ང་རང་ཕ་ཡུལ་གྱི་པང་དུ་ལོག་ངེས།

ཁྲི་སེམས་དཔའ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


མུན་རུབ་སོང་ནའང་། 

ངས་ཞོགས་པ་ཞིག་ཤར་རྒྱུ་ཡོད་པ་བརྗེད་མི་སྲིད། 

མཚན་ལམ་རིང་མོ་རླུང་གིས་ཤིག་ཤིག་བསྒུལ་ཡང་།

སེམས་ཀྱི་གངས་རི་སྔར་བཞིན་རྒྱང་རིང་དུ་ཀྲོང་ངེར་འགྱིང་།

རྨི་ལམ་གྱི་ཁ་འཚུབ་གང་དུ་ཕྱེས་ཀྱང་ཕྱེས།

སྐར་ཚོགས་ཁྲ་ཆིལ་དགུ་ཆིལ་ཞིག

ངའི་སྨོན་འདུན་གྱི་མཁའ་རུ་འཚེར་ཡོད།

མུན་པའི་ཁ་གཏད་དུ། 

ཁེར་རྐྱང་གི་གདུང་བས་ཡང་ཡང་སྒེའུ་ཁུང་བརྡུངས་ཀྱང་། 

རླུང་ནང་གི་གྲིབ་གཟུགས་དེ་དག་ང་ལ་འབྲེལ་བ་ཡེ་ནས་མེད།

ངའི་ནང་སེམས་ཀྱི་སྐྱེད་མོས་ཚལ་དུ།

གཡུ་སྦྲང་གཞོན་ནུའི་སེམས་གཏམ་མེ་ཏོག་གི་མདངས་སུ་བཞད།

ང་ལ་དབྱར་ཁ་རྫོགས་ཟིན་མ་ཟེར།

དུས་ཚིགས་བཞི་བོ་ང་ལ་མཚོན་ན།

མཐོ་སྒང་གི་ཨ་སྔོན་བཞིན་དྭངས་ཤིང་གཙང་།

འུར་ཟིང་གི་ས་གཞི་འདི།  

ཞོགས་པ་གྲངས་མེད་ཀྱི་ནལ་བུ་ཡིན།

ཚེར་མའི་གསེང་ནས་རྙེད་པའི་ལག་ཕྱིས་གློ་སྐྱ་དེ་རླུང་ལ་བསྐུར་རོགས།

ལམ་ཟེར་བ་ཡོད་ཚད་ཀྱིས་སྤང་ལྗོངས་དེད་ནས་རི་ཀླུང་འགྲིམ་སོང་།

མནོལ་གྲིབ་ཕོག་པའི་ཆུ་ཕྲན་ཀྱ་ཀྱུ།

མཚན་མོའི་འོབས་སུ་བཞུར་ནས་ལོ་ཟླའི་སྨྲེང་བ་དབྱངས་ལ་གྱེར།

ང་མཚན་མོའི་ཁོང་དུ་བསྡད་དེ། 

རྨི་ལམ་གྱི་ས་བོན་སྤར་མོ་གང་བོ་འདི་སང་ཞོགས་ཀྱི་མངལ་དུ་གཏོར།

མཆོད་མེ་རྐོང་བུ་གང་གི་གཟི་མདངས་ནི།

ངས་མཚན་མོར་ཕུལ་བའི་མཆོད་པ་ཡིན།

ནམ་གྱི་ཕྱེད་ཀ་རྫོགས་དུས། 

ལམ་གྱི་སྣེ་མོ་ཡོད་ཚད་ཕྱོགས་བཞིར་བརྐྱངས་ཀྱང་། 

ངས་བརྗིད་ཆགས་ཀྱི་གངས་རི་བསྙེགས་ནས།

མ་ཡུམ་གྱི་འཛུམས་མདངས་བསྒོམས་ནས།

ཕ་ཡུལ་གྱི་པང་དུ་ལོག་ངེས། 

 

༡ དེ་དུས་ཉི་འོད་ཤིན་ཏུ་འཁྱག

                 

ཟླ་བཅུ་གཅིག་གི་རླུང་བུ་རྩུབ་མོས།

ངའི་སེམས་ཁ་ནས་རི་སྐྱེས་མེ་ཏོག་ཚོམ་བུ་ཞིག་ཧྲག་སེ་ཁུར་སོང་།

དུས་ཚིགས་འདིའི་སེར་ཤ་བབས་པའི་ལོ་མ་དག

མདའ་དང་མདུང་དང་གྲི་དང་འདྲ་ཨང་།

ང་དང་མཛེས་པའི་ཕྱིར་དྲན་མཐའ་དག་དུམ་སེ་བཅད་དེ།

ཉི་འོད་འཁྱག་པོ་དང་སྣང་བ་སྐྱོ་མོ་ང་ལ་བསྐྱུར།

 

ཟླ་བ་བཅུ་གཅིག་པས་ངའི་སེམས་པ་སྟོང་སྟོང་བར་བཏང་།

ཤིན་ཏུ་སྐྱོ་དུས་ཤིག་ལ་རོལ་མོ་ཡང་རྣ་ལ་གཟན།

སེམས་པ་འདི་ཚེར་གསེང་དུ་འཚང་བའི་ཆུ་ཤོག་བཞིན།

རླུང་ཁར་སྡུག་གླུ་ཤུར་ཤུར་གྱེར།

 

ཟླ་བ་བཅུ་གཅིག་ནི་སེམས་ཁར་འཕྲེད་ཀྱིས་ཉལ་བའི།

འཁྱག་དར་ལེབ་མོ་ཞིག

གྲང་འདར་ལན་མང་གི་རྗེས་སུ།

ངའི་རྣམ་ཤེས་འཁོབ་ཏུ་འཇུག

ངའི་ཕྱིར་དྲན་གྱི་མེ་ཏོག་ཕྱིད་དུ་འཇུག

 

ཟླ་བ་བཅུ་གཅིག་པར་སེམས་ལ་ཁ་བ་བབས།

ཕྱིར་འོང་མེད་པའི་ལམ་དེ་རུ།

རི་སྒང་གིས་སེམས་སྐྱོ་བའི་འདུན་ལྭ་གྱོན་ནས།

ང་ལ་མྱ་ངན་ཞུ།

རླུང་གིས་རྒྱ་ལྕང་གི་ལོ་འདབས་བསྒུལ་ནས།

ས་གཞིའི་དྲན་པ་བསླངས།

……

 

རྒྱང་རིང་དུ་འཐེན་པའི་རྐང་རྗེས།

བརྩེ་དུང་གི་ངུ་འབོད་ཐེངས་གཅིག་ཡིན།

 

 

༢ ནམ་མ་གསལ་གོང་དུ།

མག་མོག་གི་སེམས་པས།

ནམ་མཁའ་ཡང་མག་མོག་ཏུ་བསྒྱུར་སོང་།

ཁོར་ཡུག་གི་ལྷིང་འཇགས་ནི།

སྙིང་ལ་བསྐྱིལ་བའི་ན་ཟུག་གི་བྲག་ཅ་སྟེ།

མུན་པའི་སྔ་རོལ་ལམ།

ཡང་ན་ནམ་མ་གསལ་གོང་དུ།

སུ་ཞིག་གངས་ལམ་བསྙེགས་ནས་ཆས་སོང་།

 

ཞེ་སྡང་གི་རྭ་བར་དུ་མཆོད་རྟེན་བཞེངས་མཁན།

འོད་ཀྱི་ལུས་ལ།

ནོར་བུ་མེ་འབར་སྤྲས་མཁན།

ལས་སྐལ་གྱི་ལྷ་མོས།

མུན་པའི་ཁོང་དུ་སྡོང་རས་ཡང་ཡང་བཙུགས་ཀྱང་།

རླུང་ཁ་རུ་འཁྱུག་ཙམ་འཁྱུག་ཙམ་གྱི་མར་མེ་མཚན་འབར་དེ།

ནམ་མ་གསལ་གོང་དུ་སྨག་ལ་ལྕེབས།

 

བུ་མོ། བུ་མོ།

ཞོགས་པའི་སྔོན་ལ་སྐྱོད་མཁན་དེ་ང་ཡིན།

རླུང་ནང་དུ།

མགྲིན་པ་བརྣངས་ནས་ངག་མི་འཁྲོལ་བ་དེ་ཡང་ང་ཡིན།

མུན་ནག་བསད་རྗེས།

སེམས་ངལ་བསད་རྗེས།

ངས་བློས་བསླངས་ཡོད་ཚད་ལ།

སྒེའུ་ཁུང་བརྟོལ་ནས།

ཉི་འོད་བསུ་བར་སྟ་གོན་བྱས།

 

ནམ་མ་གསལ་གོང་དུ།

སེམས་པ་འཁྲིགས་པའི་རྦ་རླབས།

དྲག་ཏུ་གཡོས།

 

༣ ང་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་བསྐྱལ་རོགས།

     

ཆུ་དྭངས་མོ་ལྷུང་ལྷུང་བཞུར་ཞིང་།

རྩྭ་རྩི་ཤིང་ཐགས་སུ་བཀྲ་བ།

རི་དྭགས་ཚོགས་ཀྱིས་བྲོ་འཁྲབ་ཅིང་།

འདབ་ཆགས་ཁྱུ་ཡིས་གཞས་གཏོང་བ།

 

མིའི་རིགས་ཀྱི་རྐང་རྗེས་མ་དཔར་ཞིང་།

རྫས་དུད་ཀྱི་ཁ་རླངས་མ་ཕོག་པ།

གཏེར་ཁ་དང་རྡོ་སྣུམ་མེད་ཅིང་།

དམག་འཁྲུག་དང་ཁ་མཆུ་དབེན་པ།

……

 

ངས་དེ་ལྟ་བུའི་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ།

ཤིང་ཁང་ཆུང་ངུ་ཞིག་བཞེངས་ཏེ།

སྒོ་དང་སྒེའུ་ཁུང་ཉི་འོད་ལ་གཏད་དེ།

མིག་གི་མཐོང་ས་ཞིག་ཏུ།

མ་རྨོས་ལོ་ཏོག་བྲེ་གང་དང་།

ནས་འབྲུ་ནག་པོ་སྒྱོ་གང་བཏབ་སྟེ།

ད་དུང་སྤྱང་ཀི་ཞིག་ལ་གྲོགས་བསྒྲིགས་ཤིང་།

ཝ་མོ་ཞིག་ལ་གཉེན་བསྡེབས་ནས།

ངས་རང་གི་སྒྲུང་གཏམ་རྩོམ་ཞིང་།

ངས་རང་གི་སྙན་ངག་འབྲི་རྒྱུ།

 

༤ གཞིས་ཀ་རྩེའི་མགྱོགས་བྲིས།

 

དབྱར་ཁ་ལ་སྐྱོ་ཉམས་ཅུང་ཟད་མངོན་ཞིང་།

རྒྱང་རིང་གི་རི་ཚོགས་འཛུམ་མདངས་མེད་པར།

ནས་འབྲུའི་སྙེ་རླབས་ལ་གཡེང་།

མཁའ་དབུགས་ཁྲོད་མཚམས་མེད་པར་འཕུར་བའི་ཉི་འོད་ཀྱིས།

གསེར་ཏོག་དང་རྒྱ་ཕིབས་ལ་མཆུ་སྦྱོར་ཡང་ཡང་བྱེད།

 

འདི་ནི་གཞིས་ཀ་རྩེ་ཡིན།

སྐྱེས་ཆེན་བཞུད་སོང་།

འཇའ་ཚོན་ཡལ་ཤུལ་གྱི་མཁའ་དབྱིངས་སུ།

ཁ་བཏགས་དཀར་པོ་གྲངས་མེད་ཕར་སྐྱོད་ཚུར་སྐྱོད།

སྣང་བ་ཞིག་ལ། གང་དུ་བལྟས་ཀྱང་།

མྱ་ངན་གྱི་གདུང་བས་ད་དུང་ཡང་ས་གཞི་ལྗིད་ཏིག་གེར་མནན་འདུག

 

གཞིས་ཀ་རྩེ། འདི་ནི་རི་ཚོགས་ཀྱིས་བསྐོར་བའི་གྲོང་རྡལ་ཞིག

རྣང་ཞིང་གི་དབུས་སུ། རྡོ་ཁང་མང་པོ་ལོ་ཏོག་དང་ལྷན་ཅིག་ཉི་འོད་ལ་རོལ།

རྒྱ་ལྕང་སྟུག་པོར་འཁྲུངས་པའི་རྩེ་མོར།

བྱེའུ་མང་པོ་ཕར་འཕུར་ཚུར་འཕུར།

གཞིས་ཀ་ཆེན་པོ་དེ་ཚོ།

སྐུ་དྲག་གི་རྨི་ལམ་བཞིན་སྐྱ་ཐིང་ཐིང་།

གཞིས་ཀ་རྩེ་རུ་ལོ་རྒྱུས་ནི་ཉི་ནུབ་ཀྱི་འཁྲེང་ཞེན་དང་འདྲའོ།།

             

༥ ཕྱི་དྲོའི་སྣང་བ།

 

ཉི་འོད་གསེག་འཕྲོ་ཞིག་སྒེའུ་ཁུང་གི་ངོས་སུ་རྒྱུ།

སེམས་པ་འཁྱག་པོ་ཞིག་དེའི་རྗེས་སུ་ཤོར།

ཕྱི་དང་ནང་གི་ཁྱད་པར་འདི།

སྣང་བ་ཙམ་གྱིས་རྟོགས་པར་མི་སྲིད་དེ།

མྱོང་བ་རྣལ་མས་སེམས་པ་བསྐོར་ཏེ།

ཚིག་འབྲུ་དག་ནུས་མེད་དུ་བསྒྱུར་སོང་།

 

རྒྱང་ལྟ་ཞིག་བྱས་ན།

ཐག་ཉེ་ཡི་ཡོད་ཚད་གྲིབ་མས་བསྒྲིབས་ཏེ།

མཐོང་ལམ་དུ་མངོན་པ་ནི་ཁེར་རྐྱང་གི་ནམ་མཁའ་སྔོ་བསངས་ཤིག

ཕྱི་དྲོ་ནི་སྡོང་མགོའི་བྱིའུ་དང་འདྲ་ཨང་།

ཉི་འོད་གྱི་ཟེར་མ་བསྡུས་ཙམ་གྱིས།

མུན་པ་ཁོ་ན་ཚེར་མ་བཞིན་གཟེངས་འོངས་ངེས།

དེ་དུས་བྱིའུ་འཕུར་ཤུལ་གྱི་སྡོང་བོ་སྐྱོ་ལྷང་ལྷང་།

 

ཕྱི་དྲོ་འདིར་རྒྱ་ཡན་དུ་ཤོར་བའི་རླུང་འཚུབ་ཅིག

ངའི་ཕྱོགས་སུ་ལྡང་འོང་གིན་འདུག

སེམས་ཀྱི་སྨུག་སྤྲིན་གཏོར་ན་སྙམ་ཡང་།

གདུང་བའི་མདུད་པར་དགྲོལ་རྒྱུ་མི་འདུག

རླུང་འཚུབ། རླུང་འཚུབ།

ཁྱོད་ཀྱིས་ས་རྡུལ་མ་གཙུབ།

 

ཕྱི་དྲོའི་མཚམས་སུ།

སྣང་བ་ཟ་ཟི་འདི།

ང་གཅིག་པུར་དབང་།

ཡང་ན་ཁྱེད་ལ་ཡང་དབང་ངེས།

གང་ལྟར་སྣང་བ་འདི་ཐེངས་ཤིག་གྱེར་རྗེས།

སྙན་ངག་ཡིན་མིན་ང་ལ་འབྲེལ་བ་མེད།

༦ ངས་ཉི་འོད་བོར་ནས་ཡུན་རིང་འགོར།

 

ཉི་འོད་ཀྱིས་སྒེའུ་ཁུང་བརྟོལ་བའི་སྒྲ་ཟ་ཟིས།

མཚན་གཅིག་གི་མུན་པ་དཀྲོགས་སོང་།

རི་སྒང་གི་རྩེ་མོར།

དངུལ་དཀར་གྱི་རྣ་ཆ་བཏགས་འདུག

ཁོར་ཡུག་གི་ལྗོན་ཤིང་ཚོགས། 

མགོ་ལྕོག་ལྡེམ་ལྡེམ།

བྱ་བྱིའི་རྣམས།

ཅ་ཅུར་ཅ་ཅུར།

ཉི་འོད་ལ་ཅེར་ནས།

ཚོད་ཚོད་ལ་དགའ་རྒྱུ་ཞིག་བྱུང་།

ཚོད་ཚོད་ལ་སྨྲེང་རྒྱུ་ཞིག་བྱུང་།

 

                     


རྩོམ་ཡིག་སྔོན་མ།
རི་རྐྱང་ཤ་བ་ཡུ་མོ།
རྩོམ་ཡིག་རྗེས་མ།
ལོ་ཟླའི་གྲིབ་གཟུགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1