ནུབ་དར་མཚན་ཉིད་རིག་པའི་ཟིན་བྲིས་ཐོས་པ་དགའ་སྐྱེ།
ཡ་མ་རྒྱལ་མཚན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཕྱི་རོལ་འཇིག་རྟེན་ཆུ་རྡུལ་འདུས་ཏེ་གྲུབ།།
སེམས་ཅན་རྣམ་ཤེས་དེ་ཡི་ཁོངས་སུ་སྦྲུམ།།
མྭེས་ནིས་ཏོ་ཡི་གྲུབ་མཐའི་སྲོལ་འབྱེད་པ།།
ནུབ་དར་མཚན་ཉིད་སྨྲ་བའི་ཕ་ཡབ་བཀུར།།
ཕྱི་དངོས་ཐོག་མར་སྐྱེས་པའི་འདུས་རྒྱུ་དང་།།
དེ་ཉིད་མཐའ་མར་འཇིག་པའི་འགག་རྐྱེན་ཏེ།།
སྣང་སྲིད་འཇིག་རྟེན་སྐྱེ་འགག་མ་ངེས་པའི།།
གང་གི་རྗེས་འབྲང་མན་ཏིའི་འདོད་ཚུལ་ལོ།།
ཕྱི་རོལ་འཇིག་རྟེན་ཆེན་པོའི་གཟུགས་རྣམ་དང་།།
རྟོགས་དཀའི་ལྐོག་གྱུར་རྣམ་ཤེས་ཕྲ་མོ་གཉིས།།
རླངས་པ་འདུས་བྲལ་གྱུར་པའི་ཆོས་ཉིད་ལས།།
བྱུང་བར་འདོད་པ་ཁིན་ཤིས་མཱིས་ནིའི་ལུགས།།
ཇི་སྙེད་དངོས་པོ་ཐམས་ཅད་གྲངས་ལས་བྱུང་།།
གྲངས་ལས་མ་བྱུང་དངོས་པོ་ལྷ་ཡིས་བསྒྲུབས།།
ཡོད་དགུ་གྲངས་སུ་བརྟེན་པའི་མཚན་ཉིད་འདི།།
ཀིལ་སི་གྲུབ་མཐའི་གཞུང་ལུགས་ཡིན་པར་ཐལ།།
གཅིག་ལས་ཀུན་འབྱུང་ཀུན་ནི་གཅིག་ལ་བརྟེན།།
ལྷ་ནི་གཅིག་ཉིད་གཅིག་ལས་ཐམས་ཅད་འབྱུང་།།
གཅིག་ཀྱང་མི་བརྟན་གཡང་གཟར་རྦབ་ཆུ་འདྲ།།
སྐྱེས་འགག་མེ་རྡུལ་བསྒྲུབས་པ་ཁིལ་ཐིའི་ལུགས།།
ཡོད་ཡོད་གཉིས་བརྟེན་མ་ཡོད་མི་སྲིད་ཅིང་།།
ཡོད་གཅིག་མེད་གཉིས་ཡོད་པ་རིགས་པས་གྲུབ།།
གཅིག་ལས་ཀུན་འབྱུང་ཀུན་ལ་རྣམ་དབྱེ་བྲལ།།
བེམ་ཤེས་འབྲེལ་འབྱུང་སྒྲུབ་པ་ནིས་ཏིའི་སྲོལ།།
ཇི་སྙེད་གཟུང་ཡུལ་ཐམས་ཅད་སེམས་ཚོར་ཡིན།།
ཤེས་ཡོན་མ་ལུས་སེམས་ཚོར་ཉིད་ལས་འབྱུང་།།
གང་ཟག་ཁོ་ནས་འགྲིག་མིན་ཡང་དག་འཇལ།།
གཞན་ཀུན་མ་ཡིན་འདི་ནི་ཀིར་ལིའི་ལུགས།།
གདོད་མར་རང་རྨོངས་ཡིན་པ་རྟོགས་བྱས་ཏེ།།
བསམ་སྤྱོད་མཛེས་པའི་རྒྱས་གྱིས་སྤྲས་གྱུར་ན།།
འཆི་བ་གཏན་འཇིག་མ་ཡིན་ཡུལ་གཞན་འཕོས།།
ར་ཐིས་ལུགས་འདི་ནུབ་ཕྱོགས་ལྷག་པར་དར།།
དབང་པོས་ཤེས་པའི་དངོས་རྣམ་འཆར་སྣང་དང་།།
ཕུགས་ཀྱི་མཚན་ཉིད་རྟོགས་པ་ཤེས་རབ་ཡིན།།
བྱ་དངོས་ཀུན་ལ་ཡག་བཙོག་བདེན་རྫུན་ཕྱེ།།
མཚན་ཉིད་གཙོ་བོར་བཀུར་མཁན་ཕོ་ལ་ཐྲོ།།
ཤེས་རབ་དོན་གཉེར་བྱེད་པ་མི་ཡི་གཤིས།།
རང་ཉིད་བཤེས་གཉེན་དད་པ་མི་ཆོས་ཏེ།།
བདེན་དོན་དེ་ལས་བཀུར་བ་ཁོ་བོའི་ངག།
གཟུགས་འདས་སྨྲ་བའི་ཁྱུ་མཆོག་ཏོ་ཏི་རྒྱལ།།