༄༅།། དེང་སང་གི་མཐོང་ཐོས་སྲོང་བོར་བརྗོད་པ་ས་སྐྱ་ལེགས་བཤད་མ།

རྣམ་རྒྱལ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-28



        དེ་ཡང་། ཇི་སྐད་དུ། “རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པའི། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །”ཞེས་བྱ་བ་ཡོངས་གྲགས་སུ་ས་སྐྱ་ལེགས་བཤད་ཅེས་པ་ས་པཎ་ཀུན་དགའ་རྒྱལ་མཚན(1182-1251)གྱིས་མཛད་པ་གང་ཞིག་ཇི་ལྟར་མཛད་པའི་ཚུལ་ནི། ཇི་སྐད་དུ། “འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཆོས་འདི་བསྟན། །”ཞེས་གསུངས་པ་ལྟར། འདིར་རིན་པོ་ཆེའི་གཏེར་དེ་ཉིད་ལས་ཆ་ཤས་ཤིག་བསགས་པ་དེང་སང་གི་འཇིག་རྟེན་གྱི་མཐོང་ཐོས་དང་སྦྱར་ཁུལ་གྱིས་ཞུ་བ་ལ། སྤྱིར། ཇི་སྐད་དུ། “སྨྲ་མང་ཉེས་པ་འཛིན་པའི་རྒྱུ། །མི་སྨྲ་ཉེས་པ་སྤོང་བའི་གཞི། །ནེ་ཙོ་སྨྲ་བས་གཟེབ་ཏུ་བཅུག །འདབ་ཆགས་ལྐུགས་པ་བདེ་བར་རྒྱུ། །”ཞེས་པ་ལྟར། བླུན་པོ་བདག་ལྟ་བུ་ནི་སྨྲ་བ་ཉུང་ན་བདེ་བ་ཤེས་ན་ཡང་། དེང་སང་གི་མཐོང་ཐོས་ཇི་སྙེད་ཅིག་ལས། མཐོང་ཐོས་ལ་ལ་ནི་རང་ཉིད་ཀྱི་ཡིད་ལ་ཤིན་ཏུ་བཟོད་དཀའ་བར་འདུག་པས་ན། ཀློག་པ་པོར་རེ་ཞིག་སྲོང་བོར་ཞུ་བ་ལས་གཏན་དུ་གསང་བར་བྱ་བའི་གནས་མིན་པའི་ཀུན་སློང་རྣམ་དག་གིས་འདིར་ཅུང་ཟད་ཅིག་བྲི་བར་བྱ་ཡི། ཇི་སྐད་དུ། “གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་བལྟ་ན་མེ་ལོང་དགོས། །”ཞེས་པའང་རང་སེམས་ན་ཅི་བས་ཀྱང་གསལ་ལྷང་ངེར་ཡོད་པས། གཟུར་གནས་བློ་དང་ལྡན་པའི་ཀློག་པ་པོ་རྣམ་པས་གང་ཟག་ལ་དག་སྣང་སྦྱོང་བ་དང་ཆོས་ལ་བརྟག་དཔྱད་གནང་བར་མཛོད་ཅེས་ཀྱང་ཞོར་ལ་ཞུའོ། །

གཤམ་དུ་ཡིད་ལ་བཟོད་པར་དཀའ་བའི་མཐོང་ཐོས་ལ་ལ་ཞིག་སྲོང་བོར་ཞུ་སྟེ།


གཅིག རྒན་པའི་བྱ་སྤྱོད་བརྟག་པ།
        ཁ་ནས་མ་ཎི་དང་སྐྱབས་འགྲོ་འདོན་པ་དང་ལག་ནས་འཁོར་ལོ་བསྐོར་བ། ཡིད་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་ལུས་ངག་ཡིད་གསུམ་གྱིས་ཕྱག་དང་མཆོད་པ་སྣ་ཚོགས་འབུལ་ན་ཡང་། ཆོས་དང་ཆོས་མིན་རྣམ་པར་ཕྱེ་ནས་དེ་ལྟར་ཉམས་ལེན་དུ་འདེབས་མི་ཤེས་པའམ་མི་འདེབས་པ། དེ་རིགས་ལ། ཇི་སྐད་དུ། “ཆོས་དང་ཆོས་མིན་སྨྲ་བ་ལ། །མཁས་པ་ཤིན་ཏུ་མང་ན་ཡང་། །དེ་ལྟར་ཤེས་ནས་ཉམས་ལེན་པ། །འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། །

གཉིས། གཞོན་ནུའི་བྱ་སྤྱོད་བརྟག་པ།
        གཞན་གྱི་རོགས་སྐྱོར་ལ་རེ་ཞིང་སྒུག་པ་ལས། རང་ཁ་རང་གསོའི་ལས་ལ་མི་འབད་པ། དེ་རིགས་ལ། ཇི་སྐད་དུ། “མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་སྡོད་བྱེའུ་སྐོམ་ན་ཡང་། །ས་ལ་འབབ་པའི་ཆུ་མི་འཐུང་། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། །


    གསུམ། གཞོན་ནུ་མའི་བྱ་སྤྱོད་བརྟག་པ།
         “ཉིན་བཟང་སྐར་བཟང་”ལྟ་བུར་གསེར་དངུལ་གཡུ་བྱུར་ལ་སོགས་གང་ཁུག་འདོགས་ཤིང་། རྒྱུན་དུ་ནུ་ཤུབས་ལ་སོགས་ཤ་སྦྱར་ནང་གོས་ཚི་སྣའི་རིགས་སྤུས་ཞན་གྱོན་པ། ཁ་སྒོ་སྐྱེ་འབྲས་ལ་དང་དོད་བྱེད་པ་ལས་རང་རྒྱུད་ལ་ཡོན་ཏན་འབྱོར་ཐབས་དེ་འདྲ་མི་བྱེད་པ། དེ་རིགས་ལ། ཇི་སྐད་དུ། “རིགས་གཟུགས་ལང་ཚོ་ལྡན་ན་ཡང་། །ཡོན་ཏན་མེད་ན་མཛེས་མ་ཡིན། །རྨ་བྱ་སྤུ་སྡུག་ཡིད་འོང་ཡང་། །ཆེན་པོའི་རྒྱན་དུ་འོས་སམ་ཅི། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། །

བཞི། བྱིས་པའི་བྱ་སྤྱོད་བརྟག་པ།
        བཟའ་བཏུང་རྫུན་མ་དང་རུལ་བ་ཅི་མི་སྙམ་པར་ལོངས་སུ་སྤྱོད་པ་དང་། གློག་གི་རྩེད་རིགས་སྣ་ཚོགས་ལ་བག་མེད་དུ་རོལ་ཞིང་། ལུས་སྦྱོང་མེད་པ། དེ་རིགས་ལ། ཇི་སྐད་དུ། “ཕུགས་སུ་བསྒྲུབ་པར་མི་ནུས་པའི། །བྱ་བ་ལེགས་ཀྱང་འཇུག་མི་རུང་། །ཁོང་པའི་ནང་དུ་མི་འཇུ་བའི། །ཁ་ཟས་ཞིམ་ཡང་སུ་ཞིག་ཟ། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། །

ལྔ། ཕོ་མོ་རྒན་གཞོན་བྱིས་པ་དང་བཅས་པའི་བྱ་སྤྱོད་མདོར་བསྡུས་ནས་བརྟག་པ།

1. རང་ཉིད་ཀྱི་ཕ་མེས་ཡང་མེས་དང་བུ་རབས་ཚ་རྒྱུད་ཀྱི་རྟེན་ས་ལ་ཤ་ཚ་བའི་ལས་མི་བྱེད་པར། དེ་ལས་ལྡོག་ཏེ། མངོན་སུམ་དང་ལྐོག་གྱུར་གྱི་གཏེར་ཁ་ཅི་ཡོད་ཕངས་མེད་དུ་འཚོང་བ། དེ་རིགས་ལ། ཇི་སྐད་དུ། “ངན་པ་རང་རྟེན་ཁྱད་པར་འཇོམས། །དམ་པ་གང་ལ་བརྟེན་པ་སྲུང་། །སྲིན་བུ་རང་རྟེན་ཟད་ཟད་ཟ། །སེང་གེ་རང་གི་ཡུལ་འཁོར་སྲུང་། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། །
2. བུ་དང་བུ་མོ་ཚོས་སོ་སོའི་ཕ་མ་རྒས་ཁོགས་ཆགས་ཙ་ན། དབང་པོ་སྐྱོན་ཅན་ལ་སྲི་ཞུ་སྒྲུབ་པ་ལྟར་དུ་བྱེད་པ་ནི་དེང་གི་ས་ཆ་ལ་ལར་བཟང་པོར་རྩི་ཞིང་། ཕ་མ་གང་ཞིག་ལོ་བདུན་བཅུ་ལྟ་བུར་བུད་ནས་ལས་ཀ་བྱེད་པ་ནི་དེང་གི་ས་ཆ་ལ་ལར་བགྲེས་སོང་ཡ་མཚན་དུ་རྩི་བའམ་ཡང་ན་དེའི་བུ་དང་བུ་མོར་འཁང་ར་བྱེད་པ། དེ་རིགས་ལ། ཇི་སྐད་དུ། “བླུན་པོ་སློབ་པ་ངོ་ཚར་འཛིན། །མཁས་རྣམས་མ་བསླབས་ངོ་ཚར་འཛིན། །དེས་ན་མཁས་རྣམས་རྒས་གྱུར་ཀྱང་། །ཕྱི་མའི་དོན་དུ་རིག་པ་སློབ། །”ཅེས་པའི་ལེགས་བཤད་འདི་འབུལ་ལོ། །
 3. ན་གཞོན་ཕོ་མོ་མང་པོས་ཆོས་རབ་རྣམ་འབྱེད་ཀྱི་རྣམ་དཔྱོད་རྩལ་དུ་མི་འདོན་ཞིང་རང་ཚུགས་མི་ཟིན་པ། དེ་རིགས་ལ། ཇི་སྐད་དུ། “ཕན་དང་མི་ཕན་མི་དཔྱོད་ཅིང་། །བློ་དང་ཐོས་པ་མི་བསྒྲུབ་པར། ། ལྟོ་འགྲངས་འབའ་ཞིག་དོན་གཉེར་བ། །སྤུ་མེད་པ་ཡི་ཕག་པ་ཡིན། །”ཞེས་པའི་ལེགས་བཤད་འདི་འབུལ་ལོ། ། 

4. མི་རིགས་ཀྱི་རེ་བ་རྒན་རྒོན་ལ་བཅངས་པ་ལས། ལོ་ཆུང་བུ་དང་བུ་མོར་དེ་འདྲ་མི་བཅངས་པར་མ་ཟད། དེ་ལས་ལྡོག་ཏེ་མ་འོངས་འཛམ་གླིང་གི་བདག་པོ་ལོ་ཆུང་བུ་དང་བུ་མོ་རྣམས་ཀྱིས་སེམས་མི་ཤེས་པར་ཚོང་རའི་བཟའ་བཏུང་རྫུན་མ་དང་རུལ་བ་འཛེམ་མེད་དུ་ཉོ་ཞིང་ཟ་བ་ལ་སོགས་མ་རིག་པའི་ལས་ལ་འཇུག་པ་མཐོང་བཞིན་དུ་མི་འགོག་པ། དེ་རིགས་ལ། ཇི་སྐད་དུ། “ཐ་མར་ཤིན་ཏུ་ཕན་པའི་གྲོས། །འཕྲལ་ལ་སྡུག་ཀྱང་མཁས་པས་བསྟེན། །རྒས་ཤིང་གདུངས་ན་ཡོན་ཏན་རྣམས། །བུ་གཅིག་པ་ལ་མཁས་རྣམས་སློབ། །”ཅེས་པའི་ལེགས་བཤད་འདི་འབུལ་ལོ། །
        སླད་མར། ཇི་སྐད་དུ། “སྔོན་ཡང་འདི་བཞིན་སྤྱད་རྣམས་འཕེལ། །ད་ལྟ་ན་ཡང་དེ་ལྟར་མཐོང་། །གཏན་ཚིགས་བཟང་པོ་འདི་ཡིས་ནི། །མ་འོངས་རྣམས་ཀྱང་ཕུན་ཚོགས་འཐོབ། །”ཅེས་ལུང་རིགས་དཔེ་དང་བཅས་པས་ལེགས་པར་བཤད་པའི་བསྟན་བཅོས་འདི་ཉིད་ཀྱི་རིན་ཐང་ཤེས་ཤིང་ཚད་མར་བཟུང་མཁན་སུ་དེས་ལེགས་པར་བཤད་པ་འདི་ཉིད་གང་ཐུབ་ཐུབ་ཀྱིས་ཉམས་ལེན་གནང་བ་ཡིན་ན། རང་གཞན་གཉིས་ལ་ཡུལ་དུས་གང་དུའང་ཕན་དང་བདེ་བ་ངེས་པར་འབྱུང་བར་ཐེ་ཚོམ་མེད་དོ། །
ཞེས་བྱང་ཁོག་རྨེ་རུ་བས་ཕ་ཡུལ་དུ་ཚ་ཐབ་དྲོན་པོ་དང་སྐུད་མེད་དྲ་བའི་མཐུན་རྐྱེན་གཅིག་ཅར་དུ་འཛོམས་པའི་དུས་བཟང་ཞིག་ལ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག་གུ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1