སྲིད་ཁམས་ཀྱི་རྟོག་པ།
རྫ་སྐྱེས་ཕུར་བ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སྣང་ཁམས་བདེན་པའི་གཟུགས་ཀྱི་དེང་གི་གླུ།།
བླངས་ཀྱང་མ་བླངས་ང་ཡི་མགྲིན་པ་སྟེ།།
དུས་སུ་འོང་བའི་ཉེ་བར་སེམས་ཀྱི་སྒྲ།།
གླུ་རུ་མ་བྱས་མངོན་སུམ་བཞིན་དུ་གྲག།
ཚབ་མེད་དུས་ཀྱིས་རབ་གདུང་ཁྱོད་ཀྱི་ལུས།།
མཐོང་ནས་ང་ཡི་སྨྲེང་བ་ཆེན་པོ་ཡིས།།
ལན་གཅིག་ཙམ་མིན་འོ་ཞིག་བྱ་མོས་ཏེ།།
མངོན་ལྐོག་སྦྲེལ་བའི་ཐ་གུ་རིང་མོ་དེས།
ཁྱོད་རང་མི་མཐོང་རྒྱང་དུ་སྤྱུགས་ནས་ཐལ།།
ལན་རེར་ལྟོས་བཅས་ལག་པ་གཡུག་ཙམ་གྱིས།།
སྣང་སྲིད་གཉིས་པོ་དར་གོས་བཞིན་དུ་གཤགས།།
ཁྱོད་རང་བྲེལ་བ་འཚུབ་པོའི་ཁ་སང་གི།།
དར་ལྕེ་རེ་རེ་འཇུས་པ་ཨ་མཚར་མ།།
སྨུག་པའི་ཡོལ་བ་ཆེན་པོ་སྟོང་ཕྲག་གིས།།
ཁྱོད་ཀྱི་ངག་ལ་ཚོན་རྩི་བྱུགས་དྲན་ཏེ།།
མཐའ་ཡས་བློས་བསླངས་ཁྲོད་ཀྱི་ལུས་ཕུང་འདི།།
མདང་ནུབ་རྨི་ལམ་ནང་གི་ཕ་བོང་བཞིན།།
བརྗོད་དུ་མེད་ཀྱང་ཟིན་དུ་ག་ལ་མོད།།
རར་བཞིན་གཅིག་རེ་ནམ་རྒྱུན་ཚུར་ལ་འོང་།།
ཤོམ་གཟུགས་སྒྱུ་མའི་གར་གྱི་ལྷ་མོ་ཁོང་།།
མངོན་སྟངས་འདི་གར་གཡུགས་རྗེས་ཅི་ལྟར་མངོན།།
བེམ་ཤེས་རླུང་དང་འདུས་པའི་རྣམ་རྟོག་གི།
མིག་ལ་དྭངས་མར་གཡོ་བའི་ལྟད་མོ་སྟེ།།
ཁྱོད་ཀྱི་སྲིད་ཁམས་ལག་པས་དབྱི་འདོད་ནས།།
དབང་པོ་ལྔ་ཡི་ལག་ཕྱིས་ཅི་ཙམ་སྤྱོད།།
གཟུགས་དང་སྒྲ་དང་འཕྲད་པ་མངོན་སུམ་ཡུལ།།
དཀར་དམར་མདངས་ཀྱིས་སྒེག་པའི་དཔལ་དག་སྟོན།།
སྐྱེ་མཆེད་རེ་རེའི་ཁ་བ་ཞི་གྱུར་ན།།
དཔལ་དང་བཅས་པའི་དེ་དག་གང་དུ་སོང་།།
སྙིགས་ཟོམ་དབྱི་བའི་ངལ་བ་རེ་ཞིག་སྟེ།།
འཐད་དང་མི་འཐད་དོན་མེད་ལས་བྱ་ཙམ།།
སྒྲོལ་མའི་གདོང་ཚུགས་ཤེལ་བུམ་དྭངས་གཙང་ཉིད།།
ལོ་མང་ང་ཡི་བག་ཆགས་ཁམས་སུ་གྲུབ།།
ད་ནི་ཁོ་མོ་དུས་ཀྱི་རླུང་རླབས་ཀྱི།།
མི་མངོན་ཆར་ལྭ་གྱོན་ནས་གང་དུ་སོང་།།
ཅི་ལ་ཨ་མཚར་མཚར་གྱི་ལྟད་མོ་དེར།།
ཞེན་ལོག་མེད་པའི་ཕྱིར་བལྟས་སློག་དགོས་བྱུང་།།
འདུ་འབྲལ་ཨ་ལོང་ཆད་པའི་སྟེགས་བུ་དེར།།
མི་རྣམས་གདུངས་ཤིང་ཞེད་ཀྱིན་ལན་མང་བུད།།
མཐའ་དོན་ཆོས་དབྱིངས་ཆེན་པོའི་མེ་ལོང་ངོར།།
ཧ་ཞིག་བཏབ་ནས་འགྲིག་ཚོད་བྱས་ཏེ་འགྲོ།།
ཨ་མཚར་རྣ་བས་ཟམ་མི་ཆད་པའི་སྒྲ།།
ཉན་ཞིང་ལོབས་ཏེ་བརྡ་རེ་འཕྲོད་པ་མཚར།།
སྐྱེ་མཆེད་ཁོ་རང་སུ་ཡི་གྲིབ་མ་སྟེ།།
སྙིགས་བཟོས་འདི་དག་སུ་ཡི་མེ་ལོང་སྟེ།།
དཔྱད་མེད་རེ་འཇགས་གླུ་ཡིས་སྐུལ་བྱོས་དང་།།
ཁྱོད་ཀྱི་འཆི་བའི་འོད་གསལ་དཔག་ཏུ་མེད།།
ཆར་སྒྲ་འཇགས་རྗེས།
གཙང་ཁང་ཕ་རིའི་ཟླ་འོད་གསལ་ཙམ་རྗེས།།
ལོ་མང་བརྙིད་པའི་རྩྭ་ལྡུམ་དེ་དག་མཐོང་།།
ང་ནི་མཚན་མོ་དེ་ཡི་ཕྱི་རིམ་གྱི།།
སུས་ཀྱང་མི་མཐོང་ཆར་སྒྲའི་ཁྲོད་དུ་ཡིབ།།
ཆར་སྒྲ་འཇགས་རྗེས་དོན་དག་བརྗེད་པར་ངེས།།
ལྭ་དཀར་གྱོན་མཁན་ཁོང་ཡང་བརྗེད་པར་ངེས།།
ང་ནི་སྔར་བཞིན་གནས་དེར་བསྡད་མེད་དེ།།
སྨྲེང་བའི་ལག་པ་གཞན་གྱི་གྲིབ་མར་གཏད།།
གཞོན་དུས་མཛེས་པའི་སྐྱེ་མཆེད་གྲོག་སྦུར་བཞིན།།
ཆ་མེད་རེ་རེར་བརྫུས་པ་གནོང་བའི་ལས།།
ང་ནི་འགུལ་མེད་ཤིང་དུམ་གང་ཞིག་སྟེ།།
རླུང་གིས་ཟོས་ཤིང་ཆར་གྱིས་འདག་པར་ངེས།།
ཆར་སྒྲ་འཇགས་རྗེས་དོན་དག་བརྗེད་པར་ངེས།།
ལྭ་དཀར་གྱོན་མཁན་ཁོང་ཡང་བརྗེད་པར་ངེས།།
བརྩེ་བྲིས།
བསྟན་འཛིན་དཔལ་གཡང་གི་མཛེས་སྡུག་སྐུ་ལུས།།
གཡུ་ཡི་ཐགས་སྐུད་ཀྱིས་དྲུབ་པ་འདྲ་ཡི།།
ཤར་རིའི་ཟླ་འོད་ནས་མངོན་སུམ་མཇལ་བ།།
ལྕང་ལོ་གཡུག་གཡུག་གི་ཁོང་ཚོ་མ་རེད།།
ནུབ་སྒོའི་རབ་གསལ་ལ་བགས་ཀྱིས་ཐོན་ཏེ།།
ལག་པས་ཟིན་མེད་ཀྱི་འཇའ་ཚོན་རླུང་བུས།།
གཡོ་བཞིན་རྡེབ་བཞིན་གྱིས་ཕར་ལ་བསུས་སོང་།།
འཛུམ་པའི་ཁྲ་ཆུང་གི་སྦྲང་བུང་བསུས་སོང་།།
བསྟན་འཛིན་སྐྱོ་གར་གྱི་ཐུ་སྣེ་ལུས་སོང་།།
ང་ཡི་ཏིང་འཛིན་གྱི་ནམ་མཁའ་ཁྱེར་སོང་།།
ང་ཡི་ཏིང་འཛིན་གྱི་བྱ་ཕོ་དཀྲོག་སོང་།།