དུ་ཡོང་བར་ངང་སྒུག་བྱས།

ཨ་ཕྱི་གཟུགས་ཆུང་དེས་བཤད་རྒྱུར། གཅེས་ཕྲུག ངས་དོན་དག་ཡོད་ཚད་གོ་སོང་། མི་ཚང་མས་ཁྱོད་ངེད་ཚང་གི་བུ་མོའི་དོན་དུ་སྨྱོས་ཟིན་ཟེར། འདས་ཟིན་པའི་མི་རྣམས་ཀྱི་དོན་དུ་རང་ཉིད་སྨྱོན་པར་བསྒྱུར་ག་ལ་རུང་། ཁྱོད་དངོས་གནས་ཁོ་མོར་དགའ་ན། རང་གིས་རང་ལ་སྡུག་བསྔལ་སྣ་ཚོགས་མ་གཏད་རོགས། ཁོ་མོ་ཁྱོད་ཀྱིས་སེམས་ལ་འཛིན་ཆོག ཚེ་འདིར་འཇིག་རྟེན་གྱི་མི་ཡོད་ཚད་སྔ་རྗེས་བྱས་ཏེ་འཆི་དགོས་པ་ལྡོག་ཐབས་མེད་པའི་ལས་དབང་ཡིན་ཚེ། རང་གི་སེམས་ནས་འདས་པོ་དེ་དག་གསོན་དུ་འཇུག་པ་ལས་ཐབས་གཞན་མེད། འདི་ཡོད་ཚད་སྐྱེས་བ་སྔོན་གྱི་ལས་རེད། གལ་ཏེ་ནམ་ཞིག་ཁྱོད་གཉིས་ལ་ལས་དབང་འདི་ཡོད་ན། འགྲོ་བ་རིགས་དྲུག་གི་གནས་གང་ཞིག་ནས་འཕྲད་ཁོ་ཐག་ཡིན་པ་རེད་ཅེས་བཤད་ཞོར་ཚེ་རིང་སྐྱིད་ཀྱི་འདྲ་པར་བཅུག་པའི་པར་སྒམ་རྙིང་བ་ཞིག་ཁོའི་ལག་ཏུ་བཅུག

ཨ་ཕྱི་གཟུགས་ཆུང་དེའི་སྐད་ཆ་རེ་རེ་བཞིན་ཀུན་བཟང་གི་རྣ་ལམ་དུ་བརྒྱུད་དུས། ཀུན་བཟང་གིས་གཞི་ནས་བསྲན་མ་ཐུབ་པར་པུས་མོ་སར་བཙུགས་ཏེ་ངུ་སྐད་ཤོར། བུད་མེད་ལྐུགས་པ་དེས་ཀུན་བཟང་ངུས་པ་མཐོང་བ་ན། ཁོ་མོ་ཡང་ཀུན་བཟང་ལ་འཐམས་ཏེ་ངུས། རང་ལ་སྙིང་བརྩེ་བའི་མི་རྣམས་འདི་ལྟར་རང་དང་ཐག་རིང་ནས་ཐག་རིང་དུ་བགྲོད་དུས། ང་ཚོས་ནུས་པ་ནི་ངུ་ངག་འདོན་རྒྱུ་དང་ལས་དབང་ལ་སྐྱེས་བ་རྗེས་མ་ནས་རྗེས་མའི་ཉིན་ཞིག་སླར་ཡང་ཐུག་འཕྲད་ཡོང་བའི་རེ་བཅོལ་བྱེད་པ་ལས་ཐབས་ཅི་ཡོད།

ཀུན་བཟང་གི་ཁ་ཆུ་དང་སྣ་ཆུ། མིག་ཆུ་སོགས་མཉམ་དུ་འདྲེས་ཏེ་སྙིང་ཤ་ཁབ་ཀྱིས་གཙགས་པ་ལྟ་བུའི་ངུ་སྐད་བཏོན། ཁོས་ཚེ་རིང་སྐྱིད་ཀྱི་འདྲ་པར་གང་སར་སྦྱར་བ་དང་མིང་ཇི་ལྟར་གང་སར་བྲིས་ཀྱང་། ཁོ་མོ་དངོས་གནས་ཤི་ཟིན། ཁོ་མོ་ལོ་བཅུ་ཡི་ཡར་སྔོན་གྱི་མཚན་མོ་ཞིག་ལ་མི་ཡུལ་ལས་ཆས་ཏེ་གནས་གཞན་ཞིག་ཏུ་སོང་ཟིན། ཁོ་མོ་ཤི་ནས་མི་ལོ་བཅུ་ཙམ་འགོར་བས། མི་ཤུགས་ཆེ་བས་ཚེ་རིང་སྐྱིད་ཅེས་པའི་བུ་མོ་ཞིག་མི་ཡུལ་དུ་ཡོང་མྱོང་བའི་དྲན་པའང་མག་མགོ་ཏུ་གྱུར་ནས་བརྗེད་ཟིན།

ད་ལྟ་ཀུན་བཟང་དང་ཁོ་ཚོ་ཇི་ལྟར་ངུས་ཀྱང་ཁོ་མོ་ཕྱིར་འོང་ཐུབ་མེད་པ་ནི་དོན་དངོས་ནང་གི་དོན་དངོས་རེད། མི་ཡུལ་གྱི་དོན་དག་ཡོད་ཚད་ཧ་ལམ་དེ་དང་འདྲ་འདྲ་ཡིན་ཏེ། ལྷན་དུ་འགྲོ་ཐུབ་མེད་པའི་མི་མང་བོ་ཞིག་སེམས་ཀྱི་གཏིང་སར་བསྙལ་ནས་ཚེ་ཕྱི་མ་ནས་ཕྱི་མ་ཞིག་སླེབས་པར་མི་སྒུག་ཐབས་མེད་ཡིན།

ཨ་ཕྱི་གཟུགས་ཆུང་དེ་དང་བུད་མེད་ལྐུགས་པ་དེ་གཉིས་སོང་རྗེས། ཀུན་བཟང་གིས་དྲག་ཏུ་ལྡིང་གིན་པའི་སེམས་པ་ལྷོད་དུ་འབབ་པར་བསྒུགས་ཤིང་ཨ་ཕྱིས་བཞག་པའི་ཚེ་རིང་སྐྱིད་ཀྱི་པར་སྒམ་དེའི་ཁ་ཕྱེས་ཏེ་བལྟས། ཁོས་དཔེ་ཆ་ཞིག་ལ་ལྟ་བ་བཞིན་པར་སྒམ་རྙིང་བ་དེའི་ནང་དུ་བཅུག་པའི་འདྲ་པར་དག་ལ་ནན་ཏན་གྱིས་བལྟས།

ཁོས་པར་སྒམ་གྱི་སྡེབ་མ་རེ་རེ་བཞིན་བསྒྱུར་ནས་མཚམས་ཤིག་ལ་ཐོན་དུས། བློ་ཡུལ་ལས་འདས་པའི་འདྲ་པར་ཞིག་མཐོང་། ཁོ་ཡིད་མ་ཆེས་པར་ཡང་ནས་ཡང་དུ་བལྟས་ཀྱང་། འདྲ་པར་ནང་གི་བྱིས་པ་དེ་དངོས་གནས་ཁོ་རང་རེད། དེ་ལས་ཀྱང་ཡིད་ཆེས་དཀའ་བ་ནི། ཁོའི་ཕར་ཕྱོགས་ན་ཚེ་རིང་སྐྱིད་ལངས་ནས་ཡོད། ཁོས་མྱུར་གྱིས་སློབ་ཁྲིད་ཐོག་ཁང་ནས་རྙེད་པའི་ཁོ་མོའི་འདྲ་པར་ཚུར་བླངས་ནས་དེ་གཉིས་གཤིབ་བསྡུར་བྱས་པ་ན། འདྲ་པར་དེ་གཉིས་ནི་གནས་གཅིག་ནས་བླངས་པ་ཞིག་རེད།

ཁོས་ཡང་བསྐྱར་རང་ཉིད་ཡོད་སའི་འདྲ་པར་དེ་ལ་གཟབ་ནན་གྱིས་བལྟས། ཕར་བལྟས་ན། ཁོ་རང་རྒྱུག་གིན་ཡོད་པ་འདྲ་སྟེ། རྐང་པ་གཅིག་ས་ངོས་སུ་ཡོད་ཅིང་གཞན་དེ་ས་ངོས་དང་ཁ་བྲལ་ནས་ཕར་ལ་རྐྱོང་གིན་འདུག ཁོ་བརྒྱུགས་ནས་དགོད་ཀྱིན་ཚེ་རིང་སྐྱིད་ལ་བལྟས་འདུག དེ་ནས་ཁོས་ཚེ་རིང་སྐྱིད་ལ་བལྟས་པ་ན། ཚེ་རིང་སྐྱིད་ཀྱི་མིག་མདངས་དེ་ཏག་ཏག་ཁོའི་ཐོག་ཏུ་གཏད་འདུག་ཅིང་ངོ་གདོང་ལས་འཛུམ་མདངས་ཕྲན་བུ་ཞིག་མངོན།

འདྲ་པར་ནང་གི་སྣང་བརྙན་མཚར་བོ་དེ་ལ་བལྟས་ན། ཁོ་དང་ཚེ་རིང་སྐྱིད་གཉིས་ཕན་ཚུན་ངོ་ཤེས་པས་མི་ཚད། ཤིན་ཏུ་ཉེ་བའི་མི་གཉིས་ཡིན་པ་རྟོགས་ཀྱང་། ཀུན་བཟང་གིས་ཇི་ལྟར་ཕྱིར་དྲན་བྱས་ཀྱང་ཅིའང་དྲན་མ་ཐུབ། དེ་ནས་ཁོས་མུ་མཐུད་དུ་འདྲ་པར་གཞན་ཞིག་ལ་བལྟས་པ་ན། ཚེ་རིང་སྐྱིད་ཀྱིས་ཁོ་པང་དུ་བཟུང་ཞིང་འགྲམ་དུ་རང་གི་ཨ་མ་ལང་ཡོད་པ་མཐོང་། ཨ་མའི་འདྲ་པར་མཐོང་བ་ན། ཀུན་བཟང་གིས་རེ་བ་གང་ཞིག་རྙེད་སོང་བ་ལྟར་སྲོང་བཙན་སློབ་ཆེན་ན་དགེ་རྒན་བྱེད་ཀྱིན་པའི་རང་གི་ཨ་མ་ལ་མྱུར་གྱིས་ཁ་པར་བཏང་།

ཨ་མས་ཁོ་ལ་གནས་ཚུལ་ཡོད་ཚད་བཤད་རྗེས། ཁོས་ད་གཟོད་འདས་ཟིན་པའི་ཕྱིར་དྲན་ཡོད་ཚད་ཆུ་མིག་བརྡོལ་བ་བཞིན་དྲན་ནས་བྱུང་།

ལོ་དེར་ཁོ་རང་ལོ་དྲུག་ལས་མིན་ཞིང་། ཚེ་རིང་སྐྱིད་ནི་ཁོའི་ཨ་མ་ཆེས་དགའ་སའི་སློབ་མ་ཞིག་ཡིན། ཁོ་མོ་རྒྱུན་དུ་ཨ་མའི་ཟུར་དུ་འོང་རྒྱུར་དགའ་ལ། རྒྱུན་དུ་ཁོ་རང་པང་དུ་བཟུང་ནས་རྩེད་མོ་རྩེ་བ་དང་ཁ་བརྡ་བཤད་པར་དགའ། ཁོས་ཀྱང་རྒྱུན་དུ་ཚེ་རིང་སྐྱིད་ལ་ཨ་ཅེ་མི་ཟེར་བར་རྒན་མོ་ཚེ་རིང་སྐྱིད་ཅེས་འབོད། ཉེ་འཁོར་གྱི་མི་རྣམས་ཀྱིས་སྣང་ཚུལ་འདི་མཐོང་བས། དུས་རྒྱུན་ཁོ་མོར་འཕྱ་དགོད་བྱེད་ཅིང་ཞེ་གནག་བྱེད།

དེ་བས་ཀྱང་གསལ་བོར་བཤད་ན། ཚེ་རིང་སྐྱིད་ནི་ཀུན་བཟང་གི་སྲོག་སྐྱོབ་པའི་དྲིན་ཆེན་ཡང་ཡིན། ཐེངས་ཤིག་ཚེ་རིང་སྐྱིད་ཀྱིས་ཀུན་བཟང་ཁྲིད་ནས་སློབ་གྲྭའི་ར་སྐོར་དུ་རྩེ་རུ་འགྲོ་དུས། ཀུན་བཟང་ཤིང་སྡོང་ཞིག་གི་མགོ་ལ་འགོས་ཏེ་ཐུར་དུ་མ་བབ་པས། ཚེ་རིང་སྐྱིད་ལ་བྲེལ་བ་ལངས་ནས་ཁོ་ལ་མར་འབབ་དགོས་པའི་སྐུལ་མ་བྱས་ཀྱང་། ཀུན་བཟང་གིས་ཚེ་རིང་སྐྱིད་ཀྱི་འཚུབ་ཆ་འཁོར་བའི་གདོང་མདོག་མཐོང་བ་ན་ཡག་སྣང་སྐྱེས་ཏེ་ཡར་ཡར་འགོས། ཁོ་ཡར་འགོས་ཏེ་མཚམས་ཤིག་ལ་ཐོན་དུས། གློ་བུར་དུ་རྐང་པ་བར་སྣང་ཁམས་ལ་སྤོས་པས་ཐུར་དུ་ལྷུང་། ཚེ་རིང་སྐྱིད་ཀྱིས་ཀུན་བཟང་ཐུར་དུ་ལྷུང་བྱུང་བར་མཐོང་བ་ན། དེ་མ་ཐག་ཏུ་ཐེ་ཚོམ་ཙམ་ཡང་མ་བྱས་པར་ལག་པ་ཕར་བརྐྱངས་ནས་ཀུན་བཟང་ལག་ཁུག་ལ་ལྷུང་དུ་བཅུག་པས། ཁོ་མོ་ས་ཐོག་བསྒྱེལ།

ཁོ་མོ་དྲན་པ་སོས་དུས་སྨན་ཁང་དུ་ཡོད་པ་གཞི་ནས་ཤེས། ཀུན་བཟང་ཤིང་མགོ་ནས་མར་ལྷུང་བས་ཁོ་མོས་ལག་ཁུག་ཏུ་བཟུང་བའི་རྐྱེན་གྱིས་ཀུན་བཟང་ལ་རྨས་སྐྱོན་ཅིའང་མ་བྱས་མོད། ཚེ་རིང་སྐྱིད་ཀྱི་ལག་གཡས་ལ་གས་ཆག་ཤོར་ནས་དབང་བོ་བརྒྱལ་ཞིང་སྨན་ཁང་དུ་ཁྱེར་བ་རེད། དོན་རྐྱེན་དེ་བྱུང་རྗེས། ཀུན་བཟང་ལྷག་ཏུ་ཚེ་རིང་སྐྱིད་ལ་དགའ་བར་གྱུར་ཅིང་། སློབ་གྲྭའི་ར་སྐོར་ནས་རྒྱུན་པར་ཚེ་རིང་སྐྱིད་འགྲོ་བཞིན་པ་མཐོང་ཚེ་ཧ་ལམ་ཁོ་མོ་དང་མཉམ་པོར་ཀུན་བཟང་ཡང་ཡོད་པ་མཐོང་ཐུབ།

ཁོ་རང་དུས་རྒྱུན་ཚེ་རིང་སྐྱིད་ཀྱི་ལག་པར་འཐམས་ནས། ང་རང་མི་ཆེན་དུ་གྱུར་དུས་ངས་ཁྱོད་རང་ངའི་རྒན་མོར་ལེན་རྒྱུ་ཡིན་ཞེས་སྨྲ་ལ། ཚེ་རིང་སྐྱིད་ཀྱང་དགོད་ཞོར་དུ། ཡ་ཡ། ངའི་མ་འོངས་པའི་རྒད་པོ་ཀུན་བཟང་ལགས། ད་ངེད་གཉིས་རྩེད་མོ་རྩེ་རུ་འགྲོ་ཨེ་རེད་ཅེས་བཤད། ཁོ་རང་མཚམས་དང་མཚམས་སུ་ཚེ་རིང་སྐྱིད་ཀྱི་རུམ་དུ་ཉལ་བར་སྤྲོ་ལ། ཁོའི་ཨ་མས་རྒྱུན་དུ་ཁོ་ལ། རྒན་མོ་ཡོད་ན་ཨ་མ་ཡང་དགོས་ཀྱིན་མི་འདུག་ཅེས་ཁ་མཚར་རྩེད།

འདྲ་པར་དེ་ལེན་དུས། ཚེ་རིང་སྐྱིད་མཐར་ཕྱིན་པར་ཞག་མ་བཅུ་ལྷག་ལས་མེད་པའི་ཉིན་ཞིག་ཡིན། ཁོས་མཆོད་རྟེན་འགྲམ་གྱི་ཚེ་རིང་སྐྱིད་ལ་ཞེ་གནག་གི་ཚུལ་དུ་ཕར་ཚུར་བརྒྱུགས་ནས་དགོད་བསླངས་བས། ཁོ་མོས་ཅི་ནུས་ཀྱིས་མཆུ་ཤ་སོ་ཡིས་མནན་ནས་དགོད་ཤོར་བར་བཟོད་བསྲན་བྱེད་ཀྱིན་པའི་འདྲ་པར་འདི་བླངས་བ་རེད།

ཁོ་མོ་མཐར་ཕྱིན་ནས་འགྲོ་ཁར། ཁོ་རང་ཚེ་རིང་སྐྱིད་ལ་འཐམས་ནས་ཡུན་རིང་ཞིག་ཏུ་ངུས། ཁོས་དྲན་པ་ནི། ཚེ་རིང་སྐྱིད་ཀྱང་ཁོ་དང་ཨ་མ་གཉིས་ལ་འཐམས་ནས་ཡུན་རིང་ཞིག་ལ་ངུས། ཁོ་མོ་སོང་རྗེས། ཁོ་སེམས་སྡུག་ནང་ལྷུང་ནས་ཉི་མ་མང་པོ་ཞིག་ལ་ཟས་ཆ་ཚང་ཞིག་ཀྱང་མ་བཟས། ལོ་དྲུག་ལས་མེད་པའི་ཀུན་བཟང་གིས་ཚེ་རིང་སྐྱིད་དངོས་གནས་རང་གི་རྒན་མོར་བརྩིས་ཡོད་པ་འདྲ་སྟེ། ཁོ་མོ་སོང་ཤུལ་ནས་དུས་རྒྱུན་ཁོ་མོ་དྲན་ཏེ་མིག་ཆུ་བཏོན་ཞིང་དུས་རྒྱུན་ཨ་མར་ཁོ་མོ་ཡོད་སར་འགྲོ་དགོས་པའི་རེ་བ་བཏོན་མོད། ཨ་མས་ཀྱང་ལན་རེར་ཁོ་ལ་འགྲོ་ཐུབ་མེད་པའི་རྒྱུ་མཚན་བཤད་ཅིང་ལན་རེར་ཁོམ་པ་ཡོད་ན་འགྲོ་བའི་རྫུན་བཤད་དེ་དོན་དག་དེར་གཡོལ་དུ་བཅུག

ཡིན་ནའང་། ཚེ་རིང་སྐྱིད་མཐར་ཕྱིན་ནས་ལོ་འགའ་འགོར་བ་དང་། ཁོ་ཡང་ལོ་བཅུ་ཁ་ལྷག་ལ་སོན་ནས་སློབ་ཆུང་འདོན་གྱིན་པའི་ཉིན་ཞིག་ཁྱིམ་དུ་ལོག་པ་ན། ཨ་མ་མལ་ཁྲིའི་ཐོག་ཏུ་ཉལ་ནས་ངུ་བཞིན་པ་མཐོང་། ཁོས་དོན་དག་ཅི་ཞིག་བྱུང་བ་མ་གོ་བར་ཨ་མ་ལ་དྲིས་པ་ན། ཨ་མས་ཁོ་མོའི་སློབ་མ་ཞིག་རྐྱེན་ལམ་དུ་ཤོར་ནས་ཤི་སོང་ཞེས་བཤད་ཞོར་ངུ་ངག་བཏོན། ཡིན་ནའང་། ཁོས་སློབ་མ་དེ་སུ་རེད་ཅེས་ཅིའང་མ་དྲིས་པར་ཨ་མའི་ངུ་ཁ་བླངས།

དོན་དག་ཡོད་ཚད་དེ་ལྟར་གློག་བརྙན་བཞིན་མིག་ལམ་དུ་མངོན་དུས། ཀུན་བཟང་གིས་མི་ཚེའི་ཁྲོད་ཀྱི་དཀའ་གནད་གང་ཞིག་ཤེས་སོང་བ་ལྟར། ལས་དབང་མེད་ན། མི་ཚེ་འདིར་ཁོ་གཉིས་འཕྲད་ཀྱང་མི་སྲིད་མོད། ད་ལྟ་བསམ་བློ་རེ་བཏང་ན། ཁོ་མོ་ལ་འཕྲད་ཙམ་བྱས་པ་དེས་མི་ཚེ་གཅིག་གི་དྲན་གདུང་ལྕི་མོ་རི་བོ་བཞིན་ཡིན་ཡང་ཁུར་ཐུབ་དགོས་ཤིང་། ཀུན་བཟང་གིས་མི་ཚེ་འདིར་བློས་གཏོང་དགོས་པ་ཡོད་ཚད་ཀྱིས་ཁོ་མོར་ཐེངས་གཅིག་འཕྲད་པའི་དུས་སྐལ་ཞིག་བརྗེས་པ་འདི་ནི་ལས་བཟང་གི་རྟགས་མཚན་ཞིག་ཡིན་པར་འདོད།

ཀུན་བཟང་གིས་མུ་མཐུད་དུ་དེ་ལྟར་སྡུག་བསྔལ་ནང་ནས་མི་ཚེ་རོལ་བ་ནི་ཁོ་མོ་ལ་དགའ་བའི་ཐབས་ཤེས་ཤིག་མ་རེད་འདོད་དེ་འཚོ་བ་གསར་བ་ཞིག་ལ་ལག་པས་འཇུ་འགོ་བརྩམས།

ཁོས་ཐང་དུ་གང་སར་གཡུག་པའི་དུ་མགོ་དང་ཆང་དེམ་ཕྱགས་ཏེ་ཁྱིམ་ལ་གཙང་སྦྲ་བྱས། ཁོས་རས་ཕྱགས་ཀྱིས་པང་གཅལ་བཀྲུས་ཤིང་དཀར་ཡོལ་ཕར་ལ་དེད་པ་ན། དྲོ་ཞིང་གསལ་བའི་ཉི་འོད་སྒེའུ་ཁུང་བརྒྱུད་དེ་ཁྱིམ་ལ་འཕྲོས། དེ་ནས་ཁོས་ཆུ་ཡིས་ངོ་གདོང་བཀྲུས་ཤིང་གྱང་ལ་བཀལ་བའི་ཤེལ་སྒོའི་ནང་དུ་བལྟས་པ་ན། ཁོ་རང་ཉིད་ཀྱི་རྣམ་པ་འདི་ལ་ཧ་མི་ལས་ཀ་མེད་བྱུང་། ཁོའི་གདོང་ཡོངས་ལོ་གཅིག་གི་ཡར་སྔོན་ལ་རྫོང་སློབ་གསོ་ལས་ཁུངས་ནས་འཕྲད་པའི་དར་མ་དེ་དང་འདྲ་བར་ཁ་སྤུས་བསྐོར་ཞིང་མིག་རྡོ་ནང་དུ་རྡིབ། གདོང་གི་ཤ་མདོག་སྔོན་པོར་གྱུར་ཅིང་ཤ་ཟད་དེ་རུད་པར་ཐུག

ཁོས་ཁ་སྤུ་བཞར་ཞིང་གདོང་ལ་ངོ་སྣུམ་ཞིག་བསྐུད་པ་ན། ད་གཟོད་སྔོན་དང་ཅུང་ཙམ་མི་འདྲ་བའི་གདོང་ལ་གསོན་ཉམས་ཉུང་ཙམ་ཐོན།

དུས་དེ་ནས་བཟུང་སྟེ། ཀུན་བཟང་དུས་རྒྱུན་དགོན་པར་སོང་ནས་ཁོ་མོ་ལ་བསྔོ་རྟེན་བཞག་ཅིང་། སྡེ་བ་འདི་ལག་མཐིལ་ནང་གི་རི་མོ་ལྟར་བལྟ་ཆོག་སའི་དགོན་པའི་མཆོད་རྟེན་ཆ་བརྒྱད་ཀྱི་རྩར་བསྡད་ནས་ཐུར་དུ་བལྟས།

བྱ་ཞིག་གི་གཤོག་པ་ལྟར་ཆགས་པའི་སྡེ་བ་འདི་ནི་ཚེ་རིང་སྐྱིད་ལག་ཆགས་སའི་ས་ཆ་ཡིན། ས་ཆ་འདིའི་ཞིང་བར་ནས་ཚེ་རིང་སྐྱིད་དགོད་མྱོང་ཡོད་ལ། ས་ཆ་འདིའི་ཐང་དཀྱིལ་དང་རི་ལུང་དག་ནས་ཚེ་རིང་སྐྱིད་སློབ་གྲྭ་ལ་ཡར་མར་འགྲོ་མྱོང་ཡོད།

མཆོད་རྟེན་ཆ་བརྒྱད་ཀྱི་རྩ་ནས་སྡེ་བ་འདི་ལ་བལྟ་བ་ནི། ཚེ་རིང་སྐྱིད་ཀྱི་མི་ཚེ་ལ་ལྟ་བ་ནང་བཞིན་འདས་དོན་དང་བདེ་ཚོར་གྱིས་གང་། དེའི་ཕྱིར། ཀུན་བཟང་དུས་རྒྱུན་དགོན་པར་སོང་ནས་མཆོད་རྟེན་ཆ་བརྒྱད་ཀྱི་རྩར་བསྡད་དེ། སྡེ་བ་འདིའི་གྲག་འགུལ་ཡོད་ཚད་ལ་ལྟ་བ་དང་ཉན་པ་ནི་རིམ་བཞིན་རང་གི་དུ་བ་དང་ཆང་གི་ཚབ་ཐུབ་པའི་གཤིས་ཀ་ཞིག་ཏུ་གྱུར་ཅིང་། ཁོམ་སྐབས་རེ་ཡོད་དུས། ཀུན་བཟང་གིས་ཕྲེང་བ་ཞིག་ལག་པར་བཟུང་ནས་མཆོད་རྟེན་ཆ་བརྒྱད་ཀྱི་རྩར་བསྡད་ནས་བསམ་གཞིག་བྱེད་པར་སྤྲོ།།

བཞི།

ཀུན་བཟང་ཚེ་རིང་སྐྱིད་ཚང་ལ་ཐོག་མར་འགྲོ་དུས། ཁོས་ཅི་ཞིག་ལ་ཁ་གཡར་ནས་འགྲོ་དགོས་པ་མ་ཤེས་པས། ལམ་བར་ནས་ཐེངས་འགའ་ལ་ཕྱིར་ལོག་རྩིས་བྱས། ཡིན་ནའང་། ཁོའི་སེམས་གཏིང་གི་གནས་གང་ཞིག་ནས་ངེས་པར་དུ་འགྲོ་དགོས་པའི་ཚོར་བའམ་བཀའ་སྐུལ་ཞིག་ལུས་པོ་ཡོངས་སུ་ཁྱབ་པས། ཁོ་རང་ཐེ་ཚོམ་གྱིས་ཕྱིར་བཀྱེད་དང་ཁྲེལ་བག་ལྡན་པའི་ངང་གིས་མདུན་དུ་བགྲོད་དེ་སོང་།

ཚེ་རིང་སྐྱིད་ཚང་གི་ཁང་པ་གྱང་གིས་བཟོས་པ་ཞིག་རེད། སྒོ་རའི་ནང་ནས་ཡར་ལ་འཛུལ་དུས། ཁང་ཀླད་ཀྱི་གྲུ་ག་འགའ་རེ་ཆུ་ཡིས་བཤིགས་ཏེ་ཁ་ཤོ་བྱས་འདུག་ཅིང་། སྒོ་ཆེན་ཕྱོགས་སུ་བཅར་བའི་གྱང་ངོས་སུ་གས་ཁ་ཆེན་པོ་ཞིག་ཤོར་འདུག གྱང་ངོས་ལ་བསྐུས་པའི་ཚོན་རྩི་དཀར་བོ་དེ་ཆར་བས་བཀྲུས་ཏེ་གཤར་མོ་དང་གཤར་མོ་བྱས་ཏེ་མིག་ལ་མི་མཛེས་པ་ཞིག་ཆགས་འདུག་ཅིང་། ཁང་པའི་སྒོ་ཤིང་གི་ཚོན་མདོག་སྔ་མོ་ནས་ཡལ་ཞིང་སྒོ་གླེགས་ཀྱི་གང་སར་གས་ཆག་ཤོར་ཏེ། ཁང་པའི་ཕྱི་ནང་གི་གནས་ཚུལ་ལ་གས་ཆག་དེ་ཚོའི་བར་གསེང་ནས་བལྟས་ན་གསལ་བོར་མཐོང་ཐུབ། ཀུན་བཟང་གིས་དེ་དག་མཐོང་བ་ན། སེམས་ལ་བརྗོད་མི་ཤེས་པའི་ན་ཟུག་ཅིག་ཐོན་ཞིང་སྣ་ལམ་གྱི་དབང་རྩར་སྐྱུར་ལམ་ལམ་གྱི་ཚོར་བ་ཞིག་ཐོན་ནས་ནང་དུ་རྡིབ་པའི་མིག་ཀོང་མཆི་མས་བརླན་ལ་ཉེ།

ཁོས་ཁང་པ་འདི་མཐོང་མྱོང་ཡོད། རེད། ཁོས་དྲན་བྱུང་། ཁོས་ཚེ་རིང་སྐྱིད་སྡེ་བ་འདི་ནས་ལ་བཙལ་ལུང་བཙལ་བྱེད་དུས། ཁང་པ་འདི་ཁང་སྟོང་ཡིན་པས་ཁོས་འདྲི་རྒྱུ་མ་རག་པ་མིན་ནམ།

ཁོ་རང་ཚེ་རིང་སྐྱིད་ཚང་ལ་ཐོན་པ་དེས་བུད་མེད་ལྐུགས་པ་དེ་དང་ཨ་ཕྱི་གཉིས་དགའ་སྤྲོས་ཁེངས་ཏེ་ཁོ་ལ་སྣེ་ལེན་བྱས། ཁོས་ཇ་འཐུང་ཞོར་ཁྱིམ་ལ་ཡར་མར་བལྟས། ཁྱིམ་གྱི་སྒེའུ་ཁུང་ལ་འགྱིག་ཤོག་ཅིག་འཛེར་ནས་བཀབ་ཡོད་པས་ཁྱིམ་ལ་འོད་ཐིགས་གཉོམ་པོ་ཞིག་ལས་འཕྲོས་མི་ཐུབ། ཐབ་ཀ་འཇིམ་པས་བཟོས་ཤིང་ཁྱིམ་ངོས་ཡོད་ཚད་དྲེག་ནག་གིས་གང་། ཐབ་ཆས་འཇོག་སའི་ཤིང་སྟེགས་ཤིག་གི་ཐོག་ན་ཕོར་བ་འགའ་དང་ཇ་དེམ་གཅིག་གཉིས་ཤིག་གོ་རིམ་མེད་པར་བསྒྲིགས་འདུག ཐབ་ཚང་གི་གཡས་ཕྱོགས་སུ་མལ་ཁྲི་ཞིག་ཡོད་ཅིང་དེའི་ཐོག་ཏུ་གོས་རྙིང་བ་དང་ཐེད་ཧྲུལ་ཅན་མང་པོ་སྤུངས་འདུག

ཀུན་བཟང་གིས་དེ་ལྟར་ལྟ་བཞིན་ལྟ་བཞིན་སེམས་པ་མི་སྐྱིད་པར་གྱུར། ཁྱིམ་ཚང་འདི་ལ་ཐ་ན་ཐབ་ཆས་ཆ་ཚང་བ་ཞིག་ཀྱང་མི་འདུག

དེ་ནས་ཀུན་བཟང་ཡར་ལངས་ནས་ཚེ་རིང་སྐྱིད་ཀྱི་ཁང་པར་བལྟ་རུ་སོང་། ཚེ་རིང་སྐྱིད་ཀྱི་ཁང་ཤག་ནི་ཁང་པ་དེའི་ཆེས་སྣེ་ཕྱོགས་སུ་བཅར་ཡོད་ཅིང་། ཁང་པའི་ནང་ན་སྒེའུ་ཁུང་མེད་པས་ནང་དུ་འགྲོ་དུས་གློག་མ་བསྒྲོན་ན་ཅིའང་མཐོང་མི་ཐུབ། ཁོས་ཁང་པའི་ནང་དུ་ཡར་མར་བལྟས་པ་ན། ཁང་པ་དེའི་གྱང་ངོས་སུ་ཚེ་རིང་སྐྱིད་ཀྱིས་སློབ་གྲྭ་ནས་ཐོབ་པའི་གཟེངས་རྟགས་མང་པོ་སྦྱར་འདུག་པ་ལས། ཚེ་རིང་སྐྱིད་ཀྱི་ཅ་ལག་ཉུང་ཙམ་ཡང་མཐོང་རྒྱུ་མེད། ཡང་ན་ཡོད་ཀྱང་ཁོས་ངོས་མ་ཟིན།

ཡིན་ནའང་། ཁོའི་ཚོར་བ་ཞིག་ལ། ཁང་པ་འདིའི་ནང་དུ་ཚེ་རིང་སྐྱིད་དང་འབྲེལ་བའི་སྤྲོ་སྐྱིད་ཀྱི་ཚོར་བ་ཞིག་གང་སར་ཁྱབ་ནས་འདུག་པས། ཁོ་རང་ཡུད་ཙམ་ལ་གནས་གཅིག་ཏུ་འགྲེང་ཞིང་མི་ཡུལ་འདི་རུ་ཁོ་གཅིག་པུས་ཁང་རྙིང་དེ་ནས་རྙེད་ཐུབ་པའི་གཟུགས་མེད་ཀྱི་བདེ་ཚོར་དེ་ལ་རོལ་མྱངས་བྱས།

ཀུན་བཟང་ཕྱིར་ལོག་པའི་ལམ་བར་ནས་ངལ་དུབ་དང་སེམས་སྡུག་འདྲ་མིན་སྣ་ཚོགས་ཀྱིས་སྡོད་དུ་མ་བཅུག གལ་ཏེ་ཚེ་རིང་སྐྱིད་ལོ་བཅུའི་ཡར་སྔོན་ལ་ཤི་མེད་ན། ཁྱིམ་ཚང་འདི་འདི་ལྟ་བུའི་ཐབས་རྡུགས་ཤིག་ཏུ་འགྱུར་མི་སྲིད། སྡེ་མི་ཚོས་བཤད་པ་ལྟར་ན། ཚེ་རིང་སྐྱིད་ཀྱི་ཨ་ཕ་ཆུང་དུས་ནས་ཤི་ཞིང་ཁྱིམ་དུ་བྱིས་པ་མོ་གཅིག་མ་གཏོགས་མེད། ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་ཡང་ཨ་མ་དང་ཨ་ཕྱི་གཉིས་ཀྱིས་མོ་སློབ་གྲྭར་འགྲོ་རུ་བཅུག

ཡིན་ནའང་། ལོ་བཅུའི་ཡར་སྔོན་གྱི་གློ་བུར་གྱི་དོན་རྐྱེན་དེ་བྱུང་རྗེས། ཚེ་རིང་སྐྱིད་ཀྱི་ཨ་མ་སེམས་སྡུག་གིས་མནར་ཞིང་ནད་ཀྱིས་བཟུང་ནས་མཐར་འོན་ལྐུགས་སུ་གྱུར་བས། མོ་དང་ལོ་ཟླས་ཉིན་བཞིན་གཟད་ཀྱིན་པའི་ཨ་ཕྱི་གཉིས་ཀྱིས་སྐྱིད་སྡུག་འདྲེས་མའི་མི་ཚེ་འདིའི་ཁུག་མཚམས་མང་པོ་ཞིག་མཉམ་སྐྱེལ་བྱས་ཀྱང་། ཁྱིམ་གྱི་ཆ་རྐྱེན་ཉིན་རེ་བཞིན་རྒུད་དེ། ད་ལྟ་ཁོ་གཉིས་ལ་ཐ་ན་གོས་གྲ་དག་ཅིག་ཀྱང་གྱོན་རྒྱུ་མེད་པར་གྱུར།

ཀུན་བཟང་གིས་ཨ་ཕྱིའི་གདོང་གི་འཛུམ་མདངས་སྲབ་མོ་དེ་མཐོང་ལ། ཨ་ཕྱིའི་མིག་རྡོའི་རྒྱབ་ལོག་ཏུ་སྦས་བའི་སེམས་ཁུར་ཡང་མཐོང་། ཀུན་བཟང་གིས་ཚེ་རིང་སྐྱིད་ཀྱི་ཨ་མའི་ངོ་གདོང་ལས་མཆེད་པའི་སྐྱོ་འཛུམ་འདྲེས་མའི་ངལ་དུབ་དེ་མཐོང་བྱུང་ལ། ཁོ་མོའི་ངལ་དུབ་རྒྱབ་ཀྱི་ཚེ་རིང་སྐྱིད་ཀྱི་བྱིས་དུས་དང་ཚེ་རིང་སྐྱིད་ཀྱི་མི་ཚེ་ཡང་གསལ་བོར་མཐོང་།

ཨ་ཕྱིས་འདར་སིག་སིག་གི་ལག་པས་ཀུན་བཟང་སྔུན་གྱི་དཀར་ཡོལ་ནང་དུ་ཇ་བསུ་བའི་རྣམ་པ་དང་། ཁོ་གཉིས་ཀྱི་གདོང་དུ་ཆགས་པའི་ཚི་དྲེག་གི་ཐོག་ནས་ཐུར་དུ་རྔུལ་ཆུ་ཟག་པའི་རྗེས་ཤུལ་ཕྲ་མོ་རེ་རེ་འཛུམ་མདངས་དང་མཉམ་པོར་འདར་འགུལ་བྱེད་པའི་རྣམ་པ། ད་རུང་ཐེད་ཧྲུལ་གྱིས་ཟིན་པའི་ལྭ་བའི་འདབ་ཁ་རུ་འདམ་བག་དང་ལྕི་དྲེག་གིས་ཤན་ནས་སྐམ་སྒོག་སྒོག་ཏུ་གྱུར་ཡང་།གོམས་གཤིས་ཤིག་གིས་སྣ་ཆུ་དང་སྣབས་སོགས་དེའི་ཐོག་ཏུ་ཕྱི་བཞིན་པའི་གཟུགས་བརྙན། དེ་མིན་ཆ་ཡ་མི་མཚུངས་བའི་རྐང་ཤུབས་ནང་དུ་ནང་དོར་གྱི་སྣེ་མོ་བརྫངས་ཤིང་ལྷམ་གྱི་ཟུར་དག་ཟད་དེ་ཧ་ལམ་རྐང་པ་ཡང་མཐོང་ཐུབ་རུང་། དེ་ལ་དོ་སྣང་ཙམ་ཡང་མི་བྱེད་པར་འཛུམ་དམུལ་དམུལ་གྱིས་ཁོའི་ཕྱོགས་སུ་སྐད་ཆ་བཤད་པའི་རྣམ་པ་དག་སེམས་སུ་ཤར་དུས། ཁོའི་ཚོར་བའི་ཕུང་བོ་ལ་གློག་འབྲུག་ཐོག་གསུམ་གྱིས་འཇབ་རྒོལ་བྱས་པ་བཞིན། འཇགས་པར་སྡོད་པའི་རྩ་ལམ་རེ་རེ་ལ་ཟུག་གཟེར་ཐོན་ནས་ཡིད་ཀྱི་འཇིག་རྟེན་གྱི་དྲག་རླུང་ཡོད་ཚད་ཕྱི་རུ་ཤོར་ཏེ། ལུས་ཀྱི་ཚོར་བ་རེ་རེ་འུ་ཐུག་གིས་བཟུང་ཞིང་ཟུག་གཟེར་གྱིས་ཁྱབ།

ཁོས་ཚེ་རིང་སྐྱིད་ཚང་ལ་རོགས་ཤིག་བྱས་ན་འདོད་ཀྱང་། བསམ་བློ་ཞིབ་ཏུ་གཏོང་དུས། ཁོས་ཁོ་མོ་གཉིས་ཀྱི་དཀའ་ཁག་ཆེ་བའི་འཚོ་བ་ལ་ཕན་ཐོགས་ཆེ་བའི་རོགས་སྐྱོར་ཅི་ཞིག་བྱེད་ནུས་སམ། ཁོས་རང་ཉིད་རྒྱུ་ཆེན་ཞིག་ཡིན་ན་ཁོ་མོ་གཉིས་ཀྱི་འཚོ་བར་སུས་ཀྱང་དྲན་དཀའ་བའི་རོགས་གདན་ཞིག་བརྒྱབ་ན་ཆོག་མོད། དོན་དངོས་ཁོ་ནི་ཡུལ་ཚོ་ཞིག་ན་ཟླ་ཕོགས་ཉུང་ཙམ་ལས་མེད་པའི་དགེ་རྒན་སྤྱིར་བཏང་བ་ཞིག་ཡིན།

གང་ལྟར། ཁོས་ཁོ་མོ་གཉིས་ལ་ཇི་ལྟར་རོགས་བྱེད་དགོས་པའི་ཐད་ནས་མུ་མཐུད་དུ་བསམ་བློ་བཏང་། གལ་ཏེ་ཁོས་རང་གི་ནུས་ཚོད་དང་བསྟུན་པའི་རོགས་ཙམ་ཡང་ཚེ་རིང་སྐྱིད་ཚང་ལ་བྱེད་མ་ཐུབ་ཚེ། ཁོའི་བློ་ངོར་ཁོ་རང་ཚེ་རིང་སྐྱིད་ལ་དགའ་ཟེར་བ་ནི་དུས་ཚོད་ཀྱི་ཁ་གསུབ་ཙམ་དང་སུན་སྣང་གི་གློ་སྒོ་ཕྱེ་མ་འདོད་པ་ཙམ་གྱིས་ཡིན་སྲིད་པ་ལས། སེམས་ཀྱི་དྭངས་གཙང་ཆགས་པའི་དུང་བའི་ཡུལ་ཁམས་དེར། བློ་སེམས་རྣམ་དག་གི་མི་རྐྱང་བས་རྙེད་ཐུབ་པའི་རྣམ་ཤེས་ཀྱི་གཏན་ས་ཡངས་པོ་ཞིག་བཙལ་ཞིང་རྙེག་གིན་ཡོད་པའི་ཆེད་དུ་ག་ལ་ཡིན།

དེའི་ཕྱིར། ཉིན་ཞིག ཀུན་བཟང་གིས་བློ་ཐག་བཅད་ཅིང་རྫོང་དུ་སོང་ནས་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་ཅ་ལག་ཙག་ཙིག་གང་ཉོས་ཏེ་ཕྱིར་སྡེ་བ་འདིར་སླེབས། ཁོས་རླངས་འཁོར་དེ་ཐད་ཀར་ཚེ་རིང་སྐྱིད་ཚང་གི་སྒོ་རྩར་འགྲོ་རུ་བཅུག ཀུན་བཟང་གི་བྱ་སྤྱོད་འདི་ལ། གཞན་ལྟ་ཅི། ཐ་ན་ཁྱིམ་མི་གཉིས་ལས་མེད་པའི་ཚེ་རིང་སྐྱིད་ཀྱི་ཨ་མ་དང་ཨ་ཕྱི་ཡང་མགོ་བོ་འཐོམ།ཁོས་ཅ་ལག་དེ་དག་རེ་རེ་བཞིན་ཁྱིམ་ནང་གི་མིག་ལ་བདེ་སའི་གྲུ་ག་སོ་སོར་བཞག གློག་བརྙན་གསར་བ་དེ་ཐབ་ཚང་གི་སྒྱེད་པུའི་ཀླད་ཕྱོགས་སུ་བཞག ཇ་དཀྲུག་ཆས་དེ་ཕོར་བ་འགའ་འཇོག་སའི་ཤིང་སྟེགས་ཐོག་ཏུ་བཞག་ཅིང་དེ་དང་མཉམ་པོར་ཕོར་བ་གསར་བ་ཉི་ཤུ་ལྷག་བསྒྲིགས། ད་དུང་དེ་མིན་གྱི་ཁྱིམ་ལ་མཁོ་བའི་ཅ་ལག་ཙག་ཙིག་ཐམས་ཅད་གནས་སོ་སོར་བཞག་རྗེས། ཁོའི་སེམས་ད་གཟོད་ལྷོད་ལ་ཅུང་ཙམ་བབས་ནས་ཕྱིར་སློབ་གྲྭར་ལོག

མི་ཚང་མས་རིམ་བཞིན་ཀུན་བཟང་གི་བྱ་སྤྱོད་ལ་འཕྱ་སྨོད་མི་བྱེད་པར་དང་ལེན་བྱས། ངོ་གཏན་ནས་འཕྲད་མ་མྱོང་བའི་འདས་མོ་ཞིག་གི་དོན་དུ་འདི་ལྟར་བརྩེ་བ་འཆང་བ་ནི་ཚང་མས་ཐོག་དང་པོར་མཐོང་བ་ཡིན། འཇིག་རྟེན་འདི་ནས། ལུས་ཀྱི་འབྲེལ་བ་མེད་པའི་བརྩེ་དུང་ནི་ཆེས་དྭངས་ཤིང་རྟག་བརྟན་དེ་ཡིན་པར་ངེས། འོན་ཀྱང་།ཀུན་བཟང་གི་སེམས་སུ་ཚེ་རིང་སྐྱིད་ཚང་ལ་ད་རུང་ལས་ཀ་གང་ཞིག་ལྷག་འདུག་པའི་སེམས་ཚོར་བྱུང་། ཁོ་ནམ་རྒྱུན་ཚེ་རིང་སྐྱིད་ཚང་ལ་འགྲོ་དུས། ཁོ་མོ་ཚང་གི་ཞིག་རལ་དུ་འགྱུར་གྱིན་ཡོད་པའི་གྱང་ཁང་དེ་མཐོང་དུས། ཁོ་ལ་སེམས་དཀའ་བའི་ཚོར་བ་སྐྱེས་ཤིང་ཚེ་རིང་སྐྱིད་ལ་འོས་མིན་གྱི་བྱ་བ་ཞིག་སྒྲུབ་ཀྱིན་པ་ལྟ་བུའི་སེམས་ངལ་བྱུང་།

དེ་བས་ཁོས་རང་གི་ཟླ་ཕོགས་དངུལ་བྱང་སྤྱད་དེ་དངུལ་ཁང་ནས་བུ་ལོན་ཁྲི་བཅུ་བླངས་ཤིང་ཚེ་རིང་སྐྱིད་ཚང་གི་ཁང་པ་ཡང་བསྐྱར་ལས་རྒྱུའི་འཆར་གཞི་བཞག ཁོས་སྡེ་བའི་ཤིང་བཙོང་མཁན་ཞིག་གི་ས་ནས་ཤིང་ཉོས་རྗེས། སྡེ་བའི་སྐད་གྲགས་ཅུང་ཙམ་ཡོད་པའི་ཤིང་བཟོ་འགའ་མངགས། དེ་ནས་ཉིན་བཟང་སྐར་བཟང་ཞིག་བདམས་ནས་རྩིག་པ་བརྒྱབ། དེ་ནས་ཡང་རྩིག་པའི་ནང་ལ་བང་ཁང་བརྒྱབ། དེ་ལྟར་ལོ་ཕྱེད་ཙམ་འགོར་རྗེས། ཁང་པ་ཆུང་ཡང་སྤུས་དག་ཅིག་གཞི་ནས་གྲུབ། ཀུན་བཟང་གིས་ཁང་པ་གྲུབ་རྗེས་ཀྱི་ཉིན་ཞིག ཚེ་རིང་སྐྱིད་ཚང་ནས་ཁང་སྟོན་ཆུང་ཆུང་ཞིག་སྤེལ་ཞིང་གཙོ་བོ་ཉེ་རིང་ཚང་མ་གདན་འདྲེན་བྱས།

དེ་ཚོ་ཡོད་ཚད་གྲུབ་རྗེས། ཀུན་བཟང་དགོན་པའི་འགྲམ་གྱི་མཆོད་རྟེན་ཆ་བརྒྱད་ཀྱི་རྩར་བསྡད་དེ་སྡེ་བ་འདི་ལ་ཡུན་རིང་ཞིག་ཏུ་བལྟས། ཁོས་ཚེ་རིང་སྐྱིད་ཚང་གི་ཁང་པའི་དོན་དུ་བརྒྱུགས་བརྒྱུགས་ནས་ལོ་ཕྱེད་ཙམ་ལ་གནས་འདི་ནས་སྡེ་བ་འདིའི་གྲག་འགུལ་ལ་བལྟ་མ་ཐུབ་པས། སེམས་ལ་ཚེ་རིང་སྐྱིད་དང་ཁ་བརྡ་མ་བྱས་པ་ལྟར་ཁེར་རྐྱང་གི་ཚོར་བ་ཞིག་མཚམས་དང་མཚམས་སུ་སྐྱེས།

ཉིན་དེར་ཁོ་ལྷོད་ཆགས་ཀྱིས་བསྡད་དེ། ཚེ་རིང་སྐྱིད་ལ་ལྟ་བ་ནང་བཞིན་སྡེ་བ་འདིའི་ཡོད་ཚད་ལ་བལྟས།

ས་ཞིང་ནང་ན་ལོ་ཏོག་གི་མགོ་ལྕོག་རླུང་གིས་ཕར་ཚུར་བསྒུལ་ཞིང་། ཐག་རིང་ནས་བལྟས་ན། རྒྱ་མཚོའི་རླབས་བཞིན་ཕར་ཚུར་སྐྱོམ། རི་ངོས་ན་སུ་རུ་དང་ལྕང་མ་འགའ་རེར་མེ་ཏོག་བཞད་དེ་རི་ངོས་ཡོངས་ཁྲ་ཆི་ལེར་མངོན། ཁོས་སྡེ་བ་འདིའི་རི་ཆུ་ལ་དེ་ལྟར་བལྟས་ཤིང་། ཁོ་སྡེ་བ་འདིའི་རི་ཆུ་ལ་དེ་ལྟར་དགའ་བར་གྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1