འཇིག་རྟེན་མི་ཡུལ་དུ་འཕོས་པའི་ང་ཡི་ཞབས་ཞུ་བ་།
རྒྱལ་མཚན་ནོར་བུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
འདི་ནས་དཔག་ཚད་ཁྲི་ཕྲག་གོམ་པ་ཡིས།།
ཡོངས་སུ་བརྒལ་ཏེ་ནེའུ་གསིང་གཡུ་ཡི་ངོས།།
པད་མའི་ཚལ་དུ་བུང་བས་གར་ལ་རྩེན།།
བརྩེ་ལྡན་ཆུ་སྐྱེས་མེ་ཏོག་འཛུམ་གྱིས་བཞད།།
ཁྱེད་ཉིད་དྲན་པའི་གདུང་བ་ཉིན་རྗེས་མཚན།།
དཔྲལ་བའི་མིག་གི་མཆི་མའི་གྲངས་ཀ་འདིས།།
དབྱར་གྱི་ཆར་ཐིགས་དཔག་ལ་འགྲན་བཟོད་ཅིང་།།
ཁྱེད་ཉིད་དྲན་པའི་ན་ཟུག་སུ་ཡིས་ཚོར།།
ཁྱེད་ཉིད་སྣང་བའི་དྲན་གདུང་ལྕི་མོ་ཞིག།
བསྲན་ཡང་རང་དབང་མ་བྱུང་ཁ་ནས་ཐལ།།
ལོ་ཟླའི་གཙང་བོ་བཞུར་བའི་ལྟེབས་ཁུགས་ནས།།
དྲན་ཚིག་ཁུ་བྱུག་གླུ་འདི་ཁྱེད་ལ་འབུལ།།
མདང་དགོང་ཉལ་བའི་རྨི་ལམ་འཇིག་རྟེན་དུ།།
ཞལ་རས་འཛུམ་གྱིས་ཁེངས་པའི་ཨ་མ་ཁྱེད།།
མཉམ་དུ་དགའ་སྤྲོའི་སྙིང་གཏམ་གླེང་བྱས་མོད།།
གཉིད་ལས་སད་ཚེ་ཨ་མའི་བརྩེ་མདངས་དྲན།།
སྣ་ཚོགས་ཕྲེང་བ་དགོད་པའི་ས་སྐྱེས་རྩེར།།
དཔྱིད་ཀྱི་དཔལ་མོས་གླུ་དབྱངས་སིམ་སིམ་གྱི།།
ཚིག་རྩུབ་དྲི་མས་མ་གོས་བརྩེ་ལྡན་མའི།།
ངག་འཇམ་ཚིག་གི་སྙན་པའི་བསླབ་བྱ་དྲན།།
འཇམ་པོའི་གོས་དང་ཞིམ་པོའི་ཟས་མཆོག་དག།
གཅེས་ཕྲུག་ཁྱོད་ལ་འོས་ཞེས་འཛུམ་གྱིས་སྨྲས།།
རང་ལ་ཟས་དང་གོས་ཀྱིས་མནར་བྱས་ཀྱང་།།
ཕངས་མེད་ངང་ནས་བདག་ལ་ཡང་ཡང་གནང་།།
ཉེན་ཁའི་གནས་སུ་ལྷུང་དུས་སྐྱོབ་ལ་བྲེལ།།
བཙོག་པའི་ལུས་ལ་ཞུགས་ཚེ་འཛེམ་མེད་ངང་།།
ལུས་ཀྱི་དྲི་མ་མཐའ་དག་གསལ་བར་འཁྲུད།།
རང་ལ་ཞེན་པ་དཀར་བའི་བརྩེ་ལྡན་མ།།
ཞོགས་པའི་སྐྱ་རེངས་གནམ་མཐར་མ་གསལ་གོང་།།
གཞན་དག་མི་རྣམས་མལ་ལས་མ་ལྡང་སྔོན།།
ཁྱིམ་མི་རྒན་གཞོན་ཡོངས་ཀྱི་ཁ་ཟས་སུ།།
དཀའ་ཚེགས་མྱངས་པའི་ཨ་མའི་དཀའ་སྤྱད་དྲན།།
དབྱར་གསུམ་སྤྲིན་གྱི་མེ་ཏོག་བཞད་པའི་ཁྲོད།།
ང་རང་ཁྱིམ་ཕུག་དྲོ་སྐྱིད་ལྡན་གྱུར་ཀྱང་།།
རྟ་ནོར་ལུག་གི་ལྷས་མཐའ་བསྐོར་བ་ཡི།།
ལྗིད་མོའི་སྡུག་བསྔལ་རེག་པའི་བྲན་མོ་ཞིག།
འབྲས་ལྡན་དུས་ཀྱི་མཐའ་ཡས་ཞིང་འདབས་སུ།།
སོ་ནམ་ལས་ལ་སྦྱོར་བའི་ངལ་དུབ་ཀྱིས།།
ལུས་སྟེང་རྔུལ་ཆུ་ཟགས་པའི་ཆར་རྒྱུན་དེས།།
དོ་ཤལ་འཛིན་པའི་ང་ཡི་ཞབས་ཞུ་བ།།