ཞིང་འབྲོག་མི་དམངས་ལ་དགའ་འོས་གུས་འོས།
ལྕང་ཞབས་པ་འགྱུར་མེད་ཚེ་དབང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ལུས་སྲོག་འཚོ་བའི་གཞི་དང་རྟེན་གྱུར་པའི།།
འབྲུ་རིགས་སྣ་ལྔས་བང་མཛོད་འགེང་བྱེད་པ།།
དུས་བཞི་སོ་ནམ་བྱེད་པའི་བཟོད་བསྲན་ཅན།།
ཞིང་པའི་སྐྱེ་བོ་དེ་དག་ངོ་མཚར་ཆེ།།
ཡངས་པའི་ས་ཁྱོན་སྲུང་སྐྱོང་བྱེད་པ་དང་།།
རྟ་ནོར་ལུག་གི་འཕེལ་ཁ་དར་བྱེད་པ།།
མར་ཆུར་འོ་སོགས་དཀར་གྱིས་འབེལ་པོར་བྱས།།
འབྲོག་པའི་སྐྱེ་བོ་དེ་དག་ངོ་མཚར་ཆེ།།
ཁ་ཉུང་ཁོག་ཤེས་གཉོམ་ཆུང་རིགས་གྱུར་པ།།
འཚོ་བའི་ལག་ཤེས་ཁོང་དུ་ཆུབ་ན་ཡང་།།
ང་རྒྱལ་མགོ་འཕང་གནམ་ལ་མི་གཟེངས་པའི།།
ཞིང་འབྲོག་མི་དམངས་དེ་དག་ངོ་མཚར་ཆེ།།
གྲུབ་མཐའི་ཕྱོགས་རིས་མི་ཤེས་མི་གཞི་དྲང་།།
ལྟ་གྲུབ་རྩོད་པའི་ཆགས་སྡང་ལྷག་མོ་མེད།།
ཁ་གསོ་རྒྱབ་འགེབ་བྱེད་པའི་དཔའ་བོ་ཆེ།།
ཞིང་འབྲོག་མི་སེར་དེ་དག་ངོ་མཚར་ཆེ།
ཞིང་འབྲོག་མི་སེར་དམའ་སར་བཞག་རྒྱུ་མེད།།
རྒས་ཕོ་རྒས་མོ་མཐོང་ཆུང་བྱེད་མི་རུང་།།
ཁ་ནང་བླུག་རྒྱུ་ཁོང་ཚོའི་དྲིན་ལས་བྱུང་།།
ང་འདྲ་སྟོང་གིས་ཁོང་ཚོར་དོ་ཟླ་མེད།།
རིག་གཞུང་སྐམ་པོ་ཅུང་ཙམ་ཁ་ལ་ཁྱེར།།
བཟའ་བཏུང་ཙམ་གྱི་གཡོས་སྦྱོར་མི་ཤེས་པར།།
ད་དུང་ཡིན་མདོག་བྱེད་ནས་མགོ་འཕང་བཏེགས།།
ང་འདྲ་སྟོང་གིས་ཁོང་ཚོར་དོ་ཟླ་མེད།།
ཕྱོགས་རིས་འཐེན་འཁྱེར་རང་སྟོབས་མི་མངའ་བ།།
ཐད་ཀར་འཚོ་ཆོས་སྒྲུབ་པའི་དྲང་བདེན་པ།།
ཕ་ས་ཕ་ཡུལ་བསྐྱང་བའི་སེམས་དཔའ་ཆེ།།
ང་འདྲ་སྟོང་གིས་ཁོང་ཚོར་དོ་ཟླ་མེད།།
ཀུན་བརྟགས་རིག་པའི་སྦུབས་སུ་མ་འཐིམ་པར།།
ལྷན་སྐྱེས་རིག་པའི་ཉམས་ཀྱིས་འཛུམ་དགོད་ཅན།།
སྡུག་བསྔལ་ཐུག་དུས་ཁུར་བཟོད་རི་འདྲ་བ།།
ང་འདྲ་སྟོང་གིས་ཁོང་ཚོར་དོ་ཟླ་མེད།།
དགུན་ཀའི་གྲང་ངར་རྒྱ་སྟག་ཁྲ་བོ་དང་།།
དབྱར་གྱི་ཐོག་སེར་དོམ་བུ་ངར་མ་སོགས།།
དུས་བཞིའི་འཇིགས་རུང་གང་དང་འཕྲོད་ན་ཡང་།།
གདོང་ལེན་པ་དེ་ཞིང་འབྲོག་མི་སེར་ཡིན།།
ཞིང་འབྲོག་མི་སེར་ཟེར་ནས་བརྙས་རྒྱུ་མེད།།
ངལ་རྩོལ་ལས་ལ་ངང་པ་མཚོ་འཇུག་འདྲ།།
སྲོག་གི་འཚོ་རྟེན་ཁོང་ཚོའི་དྲིན་ལས་བྱུང་།།
ཁ་མཁས་ཙམ་གྱིས་ཁོང་ཚོའི་དོ་ཟླ་མིན།།
ཉིན་རེ་བཞིན་དུ་ལས་མེད་མི་སྡོད་ཅིང་།།
རང་ནུས་བསྟུན་པའི་ལས་ལ་ཞུགས་ན་ཡང་།།
འར་འུར་ཟར་ཟུར་སྒྲ་ཆེན་མི་སྒྲོག་ཅིང་།།
དྲིལ་བསྒྲགས་མི་བྱེད་སྦས་པའི་རྣལ་འབྱོར་འདྲ།།
ས་གཞི་ལྟ་བུའི་ཞིང་པ་མི་དམངས་དང་།།
རི་བོ་ལྟ་བུའི་འབྲོག་པའི་མི་སེར་གྱིས།།
ཞིང་འབྲོག་རིག་གནས་རྒྱུན་གྱིས་བསྐྱང་བ་འདི།།
རིག་གནས་ཕལ་གྱིས་དོ་ཟླ་ག་ན་ཡོད།།
ཟས་དང་གོས་སོགས་འཚོ་བའི་རིག་གནས་དང།།
ཁ་དང་ཕོ་བ་ཐད་ཀར་སྦྲེལ་ནས་ཡོད།།
རིག་གནས་འདི་ཉིད་ཉམས་རྒུད་ཕྱིན་གྱུར་ན།།
ལུས་དང་སྲོག་ཀྱང་རྨང་ནས་འཇིག་པར་འགྱུར།།
དམངས་ཁྲོད་རིག་གནས་སྲོལ་རྒྱུན་རིག་གནས་ཡིན།།
དམངས་ཁྲོད་རིག་གནས་འཚོ་ཆོས་རིག་གནས་ཡིན།།
དམངས་ཁྲོད་རིག་གནས་རིགས་ཀྱི་སྲོག་རྩ་ཡིན།།
དམངས་ཁྲོད་རིག་གནས་ཧ་ཅང་གལ་ཆེན་རེད།།
ཚན་རིག་ལག་རྩལ་ལས་ལ་བློ་མིག་ལྡོང་།།
ཁྱད་པར་ལག་བསྟར་བྱེད་ལ་ལག་རྡུམ་འདྲ།།
ཞིམ་ཟས་ཐེངས་གཅིག་བཟོ་བའི་ལག་རྩལ་མེད།།
རང་ཉིད་རང་ལ་ཁྲེལ་དགོད་ཤོར་ནས་ཡོད།།
ད་ནི་གཞི་རྩའི་བསམ་པ་བཟང་པོ་ཡི།།
གསེར་གྱི་ས་གཞིའི་ཞིང་ས་གཤིན་པོའི་ཐོག།
འཚོ་ཆོས་རིག་གནས་གང་འཚམས་ཡོད་པ་དང་།།
གུ་ཡངས་ངང་དུ་གནས་ན་རང་གཞན་བདེ།།