ལོ་ཟླའི་གྲིབ་གཟུགས།
སྤྱང་རྒྱལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
༡ ལྐུགས་པ།
ལྐུགས་པ་ལ་སྨྲ་བ་མེད།
ངུ་ངག་མེད། དགོད་སྒྲའང་མེད།
ས་སྲོད་ཀྱིས་ཡོལ་བ་འཐེན་རྗེས།
ཁོས་དྲོད་མེད་པའི་ཐབ་ཀ་རུ་མེ་ཁ་གསོས།
གྱང་ངོས་ཀྱི་མེ་ལོང་ནང་དུ་ཁོ་རང་ཧ་ཅང་རིད།
ཁོའི་ཁང་མིག་ཏུ་སུན་སྣང་གི་ན་བུན་འཐིབས་ཡོད།
ཁོ་ནམ་རྒྱུན་གཉིད་དུ་ཡུར་ཡོད་ལ།
དེ་ནི་ཁོས་རྨི་ལམ་ཁོ་ན་ལས་སྨྲ་བ་འཁྲོལ་མ་ཐུབ་པས་ཅི་ལ་མིན།
༢ ནམ་མཁའ་ལ་ལྟ་བ།
ཁོ་རང་སྐྱ་ཐག་པའི་སྒོ་ནས་ནམ་མཁའ་ལ་ལྟ་བར་དགའ་བ་དེ།
ནམ་མཁའ་རུ་ཅི་ཞིག་ཡོད་པས་ཡིན་ནམ།
ཡང་ན་ནམ་མཁའ་ན་ཅི་ཞིག་འཚོལ་གྱིན་ཡོད་པ་ཡིན།
མ་རེད། གང་ཡང་མ་རེད།
དེ་ནི་གདུང་བས་སྨྲེང་གླུ་ཡོད་ཚད་དབྱངས་སུ་གྱེར་སྟངས་ཤིག་རེད།
དེ་ནི་སྐྱོ་བས་མིག་ཆུ་མཐའ་དག་ས་འོག་ཏུ་སྦས་ཐབས་ཤིག་རེད།
དེ་ནི་ངལ་བས་ལོ་ཟླ་རེ་རེ་རླུང་ལ་སྤུར་ལུགས་ཤིག་རེད།
༣ ནད་པ།
ནད་པ་ལ་དགའ་སྡུག་ཤིན་ཏུ་མང་།
ལན་རེར་ཁ་མི་གྲག་ལ་ལན་རེར་ཟས་མི་ཟ།
ཁོའང་དེ་བཞིན་ཡིན།
ཁོ་སྨན་པ་འཚོལ་དུ་ཐེངས་མང་ལ་ཕྱིན།
སྨན་པས་ཁོ་ལ་“ཆུ་ཁོལ་མང་དུ་ཐུངས་”ཞེས་པ་དང་།
ནད་མེད་ཚུལ་ཁོ་ན་ལས་ཅི་ཡང་མ་བཤད།
དོན་དུ་ཁོས་ཀྱང་རང་ཉིད་ལ་ནད་མེད་པ་གསལ་པོར་ཤེས་ཡོད།
༤ དུར་ས།
མྱ་ངན་གྱི་ཐང་ཆེན་དེ་ནས།
གྱེས་མི་བྲ་བའི་མིག་ཆུ་མང་པོ་ཞིག་ས་འོག་ཏུ་ཟགས།
ཀེང་རུས་དེ་ཚོས།
སུ་ཞིག་གིས་བརྗེད་པར་དོགས་ནས།
ཧོ་ཆལ་གྱིས་གནམ་ས་བཀང་།
ཁོས་སྒེའུ་ཁུང་ལས་ཡུད་ཙམ་བལྟས་རྗེས།
ཀེང་རུས་དེ་ཚོ་ལྟར་ངུ་ངག་གིས་ཡུལ་ཁམས་དཀྲུགས།